ཚེ་གཅིག་ཉམས་ལེན་ཆོས་སྤྱོད་གསལ་བའི་སྒྲོན་མེ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-26 16:01:49     རྩོམ་པ་པོ།   དཀོན་མཆོག་བསྟན་པའི་སྒྲོན་མེ།    ཀློག་ཐེངས།  

464389980373022149.jpg

                         ༄༅། །ཚེ་གཅིག་གི་ཉམས་ལེན་བྱ་ཚུལ་རྣམས་ཁྲིགས་ཆགས་སུ་བསྡེབས་པ་ཆོས་སྤྱོད་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །

                ན་མོ་གུ་རུ་མུ་ནི་ཨིནྡྲ་ཡ། མཐའ་ཡས་འགྲོ་འདི་ཇི་ལྟར་དྲངས་བྱ་ཞེས། །བསྐལ་པ་དུ་མར་རབ་དགོངས་ཕན་པའི་ལམ། །བརྩེ་བས་འདོམས་མཛད་ལྷ་མིའི་སྟོན་པ་མཆོག །ཤཱཀ་སེང་བརྒྱུད་པར་བཅས་ལ་སྤྱི་བོས་འདུད། །རྒྱལ་བསྟན་མིང་གི་ལྷག་མར་གྱུར་པ་ན། །རྒྱལ་བ་དགྱེས་པའི་ལམ་བཟང་མ་ལུས་པ། །རྒྱལ་བའི་དགོངས་པ་ཇི་བཞིན་གསལ་མཛད་པའི། །རྒྱལ་བ་གཉིས་པ་ཡབ་སྲས་གཙུག་ན་མཛེས། །གང་གི་ཐུགས་རྗེའི་ཟླ་ཟེར་གྱིས། །བདག་བློའི་ཀུ་མུད་ཁ་འབྱེད་པ། །ཡབ་རྗེ་འཇིགས་མེད་དབང་པོ་ཡིས། །འབྲལ་མེད་བྱང་ཆུབ་བར་དུ་སྐྱོངས། །གང་དག་ཐོས་པའི་བློ་མིག་རབ་གསལ་ཞིང༌། །ངེས་འབྱུང་བརྩོན་པའི་ལྕག་གི་བསྐུལ་མ་ཅན། །རྣམ་གྲོལ་དོན་གཉེར་སྐལ་བཟང་སྐྱེ་བོ་ཡིས། །ཆོས་སྤྱོད་བྱ་བའི་རིམ་པ་འདིར་བཤད་བྱ། །
            དེ་ཡང་སྐྱེ་དགུའི་ཕན་བདེའི་རྩ་བ་ནི་རྒྱལ་བའི་བསྟན་པ་ཉག་ཅིག་ཡིན་ཀྱང༌། ད་ལྟ་ཆེས་ཉག་ཕྲ་བར་གྱུར་ཏེ། གསུང་རབ་ཀྱི་དོན་ལ་ཚིག་སྤྱི་ཙམ་གྱི་གོ་བ་ཆགས་པའང་ཤིན་ཏུ་དཀོན་ལ། ཐོས་དོན་སྒྲུབ་ལ་གཞོལ་བ་ནི་ཉིན་མོའི་སྐར་མ་ལྟར་གྱུར་ཅིང༌། ཅུང་ཟད་སྒྲུབ་པ་ལ་འཇུག་པར་འདོད་པ་དག་ཀྱང་གདམས་པའི་གནད་ངོས་མ་ཟིན་པར་རང་གི་ནད་གདོན་ཞི་བ་དང་གཞན་གྱིས་ནུས་ལྡན་དུ་མཐོང་བ་ཙམ་ཞིག་གི་ཕྱིར་སྔགས་ཀྱི་གྲངས་གསོག་པ་ཙམ་ལ་ཉམས་ལེན་ཟབ་མོར་འཁྲུལ་ནས་ཤེས་རྒྱུད་ལ་ལྟ་བའི་གོ་ཡུལ་ཙམ་ཡང་མེད་པ་དང༌། ལ་ལ་ཡུལ་ཕྱོགས་མང་པོ་ཞིག་བསྐོར་བ་ལ་ཚེ་བློས་བཏང་བར་རློམ་པ་ལྟ་བུའི་དབང་གིས་མདོ་རྒྱུད་བསྟན་བཅོས་དང་མཐུན་པའི་ཉམས་ལེན་སྣ་གཅིག་ཀྱང་མེད་ལ། ཉེས་ལྟུང་གི་སྒོ་རེ་རེ་ཙམ་ཡང་མི་ཁེགས་པར་ཆོས་པའི་གཟུགས་ཀྱིས་ཆོས་མིན་ཁོ་ནའི་ངང་ལ་མི་ཚེ་འདའ་བ་མང་བར་སྣང་བས། བློ་གྲོས་དང་ལྡན་པ་རྣམས་ཀྱིས་དེ་ལྟ་བུའི་སྐྱོན་མཐའ་དག་རིང་དུ་དོར་ཏེ་ཚེ་གཅིག་གི་ཉམས་ལེན། ཉིན་ཞག་ཕྲུགས་གཅིག་ལ་བསྡུས་པ་འདི་ལྟར་ཉམས་སུ་བླང་བར་བྱའོ། །
             དེ་ཡང་གསང་སྔགས་ཟབ་མོའི་ཉམས་ལེན་སྐྱོང་བ་རྣམས་དང་པོར་བཞེངས་པའི་ཚེ་ཡང་ཞུ་བ་གླུས་བསྐུལ་ཏེ་ཆོས་སྐུ་བདེ་བ་ཆེན་པོའི་ངང་ལས་གཟུགས་སྐུར་བཞེངས་པ་སོགས་ཀྱི་རྣལ་འབྱོར་རང་གཞུང་ལས་འབྱུང་བ་ལྟར་བྱ་ལ། རྒྱུན་པར་ཡང་ནམ་གྱི་སུམ་ཆ་ལུས་པའི་ཚོད་ཙམ་ལ་བཞེངས་ཏེ། ཉལ་སྟབས་སུ་མི་གནས་པར་རིག་པ་ཧུར་བསྐྱེད་དེ་གཉིད་ལེགས་པར་དྭངས་སུ་བཅུག །ག་རེ་མདང་མ་ཤི་བར་ད་ནངས་ལང་རྒྱུ་བྱུང་བ་འདི་བླ་མ་ལྷའི་བཀའ་དྲིན་ཡིན། ད་སྤྱིར་མ་ཤི་ཚུན་དང་ཁྱད་པར་དེ་རིང་གི་ཉི་མ་འདི་ཆུད་ཟོས་སུ་མི་གཏོང་བར་བཅས་རང་གི་ཉེས་པས་མ་གོས་པའི་ངང་ནས་ཟབ་རྒྱས་ཀྱི་ཉམས་ལེན་ལ་འབད་དེ་དལ་འབྱོར་ཐོབ་པ་དོན་དང་ལྡན་པ་ཞིག་བྱ་དགོས་སྙམ་དུ་འཕེན་པ་གཏོང༌། ཨོཾ་སམྦྷ་ར་སམྦྷ་ར། བི་མ་ན་ས་ར་མཧཱ་ཛ་བ་ཧཱུཾ། ཨོཾ་སྨ་ར་སྨ་ར་བི་མ་ན་སྐ་ར་མཧཱ་ཛ་བ་ཧཱུཾ། ཞེས་པའི་འགྱུར་སྔགས་ལན་བདུན་བརྗོད། ཨོཾ་རུ་ཙི་ར་མ་ཎི་པྲ་ཝརྟ་ཡ་ཧཱུཾ། ཞེས་ཕྲེང་སྔགས་ལན་བདུན་བཟླས་ཏེ་ཕྲེང་བ་ལ་བཏབ། དེ་ནས་ངག་བྱིན་གྱིས་བརླབ་པ་ནི། རང་ཉིད་རྡོ་རྗེ་སེམས་དཔར་གྱུར། རང་གི་ལྕེའི་སྟེང་དུ་ཨཱཿལས་ཟླ་བའི་དཀྱིལ་འཁོར་ཉ་གང་བ། དེའི་དབུས་སུ་ཆུ་ལས་ཆུ་བུར་རྡོལ་བའི་ཚུལ་དུ་ཨོཾ་ཡིག་དཀར་པོ་ཞིག་ཐོལ་གྱིས་བྱུང༌། དེའི་མཐའ་སྐོར་དུ་མདུན་ནས་བརྩམས་ཏེ་གཡས་སྐོར་དུ། ཨོཾ་ཨ་ཨཱ་ཞེས་པ་ནས་ཨཾ་ཨཿསྭཱཧཱ། ཞེས་པའི་བར་གྱི་ཨཱ་ལི་ཚར་གཅིག་གིས་བསྐོར་བ་ཁ་དོག་དཀར་པོ། དེའི་ཕྱིར་ཀ་ཁ་ག་གྷ་ང༌། ཞེས་པ་ནས་ཀྵ་སྭཱཧཱའི་བར་གྱི་ཀཱ་ལི་ཁ་དོག་དམར་པོ་གཡོན་སྐོར་དུ་གནས་པ། སྔགས་ཕྲེང་དེ་གཉིས་ཀྱི་ཕྱི་རོལ་ཏུ། ཡེ་དྷརྨཱ་ཧེ་ཏུ་ཞེས་པ་ནས་ཤྲ་མ་ནཿཡེ་སྭཱཧཱ། ཞེས་པས་གཡས་སྐོར་དུ་བསྐོར་བ། ཁ་དོག་སྔོན་པོ་དྭངས་ཤིང་གསལ་བ་འོད་ཀྱི་རང་བཞིན་ཅན་ཞིག་གསལ་གདབ། དེ་ནས་རང་གི་ཡི་དམ་གྱི་ལྷ་གང་ཡིན་དེའི་སྙིང་པོ་དང༌། རྟེན་འབྲེལ་དབྱངས་གསལ་དང་བཅས་པ་ལན་བདུན་ནམ། གསུམ་མམ། ཉེར་གཅིག་གང་རུང་བརྗོད་པ་དང་དུས་མཉམ་དུ། སྔགས་ཕྲེང་གསུམ་ཨོཾ་དང་བཅས་པ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཨཱ་ལི་ཀཱ་ལི་དང་རྟེན་འབྲེལ་སྙིང་པོའི་རྣམ་པ་ཅན་དཔག་ཏུ་མེད་པ་བཀུག་ནས་ཨོཾ་སྔགས་ཕྲེང་དང་བཅས་པ་ལ་བསྟིམ། དེ་བཞིན་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྟགས་བརྒྱད་ལ་སོགས་པའི་རྣམ་པ་དང༌། གཞན་ཡང་དྲང་སྲོང་བདེན་ཚིག་གྲུབ་པ་དང༌། གྲུབ་པ་ཐོབ་པའི་རྣལ་འབྱོར་པ་རྣམས་ཀྱི་ངག་ནུས་བྱིན་རླབས་ཐམས་ཅད་དབྱངས་གསལ་དང་རྟེན་འབྲེལ་སྙིང་པོའི་རྣམ་པར་བཀུག་ནས་སྔགས་འཕྲེང་འོད་དང་བཅས་པ་ལ་ཐིམ་པས། བྱིན་རླབས་ནུས་མཐུ་ཐམས་ཅད་གཅིག་ཏུ་བསྡུས་པའི་བདག་ཉིད་ཅན་དུ་མོས་པའི་མཐར། ཨོཾ་ཡིག་ལས་འོད་ཟེར་འཕྲོས། རྟེན་འབྲེལ་སྙིང་པོ་དབྱངས་གསལ་དང་བཅས་པ་ལ་ཕོག་པས། དེ་རྣམས་འོད་དང་བདུད་རྩིའི་རང་བཞིན་དུ་ལྟེམ་གྱིས་ཞུ་བ་ཨོཾ་ལ་ཐིམ། ཨོཾ་ཡང་འོད་དང་བདུད་རྩིའི་རང་བཞིན་དུ་ཞུ་བ་ཟླ་བའི་དཀྱིལ་འཁོར་ལ་ཐིམ། ཟླ་བའི་དཀྱིལ་འཁོར་དེ་ཉིད་འོད་དུ་ཞུ་བ་ཨར་གྱུར། ཨ་དེ་ཡང་བདུད་རྩི་དཀར་དམར་གྱི་རྣམ་པར་རང་གི་ལྕེ་ལ་ཐིམ་པས། ལྕེ་རྡོ་རྗེའི་རང་བཞིན་དུ་གྱུར་ཅིང༌། རྒྱལ་བ་སྲས་བཅས་ཐམས་ཅད་དང་དྲང་སྲོང་གྲུབ་པ་ཐོབ་པ་རྣམས་ཀྱི་ངག་ནུས་ཐམས་ཅད་རང་གི་ངག་ལ་ཞུགས་པས། ངག་ནུས་པ་ཕུན་སུམ་ཚོགས་པ་དང་ལྡན་པར་བྱིན་གྱིས་བརླབས་པར་གྱུར་པར་བསམ། དེ་རྗེས་དལ་འབྱོར་དོན་ཆེ་རྙེད་དཀའ། འཆི་བ་མི་རྟག་པ། ལས་དང་འབྲས་བུའི་གནས་ཚུལ། འཁོར་བ་སྤྱི་དང་བྱེ་བྲག་གི་སྡུག་བསྔལ་དྲག་ཏུ་བསམས་ནས། རང་ཉམས་ལ་དཔག་སྟེ་མར་གྱུར་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེས་ཀུན་ནས་བསླངས་པའི་བྱང་ཆུབ་ཀྱི་སེམས་ཀྱིས་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་རྣམས་ཁ་ཙམ་ཚིག་ཙམ་མ་ཡིན་པར་རང་རྒྱུད་དང་འདྲེས་ངེས་རྒྱུན་རིང་ལ་ཤུགས་དྲག་པ་བསྒོམ་བཞིན་པས་སྐྱབས་འགྲོ་བྱ། དེ་ནས་ཚིག་དོན་རྣམས་དྲན་བཞིན་དུ་བླ་མ་མཆོད་པའི་ཆོ་ག་བྱས་པས་ཐུན་དྲུག་གི་རྣལ་འབྱོར་ཀྱང་དེར་འཐུས་ཤིང་ལམ་གྱི་ལུས་ཡོངས་རྫོགས་ལ་ཤར་སྒོམ་ཀྱང་དེའི་སྒོ་ནས་ནན་ཏན་དུ་བྱ། དེ་ནས་རང་གི་བླ་མའམ་བསྟན་འཛིན་གྱི་སྐྱེས་བུ་རྣམས་ཞབས་པད་བརྟན་པའི་ཕྱིར་དུ་ཚེ་ལྷ་ཅི་རིགས་པའི་བཟླས་པ་ཅུང་ཟད་བྱས་ན་རང་གི་ཚེ་སྒྲུབ་ལ་ཡང་དེ་ལས་ལྷག་པ་མེད་པར་གསུངས། དེ་ནས་ནམ་ལངས་པ་དང་ལྷ་ལ་དབང་བསྐུར་བ་ལྟར་ཁྲུས་ཆབ་བླངས་ལ། འབྲལ་སྤངས་ཐུབ་དབང་གི་སྐུའི་མདུན་དུ་ཕྱག་གསུམ་བྱས་ནས་འགྲེང་སྟེ་འདུད་པ་དང་བཅས་པས། སྟོན་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་བདག་ལ་དགོངས་སུ་གསོལ། དེ་རིང་གི་གནས་སྐབས་སུ། ཆོས་ལྡན་གྱི་བྱ་བ་དང་གཞན་གྱི་དོན་དུ་གླུ་གར་དང་རོལ་མོ་ལ་སོགས་པ་བྱེད་དམ་བྱེད་དུ་གཞུག་པ་དང༌། མེ་ལ་རེག་པ་དང༌། རེག་ཏུ་གཞུག་པ་དང༌། རིན་པོ་ཆེ་ལ་རེག་པ་དང༌། རེག་ཏུ་གཞུག་པ་དང༌། ས་བོན་བཅོམ་པ་དང༌། བཅོམ་དུ་གཞུག་པ་དང༌། སྐྱེས་པ་གཅོད་པ་དང༌། གཅོད་དུ་གཞུག་པ་དང༌། ལག་ཉ་དང༌། མཚམས་བཙོས་དང༌། ཞག་ལོན་དང༌། རྗེན་བཙོས་དང༌། གསོག་འཇོག་བྱས་པ་ཟ་བ་དང༌། བྱིན་ལེན་མ་བྱས་པར་ཟ་བ་དང༌། བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཏུ་འདོན་པ་ལ་སོགས་པ། མདོར་ན་དགེ་སློང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ལས། དུས་དྲན་བསྟེན་དུ་རུང་བ་རྣམས་ལ་སྟོན་པ་ཐུགས་རྗེ་ཅན་གྱིས་གནང་བ་མཛད་དུ་གསོལ། ཞེས་དུས་དྲན་བསྟེན། ལྟུང་བཤགས་ཀྱི་ལྷ་སོ་ལྔ་སོགས་སངས་རྒྱས་རྣམས་དང༌། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་སོགས་རྒྱལ་སྲས་ཀྱི་ཚོགས། གཞན་ཡང་སྐྱབས་ཡུལ་དཔག་ཏུ་མེད་པ་རྣམས་ཡིད་ཀྱིས་བསམས་ཏེ། ཨོཾ་ན་མོ་མཉྫུ་ཤྲི་ཡེ། ན་མཿསུ་ཤྲི་ཡེ། ན་མོ་ཨཏྟམ་ཤྲི་ཡེ་སྭཱཧཱ། ཞེས་ཕྱག་སྟོང་འགྱུར་གྱི་སྔགས་དང་སྦྲགས་པས་བརྐྱང་ཕྱག་གསུམ་གྱིས་ཐོག་དྲངས་ལྟུང་བཤགས་གཅིག་གམ། གསུམ་ལ་སོགས་པའི་སྒོས་ཕྱག་འཚལ། དེ་ནས། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ན་མོ་བྷ་ག་ཝ་ཏེ། བཛྲ་སཱ་ར་པྲ་མརྡ་ནེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུད་དྷཱ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ། མཧཱ་བཛྲེ། མཧཱ་ཏེ་ཛ་བཛྲེ། མཧཱ་བིདྱ་བཛྲེ། མཧཱ་བོ་ངྷི་ཙིཏྟ་བཛྲེ། མཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ། སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱཧཱ། ཞེས་མཆོད་པའི་སྤྲིན་གྱི་གཟུངས་བརྗོད་བཞིན་དུ། ཆུ་གཙང་སོགས་ཀྱིས་མཆོད་པ་དབུལ། མེ་ཏོག་འབུལ་རྒྱུ་ཡོད་ན། ཨོཾ་ན་མོ་བྷ་ཝ་ཏེ་པུཥྤེ་ཀེ་ཏུ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུད་དྷཱ་ཡ། ཏདྱ་ཐཱ། ཨོཾ་པུཥྤེ་པུཥྤེ་སྭཱཧཱ། པུཥྤེ་སུ་པུཥྤེ། སུ་པུཥྤེ་ཨུད་བྷ་ཝེ། པུཥྤེ་ཨ་ཝ་ཀ་རི་ཎེ་སྭཱཧཱ། ཞེས་པ་བརྗོད་ཅིང་སྔགས་འདི་ལན་བདུན་བཟླས་ཏེ་མཎྜལ་གྱི་འབྲུ་ལ་བཏབ་ན་ཡང་བྱེ་བར་འགྱུར་བར་གསུངས།
              དེ་ནས་སྟན་ལ་འཁོད་དེ་ཐུན་དྲུག་གི་རྣལ་འབྱོར་སྐྱོང་བ་ནི། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་སྐྱབས་འགྲོ། སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་དང༌། །བྲལ་ནས་ཁྱད་པར་འཕགས་པའི་བདེ་བ་ཐོབ། །བཟོད་དཀའི་སྡུག་བསྔལ་རྒྱ་མཚོ་ལས་བསྒྲལ་ཏེ། །ཐར་པ་དམ་པའི་བདེ་དང་འབྲལ་མ་གྱུར། །ཅེས་ཚད་མེད་བཞི་བསྒོམ། བྱམས་པ་དང་མི་འཇིགས་པའི་སྦྱིན་པའང་དེས་འགྲུབ། འགྲོ་ཀུན་སྲིད་ཞིའི་འཇིགས་པ་ལས་སྒྲོལ་ཕྱིར། །རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པའི་སེམས། །དེང་ནས་བཟུང་སྟེ་སངས་རྒྱས་མ་ཐོབ་པར། །སྲོག་གི་ཕྱིར་ཡང་མི་བཏང་བཟུང་བར་བགྱི། །ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང༌། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །བདག་ཀྱང་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་སྨོན་འཇུག་གཉིས་ཆོ་གའི་སྒོས་བླངས། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ད་ནི་བདག་གིས་ཅི་ནས་ཀྱང༌། །རིགས་དང་མཐུན་པའི་ལས་བརྩམས་ཏེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །ལོང་བས་ཕྱག་དར་ཕུང་པོ་ལས། །ཇི་ལྟར་རིན་ཆེན་རྙེད་པ་ལྟར། །དེ་བཞིན་ཅི་ཞིག་ལྟར་སྟེས་ནི། །བྱང་ཆུབ་སེམས་འདི་བདག་ལ་སྐྱེས། །བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །ཞེས་སེམས་བསྐྱེད་རྒྱས་པའི་ཕྱིར་མཇུག་གི་ཆོ་ག་དགའ་བ་བསྒོམ་པ་རྣམས་བྱས་ལ། དེ་ནས། མདུན་གྱི་ནམ་མཁར་ཡིད་འཕྲོག་རིན་ཆེན་ཁྲི། །ཆུ་སྐྱེས་ཉི་ཟླ་རྒྱས་པའི་དཀྱིལ་འཁོར་སྟེང༌། །རྩ་བའི་བླ་མ་ཁྱབ་བདག་རྡོ་རྗེ་འཆང༌། །སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཀྱིས། །རྡོར་དྲིལ་བཟུང་ནས་རང་འདྲའི་ཡུམ་ལ་འཁྱུད། །མཚན་དཔེའི་གཟི་འབར་རིན་ཆེན་རྒྱན་མང་མཛེས། །ཡིད་འཕྲོག་ལྷ་རྫས་གོས་ཀྱི་ན་བཟའ་ཅན། །དྲན་པ་ཙམ་གྱིས་གདུང་བ་ཀུན་སེལ་ཅིང༌། །སྐྱབས་མཆོག་མ་ལུས་འདུས་པའི་བདག་ཉིད་དུ། །སྐྱིལ་ཀྲུང་ཚུལ་གྱིས་བཞུགས་པའི་གནས་གསུམ་དུ། །ཡི་གེ་གསུམ་མཚན་ཧཱུཾ་གི་འོད་ཟེར་གྱིས། །རང་བཞིན་གནས་ནས་བླ་མ་རྡོ་རྗེ་འཆང༌། །ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་གྱུར། །གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུ་ཡི། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །བདག་པོས་བཟུང་དང་མ་བཟུང་དང༌། །དངོས་བཤམས་ཡིད་ཀྱིས་སྤྲུལ་བ་ལས། །བྱུང་བ་ཕྱི་ནང་གསང་བ་ཡི། །སྣ་ཚོགས་མཆོད་སྤྲིན་རྒྱ་མཚོས་མཆོད། །བདག་གཞན་ལུས་ངག་ཡིད་གསུམ་ལོངས་སྤྱོད་དུས་གསུམ་དགེ་ཚོགས་བཅས། །རིན་ཆེན་མཎྜལ་བཟང་པོ་ཀུན་བཟང་མཆོད་པའི་ཚོགས་བཅས་པ། །བློ་ཡིས་བླངས་ནས་བླ་མ་ཡི་དམ་དཀོན་མཆོག་གསུམ་ལ་འབུལ། །ཐུགས་རྗེའི་དབང་གིས་བཞེས་ནས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །དུས་གསུམ་ཕྱོགས་བཅུའི་བདེ་གཤེགས་མ་ལུས་པ། །གང་འདུལ་ཇི་བཞིན་ངུར་སྨྲིག་རྣམ་རོལ་གྱིས། །གྲངས་མེད་ཞིང་དུ་རྒྱལ་བའི་མཛད་པ་ཅན། །བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས། །རྡོ་རྗེ་འཆང་གིས་བློ་དམན་བསམ་པའི་ངོར། །རབ་འབྱམས་རྒྱལ་བའི་འཁོར་ལོ་མཐའ་དག་ལས། །ལྷག་པའི་ཞིང་གི་དམ་པར་ལེགས་བསྔགས་པའི། །བླ་མ་༝། །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་ཀུན། །མགོན་ཁྱོད་ཚུལ་བཞིན་བསྟེན་པའི་རྗེས་འགྲོ་བར། །མཐོང་ནས་ལུས་དང་སྲོག་ཀྱང་ཡོངས་བཏང་སྟེ། །ཁྱོད་མཉེས་ཁོ་ན་སྒྲུབ་པར་བྱིན་གྱིས་རློབས། །དེ་ལྟར་གསོལ་བ་བཏབ་པས་བླ་མ་མཆོག །རང་གི་སྤྱི་བོའི་གཙུག་ཏུ་ས་མ་ཛཿ །སླར་ཡང་དགྱེས་བཞིན་རང་དང་རོ་གཅིག་གྱུར། །ཅེས་བླ་མའི་རྣལ་འབྱོར་བསྐྱངས། དེ་ནས་སྟོང་པ་ཉིད་ཀྱི་དོན་ཅུང་ཟད་བསྒོམ་ཞིང༌། དེའི་ངང་ལས་ལྷའི་སྐུར་ལྡང་བ་ནི། སྣོད་བཅུད་མཐའ་དག་སྒྱུ་མ་རྨི་ལམ་དང༌། །ཆུ་ཟླ་བཞིན་དུ་ངོ་བོ་ཉིད་ཀྱིས་སྟོང༌། །བདེན་པར་མེད་ཀྱང་མིང་བརྡས་ཕར་བཏགས་ཀྱི། །སྣང་བ་ཆུ་ལས་ཆུ་བུར་རྡོལ་བ་བཞིན། །བདག་ཉིད་རྡོ་རྗེ་སེམས་དཔའི་སྐུར་བཞེངས་ཏེ། །ལྷན་སྐྱེས་བདེ་ཆེན་གསང་བའི་རྡོ་རྗེ་དང༌། །རང་བཞིན་སྤྲོས་བྲལ་གསང་བའི་གྷཎྜ་ཡི། །མཚོན་བྱེད་བཟུང་ནས་བཅོམ་ལྡན་འདས་མར་འཁྱུད། །ཅེས་རྡོར་དྲིལ་ཕྱག་རྒྱའི་དམ་ཚིག་དྲན་པར་བྱ། བདག་གི་ལུས་དང་དེ་བཞིན་ལོངས་སྤྱོད་དང༌། །དུས་གསུམ་དགེ་ཚོགས་ཕུང་པོ་ཅི་མཆིས་པ། །མར་གྱུར་སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །དེང་ནས་འཕངས་པ་མེད་པར་བཏང་བར་བྱ། །ཞེས་ཆོས་དང་ཟང་ཟིང་གི་སྦྱིན་པ་གཏོང༌། དེ་ནས་སྡོམ་པ་གསུམ་ལ་བསྔོ་བགྲངས་བྱ་བ་ནི། བླ་མ་ལྷ་ཡི་སྤྱན་སྔ་རུ། །སྡོམ་གསུམ་བསྲུང་བར་ཁས་བླངས་པའི། །དང་པོ་སོ་སོར་ཐར་པ་ཡི། །བསླབ་པའི་མི་མཐུན་ཕྱོགས་གྱུར་པ། །ཕམ་པ་བཞི་དང་ལྷག་མ་ནི། །བཅུ་གསུམ་སྤང་ལྟུང་སུམ་ཅུ་དང༌། །ལྟུང་བྱེད་འབའ་ཞིག་དགུ་བཅུ་དང༌། །སོར་བཤགས་བཞི་དང་ཉེས་བྱས་ནི། །བརྒྱ་རྩ་བཅུ་གཉིས་བསྡོམས་པ་ཡིས། །ཉིས་བརྒྱ་ལྔ་བཅུ་རྩ་གསུམ་དང༌། །གཞན་ཡང་གཞིས་བསྡུས་ལྟུང་བ་སོགས། །བཤགས་ཤིང་སླན་ཆད་སྡོམ་པར་བགྱི། །དེ་བཞིན་བྱང་ཆུབ་སེམས་དཔའ་ཡི། །སྡོམ་པའི་མི་མཐུན་ཕྱོགས་གྱུར་པ། །རྩ་བའི་ལྟུང་བ་བཅོ་བརྒྱད་དང༌། །ཉེས་བྱས་ཞེ་དྲུག་ལ་སོགས་པ། །ཚུལ་ཁྲིམས་གསུམ་དང་ཕྱིན་དྲུག་གི །མི་མཐུན་ཕྱོགས་གྱུར་ཉེས་པ་ཀུན། །བཤགས་ཤིང་སླན་ཆད་སྡོམ་པར་བགྱི། །རྡོ་རྗེ་ཐེག་པའི་འདུལ་བ་ལས། །རྣམ་སྣང་རིགས་ཀྱི་དམ་ཚིག་དྲུག །མི་བསྐྱོད་རིན་འབྱུང་བཞི་བཞི་དང༌། །འོད་དཔག་མེད་གསུམ་དོན་གྲུབ་ཀྱི། །གཉིས་ཏེ་སོ་སོའི་བཅུ་དགུ་དང༌། །རིགས་ལྔ་སྤྱི་ཡི་དམ་ཚིག་ནི། །རྩ་ལྟུང་བཅུ་བཞི་བསྲུང་བ་དང༌། །སྤོང་བསྟེན་བཟའ་བའི་དམ་ཚིག་ལས། །འདས་དང་སྦོམ་པོ་བརྒྱད་ལ་སོགས། །བཤགས་ཤིང་སླན་ཆད་སྡོམ་པར་བགྱི། །སོ་ཐར་བྱང་སེམས་རྡོ་རྗེ་ཐེག་པ་ཡི། །རྣམ་དག་བཅས་པའི་བསླབ་པ་ཕྲ་མོ་ལས། །རྨི་ལམ་དུ་ཡང་འདའ་བར་མི་བྱེད་པར། །རྒྱལ་བའི་བཀའ་བཞིན་བདག་གིས་བསྒྲུབ་པར་བྱ། །ཤིན་ཏུ་བསྡུས་པ་བྱ་བའི་ཚེ་ཚིགས་བཅད་ཕྱི་མ་འདི་གཅིག་པུས་ཆོག །ཐེག་པ་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི། །ལུང་དང་རྟོགས་པའི་དམ་ཆོས་མ་ལུས་པ། །རྒྱལ་བའི་དགོངས་པ་ཇི་བཞིན་ལེགས་བཟུང་སྟེ། །གང་འཚམ་ཐབས་ཀྱིས་འགྲོ་བ་ཡོངས་སུ་སྒྲོལ། །ཞེས་དམ་ཆོས་འཛིན་པ་དང་སེམས་ཅན་དོན་བྱེད་ལ་བསླབ་བོ། །
             དེ་དག་གིས་སྡོམ་པ་སོ་སོའི་སྐབས་སོགས་སུ་ཐུན་དྲུག་དང་གསུམ་ལ་སོགས་པ་བྱ་དགོས་པ་མང་པོ་ཞིག་ཡོད་པ་ཐམས་ཅད་བསྡུས་པའི་ཚུལ་མཁས་གྲུབ་ཐམས་ཅད་མཁྱེན་པའི་གསུང་དུ་བལྟ་བར་བྱའོ། །དེ་ནས་ཁྲིད་ཡིག་རྒྱས་བསྡུས་ཅི་རིགས་སམ། མ་མཐའ་ཡང་བྱིན་རླབས་སྤུངས་ཞུས་ལྟ་བུའི་སྟེང་ནས་ལམ་རིམ་ཡོངས་རྫོགས་ལ་ཤར་སྒོམ་དང༌། སྐབས་ཐོབ་ཀྱི་དམིགས་སྐོར་རེ་རེ་རྒྱས་པར་སྐྱོངས། གཏོར་མ་བརྒྱ་རྩ་སོགས་ཀྱང་བྱེད་ན་ཐུན་འདིའི་མཐར་བྱ། དེ་ནས་དྲོས་ཀྱི་ཚ་བཞེས་གྲུབ་ནས་གནས་ཁང་བྱི་དོར་ལེགས་པར་བྱས། མཆོད་པ་གཙང་མ་ཕུལ། ཐུན་དྲུག་གི་རྣལ་འབྱོར་དང་ལམ་རིམ་གྱི་དམིགས་རྣམ་སྔར་བཞིན་བསྐྱངས། འཇིགས་བྱེད་སོགས་ཀྱི་ཆོ་ག་ཡང་སྤྲོ་ན་སྐབས་འདིར་བྱ། ཆོས་སྟོན་གྱི་ཚེ། དཀོན་མཆོག་རྗེས་སུ་དྲན་བཞིན་པས། ཁ་ཟས་སྨན་དང་འདྲ་བར་རིག་པ་ཡིས། །འདོད་ཆགས་ཞེ་སྡང་མེད་པར་བསྟེན་བགྱི་སྟེ། །རྒྱགས་ཕྱིར་མ་ལགས་སྙེམས་པའི་ཕྱིར་མ་ལགས། །འཚག་ཕྱིར་མ་ལགས་ལུས་གནས་འབའ་ཞིག་ཕྱིར། །ཅེས་བརྗོད་ཅིང༌། དེའི་དོན་སེམས་པ་འདུལ་བ་དང༌། ཡང་ལུས་ཀྱི་སྲིན་བུ་ད་ལྟ་ཟང་ཟིང་གིས་བསྡུས་ནས་མ་འོངས་པ་ན་ཆོས་ཀྱིས་བསྡུ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་བསྒྲུབས། དེའི་ཕྱིར་དུ་བཟའ་བཏུང་ལ་ལོངས་སྤྱོད་པར་བྱའོ་སྙམ་པ་ཕར་ཕྱིན་ཐེག་པ་དང༌། སྔགས་བླ་མེད་ལྟར་ན་ནང་མཆོད་དང༌། རྒྱུད་སྡེ་འོག་མ་ལྟར་ན་གཏོར་མ་བྱིན་རླབས་ལྟར་རམ། ཨོཾ་ཨཱཿཧཱུཾ་གིས་བདུད་རྩིར་བྱིན་གྱིས་བརླབས་ལ། ཨོཾ་གུ་རུ་བཛྲ་ནཻ་ཝིདྱཱ་ཨཱཿཧཱུཾ་གིས་བླ་མ་དང༌། ཨོཾ་སརྦ་བུད་དྷཱ་བོ་དྷི་སཏྭཱ་བྷྱོ་བཛྲ་ནཻ་ཝིདྱཱ་ཨཱཿ ཧཱུཾ་གིས་སངས་རྒྱས་བྱང་སེམས་ཐམས་ཅད་དང༌། ཨོཾ་དེ་ཝ་ཌཱ་ཀི་ནཱི་ཤྲཱི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་བཛྲཱ་ནཻ་ཝིདྱཱ་ཨཱཿ ཧཱུཾ་གིས་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་བཅས་པ་ལ་འབུལ། ཨོཾ་ཨ་གྲ་པིཎྜ་ཨ་ཤི་བྷྱཿ སྭཱཧཱ། ཞེས་པས་ཕུད་ལ་དབང་བའི་འབྱུང་པོ་ལ་ཆངས་བུ་གཅིག་དང༌། ཨོཾ་ཧ་རི་ཏེ་སྭཱཧཱ། ཨོཾ་ཧ་རི་ཏེ་མཧཱ་བཛྲ་ཡཀྵི་ཎི་ཧ་ར་ཧ་ར་སརྦ་པཱ་པཾ་མཀྵིཾ་སྭཱཧཱ། ཞེས་པས་འཕྲོག་མ་བུ་དང་བཅས་པ་ལ་ཆངས་བུ་གཉིས་བྱས་ནས་ནང་གི་སྦྱིན་སྲེག་གི་སྒོ་ནས་ལོངས་སྤྱད་དེ་ཟས་ཀྱི་ཚོད་རིག་པར་བྱ། མཇུག་ཏུ་ལྷག་ལ་དབང་བའི་འབྱུང་པོ་ལ་ཆངས་བུ་གཅིག །ཨོཾ་ཨུཙྪི་ཥྒྲ་པིཎྜ་ཨ་ཤི་བྷྱཿ སྭཱཧཱ། ཞེས་པས་བསྔོ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འོད་ཀྱི་རྒྱལ་པོ་མེ་འོད་རབ་ཏུ་གསལ་བ་ལ་ཕྱག་འཚལ་ལོ། །ན་མཿ ས་མནྟ་པྲ་བྷཱ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶ་བུད་དྷཱ་ཡ། ན་མོ་མཉྫུ་ཤྲི་ཡེ། ཀུ་མཱ་ར་བྷཱུ་ཏཱ་ཡ་བོ་ངྷི་སཏྭཱ་ཡ་མ་ཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐ། ཨོཾ་ནི་ར་ལམྦྷེ་ནི་རཱ་བྷཱ་སེ་ཛ་ཡེ་ཛ་ཡ་ལབྟེ་མཧཱ་མ་ཏེ་དཀྵེ་དཀྵི་ཎཱཾ་མེ་པ་རི་ཤོ་དྷཱ་ཡ་སྭཱཧཱ། གཟུངས་འདིས་དཀོར་གྱི་ཕུང་པོ་རི་རབ་ཙམ་ཡང་འབྱོང་བར་གསུངས་སོ། །དེ་ནས་མདོ་བཏོན་པ་དང་སྨོན་ལམ་གྱིས་རྒྱས་གདབ། ཉིན་སྔ་མ་ནས་སྟ་གོན་བྱས་པའི་འཇིམ་པ་ལས་སཱཙྪ་གསུམ་མམ་བདུན་སོགས་གདབ། སྐོར་རྟེན་དངོས་སམ་བསྒོམ་པ་ཅི་རིགས་གསལ་བཏབ་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་རྒྱལ་མཚན་ལ་ཕྱག་འཚལ་ལོ། །ན་མོ་བྷ་ག་ཝ་ཏེ། རཏྣ་ཀེ་ཏུ་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུད་དྷཱ་ཡ། ཏངྱ་ཐཱ། ཨོཾ་རཏྣེ་རཏྣེ་མཧཱ་རཏྣེ་རཏྣ་བི་ཛ་ཡེ་སྭཱཧཱ། འདི་བསྐོར་བར་མ་ཟད་ཕྱག་སྟོང་འགྱུར་དུ་ཡང་གསུངས་སོ། །ཡང་སྐོར་བའི་སྔགས། ན་མོ་ད་ཤ་དིཀྵི་ཀཱ་ལ་སརྦ་རཏྣ་ཏྲ་ཡཱ་ཡ། ན་མཿ པྲ་དཀྵ་སུ་པྲ་དཀྵ་སརྦ་པཱ་པཾ་བི་ཤོ་དྷ་ནི་སྭཱཧཱ། ཞེས་པ་འདི་ཡང་ཕན་ཡོན་ཆེ་བས་བརྗོད། དེ་ལྟར་སྐོར་བ་མང་ཉུང་འཚམ་པ་ཞིག་བྱས་ནས། མདོ་སྡེ་མཛངས་བླུན། ལས་བརྒྱ་པ། འདུལ་བ་ལུང༌། རྟོགས་བརྗོད་འདུན་ལེགས་མ་སོགས་དམ་པའི་རྣམ་ཐར་དང༌། རྒྱལ་སྲས་ཀྱི་སྤྱོད་པ་སྟོན་པ་སྡོང་པོ་བཀོད་པ་སོགས་ཅི་ཙམ་རན་པ་རེ་བཀླག །སླར་ཡང་ཐུན་དྲུག་གི་རྣལ་འབྱོར་སོགས་སྐབས་དང་བསྟུན་པའི་དགེ་སྦྱོར་མོས་པ་ལྟར་ཅི་རིགས་བྱས་ལ། ཐུན་མཚམས་སུ་ལམ་རིམ་ཆེ་ཆུང༌། རྩ་ལྟུང་རྣམ་བཤད། བླ་མ་ལྔ་བཅུ་པ་རྩ་འགྲེལ། བྱང་ཆུབ་གཞུང་ལམ། གནམ་རྩེ་ལྡེང་མ་སོགས་སྡོམ་པ་གསུམ་གྱི་བསླབ་བྱ་རྒྱས་བསྡུས་ཅི་རིགས་ལ་ནན་ཏན་ཏུ་བལྟ། བསོད་ནམས་ཀྱི་ཚོགས་ཆེན་པོ་བདེ་བླག་ཏུ་གསོག་པའི་ཐབས་ཟགས་པ་རྒྱུན་གཏོར་ལ་ཡང་བརྩོན་པར་བྱ་སྟེ། འདི་ལྟར་མཆིལ་མ་ལ། ཨོཾ་ཨཱཿ ཤླེ ཥྨ་ཨཱ་ཧ་རེ་བྷྱཿ སྭཱཧཱ། ལུད་པ་ལ། ཨོཾ་ཨཱཿ ཁྲེ་ཏ་ཨཱ་ཧ་རེ་བྷྱཿ སྭཱཧཱ། སྣབས་ལ། ཨོཾ་ཨཱཿ པིགྷི་ན་ཨཱ་ཧ་རེ་བྷྱཿ སྭཱཧཱ། ལུས་ཀྱི་དྲི་མ་ལ། ཨོཾ་ཨཱཿ མ་ལ་ཨཱ་ཧ་རེ་བྷྱཿ སྭཱཧཱ། དྲི་ཆེན་ལ། ཨོཾ་ཨཱཿ བི་ཊ་ཨཱ་ཧ་རེ་བྷྱཿ སྭཱཧཱ། དྲི་ཆུ་ལ། ཨོཾ་ཨཱཿ མཱུ་དྲ་ཨཱ་ཧ་རེ་བྷྱཿ སྭཱཧཱ། ཞེས་པ་རྣམས་ཀྱིས་བསྔོའོ། །དྲོའི་ཐུན་ལ་ཐུན་དྲུག་གི་རྣལ་འབྱོར་སྔར་བཞིན་བྱས་ལ། སྡོམ་གསུམ་བསྔོ་བགྲངས་ཀྱི་ཚེ་པཎ་ཆེན་ཐམས་ཅད་མཁྱེན་པའི་གསུང་གི་སྡོམ་ཚིག་གམ། དེ་ལས་ཅུང་བསྡུས་པ་བྱེད་ན་འདི་ལྟ་སྟེ། གང་གི་བཀའ་བཞིན་བསྒྲུབ་བྱས་ན། །འདི་ཕྱིའི་དོན་རྣམས་མ་ལུས་པ། །བདེ་བླག་ཉིད་དུ་སྩོལ་མཛད་པའི། །ཐུབ་པའི་དབང་པོ་ལ་ཕྱག་འཚལ། །རྙེད་དཀའ་དལ་བའི་རྟེན་ཐོབ་ཅིང༌། །རྒྱལ་བའི་བསྟན་པ་ལ་ཞུགས་ནས། །དགེ་སློང་སྡོམ་པ་ཐོབ་རྣམས་ཀྱིས། །བསླབ་པ་བསྲུང་བའི་ཐབས་འགའ་ཞིག །ལུང་ལས་གསུངས་པ་བཞིན་དུ་བྲི། །ལེགས་ཚོགས་རྩ་བ་ཟླ་མེད་པ། །བླ་མ་མཆོག་ལ་བརྟེན་བྱས་ནས། །བྱ་བ་ཐམས་ཅད་ཞུ་བྱེད་ཅིང༌། །ཆོས་མཐུན་བཀའ་ལས་འདའ་མི་བྱ། །དྲན་དང་ཤེས་བཞིན་བག་ཡོད་དང༌། །ངོ་ཚ་ཁྲེལ་ཡོད་ལྡན་པ་ཡིས། །བསླབ་ལ་ཡིད་ཆེས་དད་གུས་བྱ། །སོ་ཐར་བཅས་མཚམས་སྟོན་པ་ཡི། །འདུལ་བའི་གཞུང་ལ་ཚུལ་བཞིན་སྦྱངས། །ཚུལ་ཁྲིམས་རྣམ་པར་དག་པ་ལ། །ཕན་ཡོན་བསམ་ལས་འདས་པ་དང༌། །ཚུལ་ཁྲིམས་ཉམས་པར་གྱུར་ན་ནི། །མནར་མེད་འགྲོ་ཞིང་ཀུན་ནས་ཕོངས། །དེ་ཕྱིར་ཕན་ཡོན་ཉེས་དམིགས་ལ། །ངེས་པ་དྲངས་ཏེ་ཡང་ཡང་བསམ། །མི་མཐུན་ཕྱོགས་རྣམས་མ་ཤེས་ན། །བསླབ་པ་སྲུང་ཚུལ་མི་ཤེས་པས། །རང་གིས་ཇི་ལྟར་ཁས་བླངས་ལས། །འདས་པའི་ལྟུང་བ་མཐའ་ཡས་ཀྱང༌། །སྡོམ་གྱིས་བསྡུས་པ་སྡེ་ལྔ་སྟེ། །ཕམ་པ་དང་ནི་ལྷག་མ་དང༌། །ལྟུང་བྱེད་དང་ནི་སོར་བཤགས་དང༌། །ཉེས་བྱས་ཀྱི་ནི་སྡེ་རྣམས་སོ། །དང་པོ་ཕམ་པའི་སྡེ་ཚན་ནི། །མི་ཚངས་སྤྱོད་དང་གཞན་ནོར་བརྐུ། །མི་འམ་མིར་ཆགས་གསོད་པ་དང༌། །མི་ཆོས་བླ་མའི་རྫུན་སྨྲ་སྟེ། །ཕམ་པ་བཞི་རུ་རྒྱལ་བས་གསུངས། །གཉིས་པ་ལྷག་མའི་སྡེ་ཚན་ནི། །ཁུ་བ་འབྱིན་པར་བྱེད་པ་དང༌། །བུད་མེད་དག་ལ་རེག་པ་དང༌། །ཡུལ་དེར་འཁྲིག་ཚིག་སྨྲ་བ་དང༌། །འཁྲིག་པའི་བསྙེན་བཀུར་བསྔགས་པ་དང༌། །ཕོ་མོ་གཉིས་སྤྲད་སྨྱན་བྱེད་དང༌། །མ་གསོལ་ཚད་འདས་མ་དག་གཞིར། །ཁང་པ་རྩིག་པར་བྱེད་པ་དང༌། །གནས་དེར་ཁང་ཆེན་རྩིག་པ་དང༌། །དགེ་སློང་རྣམ་པར་དག་པ་ལ། །ཕམ་པས་སྐུར་བ་འདེབས་པ་དང༌། །དེ་ལ་བག་ཙམ་སྐུར་འདེབས་དང༌། །དགེ་འདུན་དབྱེན་ནི་བྱེད་པ་དང༌། །དེ་འདྲའི་རྗེས་སུ་ཕྱོགས་པ་དང༌། །བག་མེད་སྤྱོད་པ་སྣ་ཚོགས་ཀྱིས། །ཁྱིམ་སུན་འབྱིན་པར་བྱེད་པ་དང༌། །བཀའ་བློ་མི་བདེའི་ལྷག་མ་སྟེ། །ལྷག་མའི་ལྟུང་བ་བཅུ་གསུམ་མོ། །གསུམ་པ་ལྟུང་བྱེད་སྡེ་ཚན་ལ། །ཚད་ལས་དང་འབྲེལ་སྤང་ལྟུང་དང༌། །ལྟུང་བྱེད་འབའ་ཞིག་པ་གཉིས་སོ། །དང་པོ་སྤང་བའི་ལྟུང་བ་ནི། །བྱིན་གྱིས་མ་བརླབས་ཆོས་གོས་སོགས། །ཞག་བཅུ་ལས་འདས་འཆང་བ་དང༌། །ཆོས་གོས་རྣམ་གསུམ་བྱིན་རླབས་ཅན། །ཞག་ཏུ་འབྲལ་བར་བྱེད་པ་དང༌། །ཁ་སྐོང་རེ་བ་དང་བཅས་པའི། །གོས་ནི་ཟླ་གཅིག་འཇོག་པ་དང༌། །ཐ་སྙད་བརྒྱད་ལྡན་དགེ་སློང་མར། །གོས་རྙིང་འཁྲུ་རུ་འཇུག་པ་དང༌། །གོས་ཀྱིས་ཕོངས་པ་མ་ཡིན་པར། །དགེ་སློང་མ་ལས་གོས་ལེན་དང༌། །ཕོངས་པ་མིན་པར་ཁྱིམ་པ་ལས། །གོས་ནི་སློང་བར་བྱེད་པ་དང༌། །ཆོས་གོས་མེད་ཚེ་སློང་རིགས་ཀྱང༌། །སྟོད་གཡོགས་སྨད་གཡོགས་ཟུང་ལས་ལྷག །འདོད་པས་སློང་བར་བྱེད་པ་དང༌། །ཁྱིམ་པས་རང་ལ་བསྔོས་པའི་གོས། །འབུལ་ལོང་མེད་པར་ལེན་པ་དང༌། །སྦྱིན་བདག་ཕོ་མོ་སོ་སོ་ནས། །རང་ལ་སྟེར་བར་བསྔགས་པའི་གོས། །འབུལ་ལོང་མེད་པས་ལེན་པ་དང༌། །བསྐུར་བ་ཡི་ནི་སྤང་བ་དང༌། །ཡུལ་དེར་དཀོན་ཞིང་རིན་ཆེ་བའི། །སྲིན་བལ་ལས་ནི་སྟན་བྱེད་དང༌། །བལ་ནག་འབའ་ཞིག་ལས་བྱེད་དང༌། །དེ་ཆ་གཉིས་བསྲེས་སྟན་བྱེད་དང༌། །སྟན་བཤམས་སྤྱད་བཟོད་ཡོད་བཞིན་དུ། །ལོ་དྲུག་ནང་དུ་གཉིས་བྱེད་དང༌། །གདིང་བ་གསར་པ་བྱེད་པའི་ཚེ། །གདིང་བ་རྙིང་བ་དེ་ཉིད་ནས། །བདེ་གཤེགས་མཐོ་གང་མ་གླན་དང༌། །བལ་ཁུར་རྒྱང་གྲགས་ལྷག་ཁྱེར་དང༌། །མཚན་ཉིད་བརྒྱད་ལྡན་དགེ་སློང་མར། །བལ་ནི་རྨེལ་དུ་འཇུག་པ་དང༌། །བྱིན་རླབས་མ་བྱས་རིན་པོ་ཆེར། །རེག་གམ་རེག་ཏུ་འཇུག་པ་དང༌། །སྐྱེད་ཁེ་འདོད་ནས་བུན་བྱེད་དང༌། །དེ་འདོད་ཉོ་ཚོང་བྱེད་པ་དང༌། །ལྷུང་བཟེད་བྱིན་གྱིས་མ་བརླབས་པར། །ཞག་བཅུ་ལས་འདས་འཆང་བ་དང༌། །ལྷུང་བཟེད་སྤྱད་བཟོད་ཡོད་བཞིན་དུ། །ལྷུང་བཟེད་གཉིས་པ་བཙལ་བ་དང༌། །གླ་རྔན་མི་སྟེར་འཐག་འཇུག་དང༌། །འདོད་པས་འཐག་པ་བསྐྱེད་པ་དང༌། །གོས་སོགས་བྱིན་པ་འཕྲོག་པ་དང༌། །དགོན་པ་འཇིགས་པ་ཆེ་བའི་སར། །སྣམ་སྦྱར་ཞག་དྲུག་འབྲལ་གནང་བར། །སྙད་ནས་ཞག་བདུན་འབྲལ་བ་དང༌། །དབྱར་གྱི་ཆར་ཁེབས་རས་ཆེན་ནི། །བཙལ་སྔས་སྦེད་པ་འཕྱིས་པ་དང༌། །དབྱར་རྙེད་བདག་གིར་བྱེད་འདོད་ནས། །བགོ་སྔས་སྦེད་པ་འཕྱིས་པ་དང༌། །དགེ་འདུན་རྣམས་ལ་བསྔོ་བའི་རྫས། །གང་ཟག་བདག་ཉིད་ལ་བསྒྱུར་དང༌། །སྨན་བཞི་བྱིན་ལེན་མ་བཤིག་པར། །ཐུན་མཚམས་འདས་པ་གསོག་འཇོག་སྟེ། །སྤང་བའི་ལྟུང་བ་སུམ་ཅུ་འོ། །གཉིས་པ་ལྟུང་བྱེད་འབའ་ཞིག་ནི། །རྫུན་གྱི་ཚིག་ནི་སྨྲ་བ་དང༌། །དགེ་སློང་གཞན་ལ་སྐྱོན་བརྗོད་དང༌། །དབྱེ་ཕྱིར་ཕྲ་མ་བྱེད་པ་དང༌། །རྩོད་པ་སྤོར་འདོད་སྐྱོ་སྔོགས་དང༌། །ཉེ་དུ་མིན་པའི་བུད་མེད་ལ། །ཁྲིམས་གྲོགས་མེད་པར་ཆོས་སྟོན་དང༌། །མ་རྫོགས་ལྷན་ཅིག་འདོན་པ་དང༌། །གཞན་གྱི་ཕམ་ལྷག་གནས་ངན་ལེན། །མ་རྫོགས་པ་ལ་བརྗོད་པ་དང༌། །མི་ཆོས་བླ་མ་དགོས་མེད་དུ། །མ་རྫོགས་འཕགས་མིན་སྨྲ་བ་དང༌། །ཞལ་ཏ་བ་ལ་དགེ་འདུན་གྱིས། །རྙེད་པ་རིགས་པར་བསྔོས་པ་ལ། །བཤེས་ངོར་བྱས་ཞེས་སྐུར་འདེབས་དང༌། །སོ་སོར་ཐར་པའི་བཅས་མཚམས་ལ། །བརྙས་ཐབས་ཀྱིས་ནི་ཁྱད་གསོད་དང༌། །ས་བོན་སྐྱེ་བ་འཇོམས་པ་དང༌། །དྲང་པོའི་དགེ་འདུན་ཞལ་ཏ་བར། །ཉེ་རིང་བྱས་ཞེས་འཕྱ་བ་དང༌། །བསྒོ་བ་རྣ་ལ་གཟོན་པ་དང༌། །ཆུད་འཛའི་གནས་སུ་མལ་བཤམས་དང༌། །རྩྭ་དང་ལོ་མའི་གདན་བཏིང་བ། །མ་བསྡུས་མ་བཅོལ་འགྲོ་བ་དང༌། །སྔར་གནས་དགེ་སློང་སྐྲོད་པ་དང༌། །དེ་ལ་ཕྱིས་གནོན་བྱེད་པ་དང༌། །རྩ་བ་འབྱུང་ལ་འདུག་པ་དང༌། །སྲོག་ཆགས་དང་བཅས་ཆུར་སྤྱོད་དང༌། །རིམ་གསུམ་ལས་ལྷག་ཁང་བྱེད་དང༌། །ཉེ་དུ་མིན་པའི་དགེ་སློང་མར། །མ་བསྐོས་དམ་ཆོས་སྟོན་པ་དང༌། །བསྐོས་ཀྱང་ནུབ་པར་སྟོན་པ་དང༌། །དམ་ཆོས་ཚུལ་བཞིན་སྟོན་པ་ལ། །ཟས་ཕྱིར་སྟོན་ཅེས་སྨྲ་བ་དང༌། །དགེ་སློང་མ་ཡི་གོས་བཟོ་དང༌། །དེ་ལ་ཆོས་གོས་སྟེར་བ་དང༌། །དགེ་སློང་མ་དང་ལྷན་ཅིག་ཏུ། །གྲོགས་མེད་རྒྱང་གྲགས་འགྲོ་བ་དང༌། །དགེ་སློང་མ་དང་ལྷན་ཅིག་ཏུ། །གྲུར་ཞུགས་རྒྱང་གྲགས་འདའ་བ་དང༌། །དབེན་པར་འདོམ་གང་ནང་ཉིད་དུ། །དགེ་སློང་མ་དང་ལྷན་ཅིག་ཏུ། །འདུག་པ་དང་ནི་འགྲེང་བ་དང༌། །དགེ་སློང་མ་ཡིས་བསྔགས་བརྗོད་ནས། །སྦྱོར་བཅུག་ཟས་ནི་ཟ་བ་དང༌། །དགོས་མེད་ཡང་ཡང་ཟ་བ་དང༌། །མུ་སྟེགས་ཁྱིམ་དུ་ཞག་གཅིག་ཏུ། །འདུག་སྟེ་ཟས་གཉིས་ཟ་བ་དང༌། །ཅི་བདེར་བསྟབ་པ་མ་ཡིན་པར། །ལྷུང་བཟེད་དོ་ལྷག་ཕྱེད་ལེན་དང༌། །དུས་རུང་ཟས་སྤངས་ཡང་ཟ་དང༌། །སྤངས་ལ་བཟའ་བཅའ་སྟོབ་པ་དང༌། །དགེ་སློང་བཞིར་ལོང་འདུས་ཟ་དང༌། །དུས་མིན་ཁ་ཟས་ཟ་བ་དང༌། །གསོག་འཇོག་བྱས་པ་ཟ་བ་དང༌། །བྱིན་ལེན་མ་བྱས་མིད་པ་དང༌། །ཉེ་དང་ཅི་བདེར་མིན་པ་ལ། །ཁ་ཟས་བསོད་པ་སློང་བ་དང༌། །སྲོག་ཆགས་བཅས་པར་སྤྱོད་པ་དང༌། །ཁྱིམ་པ་ཕོ་མོ་ཉལ་གཤོམ་སར། །ཤེས་བཞིན་འདུག་པར་བྱེད་པ་དང༌། །དེ་བཞིན་གནས་དེར་འགྲེང་བ་དང༌། །གཅེར་བུ་ཕོ་མོར་ཟས་བྱིན་དང༌། །དམག་ལ་ལྟ་བར་བྱེད་པ་དང༌། །དམག་ནང་ཞག་གཉིས་འདུག་པ་དང༌། །གཡུལ་བཤོམས་དཀྲུག་པར་བྱེད་པ་དང༌། །དགེ་སློང་གཞན་ལ་བརྡེག་པ་དང༌། །དེ་ལ་བརྡེག་པར་གཟས་པ་དང༌། །གཞན་གྱི་ཕམ་ལྷག་གནས་ངན་ལེན། །ཤེས་བཞིན་དགོས་མེད་བཅབས་པ་དང༌། །དགེ་སློང་གཞན་གྱི་ཟས་གཅོད་དང༌། །མེར་རེག་རེག་ཏུ་འཇུག་པ་དང༌། །འདུན་པ་ཕུལ་བ་སླར་ལེན་དང༌། །མ་རྫོགས་ལྷན་ཅིག་ཉལ་བ་དང༌། །སྡིག་ལྟ་གཏོང་བར་མི་བྱེད་དང༌། །དེ་འདྲ་བསྐྲད་ལ་གཏམ་སྨྲ་དང༌། །དགེ་ཚུལ་བསྙིལ་བ་སྡུད་པ་དང༌། །ཁ་དོག་མ་བསྐྱར་གོས་གྱོན་དང༌། །རིན་པོ་ཆེ་ཡི་རིགས་སོགས་ལ། །རེག་ཅིང་རེག་ཏུ་འཇུག་པ་དང༌། །ཟླ་ཕྱེད་ནང་དུ་ཁྲུས་བྱེད་དང༌། །བསམ་བཞིན་དུད་འགྲོ་གསོད་པ་དང༌། །གཞན་ལ་འགྱོད་པ་བསྐྱེད་པ་དང༌། །གཡའ་འདོད་ག་ག་ཚིལ་བྱེད་དང༌། །ཆུ་ལ་རྩེ་བར་བྱེད་པ་དང༌། །ཁྲིམས་གྲོགས་མེད་པར་བུད་མེད་དང༌། །ལྷན་ཅིག་ཉལ་བར་བྱེད་པ་དང༌། །དགེ་སློང་དངངས་པར་བྱེད་པ་དང༌། །གཞན་གྱི་གོས་སོགས་སྦེད་པ་དང༌། །དགེ་སློང་གཞན་ལ་བྱིན་པའི་གོས། །གདེང་མེད་རང་གིས་ལོངས་སྤྱོད་དང༌། །གཞི་མེད་ལྷག་མའི་སྐུར་འདེབས་དང༌། །ཁྲིམས་གྲོགས་མེད་པར་བུད་མེད་དང༌། །འགྲོགས་ནས་འགྲོ་བར་བྱེད་པ་དང༌། །རྐུན་མ་ལ་སོགས་ངན་པ་དང༌། །བསྡེབས་ནས་འགྲོ་བར་བྱེད་པ་དང༌། །ལོ་གྲངས་ཉི་ཤུ་མ་ལོན་པའི། །བསྒྲུབ་བྱར་བསྙེན་རྫོགས་བྱེད་པ་དང༌། །ས་བརྐོ་བརྐོ་རུ་འཇུག་པ་དང༌། །མགྲོན་དུ་གཉེར་ལས་རང་འདུག་དང༌། །བསླབ་ཕྱིར་བགོ་བ་བཟློག་པ་དང༌། །རྩོད་སེམས་ཉན་རྣ་བྱེད་པ་དང༌། །དགེ་འདུན་ལས་ལ་འདུས་བྱས་ནས། །མ་རྫོགས་མ་སྨྲས་འགྲོ་བ་དང༌། །དགེ་འདུན་སོགས་ཀྱི་ཆོས་ལྡན་བཀར། །མ་གུས་བསམ་པས་འགལ་བྱེད་དང༌། །མྱོས་པར་འགྱུར་བ་འཐུང་བ་དང༌། །དུས་མིན་གྲོང་དུ་འགྲོ་བ་དང༌། །མངགས་བཞིན་དགེ་འདུན་སྤྱན་དྲངས་པ། །དུས་ལས་མ་ཡོལ་བྲིམས་ཤིག་ཅེས། །མ་བརྗོད་གྲོང་གཞན་རྒྱུ་བ་དང༌། །རྒྱལ་པོའི་ཕོ་བྲང་མཚན་འགྲོ་དང༌། །བསླབ་གཞི་ཁྱད་དུ་གསོད་པ་དང༌། །བ་སོ་རུས་པ་རྭ་རྣམས་ཀྱི། །ཁབ་རལ་བྱས་སམ་བྱེད་འཇུག་དང༌། །ཚད་ལྷག་ཁྲི་རྐང་བྱེད་པ་དང༌། །དགེ་འདུན་དབང་བའི་གནས་མལ་ལ། །ཤིང་བལ་གྱིས་ནི་བདལ་བ་དང༌། །གདིང་བ་ཚད་ལས་ལྷག་བྱེད་དང༌། །གཡན་པ་དགབ་པ་ཚད་ལྷག་དང༌། །དེ་བཞིན་དབྱར་གྱི་གོས་རས་ཆེན། །ཚད་ལས་ལྷག་པ་བྱེད་པ་དང༌། །བདེ་གཤེགས་ཆོས་གོས་བྱེད་པ་སྟེ། །ལྟུང་བྱེད་འབའ་ཞིག་དགུ་བཅུ་འོ། །སོ་སོར་བཤགས་པའི་སྡེ་ཚན་ནི། །སྐྱེ་བོའི་རྒྱུན་ལུགས་གྲོང་ལམ་དུ། །དགེ་སློང་མ་ལས་ཟས་ལེན་དང༌། །བསྐོ་བཤམས་ལོག་བྱེད་དགེ་སློང་མ། །མ་བཟློག་གྲོང་དེར་ཟས་ཟ་དང༌། །དགེ་འདུན་རྣམས་ཀྱི་ཐུགས་བརྩེ་བས། །བསྡམས་པའི་ཁྱིམ་ལས་ཟས་ལེན་དང༌། །འཇིགས་བཅས་མ་བསལ་ཁྱིམ་པ་ལས། །བླངས་ཏེ་འཇིགས་སར་ཟ་བ་སྟེ། །སོ་སོར་བཤགས་པ་བཞི་དག་གོ །བསླབ་བྱ་ཉེས་བྱས་སྡེ་ཚན་ནི། །མཐང་གོས་ཟླུམ་པོར་མ་བགོས་དང༌། །རྩེངས་དང་འཇོལ་དང་ནར་བ་དང༌། །ལྟེབས་དང་ཕུར་དང་འཕྱང་བ་དང༌། །སྟོད་གཡོགས་ཟླུམ་པོར་མ་བགོས་དང༌། །ཧ་ཅང་རྩེངས་དང་འཇོལ་བ་དང༌། །ཁྱིམ་པའི་ཁྱིམ་དུ་འགྲོ་བའི་ཚེ། །ལུས་ངག་ལེགས་པར་མ་བསྡམས་དང༌། །ཆོས་གོས་ཚུལ་བཞིན་མ་བགོས་དང་། །ཅ་ཅོ་དང་ནི་གཡང་ལྟ་དང་། །འདོམ་གང་ལས་ལྷག་ལྟ་བ་འམ། །འདོམ་གང་ཙམ་དུའང་མི་ལྟ་དང་། །རས་ལ་སོགས་པས་མགོ་གཡོགས་དང་། །འདོམས་ནི་སྣང་བར་གོས་བརྫེས་དང་། །ཕྲག་པ་གཉིས་ཀར་གོས་གཟར་དང་། །ལག་གཉིས་གཉའ་གོང་བསྣོལ་བ་དང༌། །ལག་གཉིས་ལྟག་པར་བསྣོལ་བ་དང༌། །མཆོང་བ་དང་ནི་བརྐྱང་བསྐུམས་དང༌། །ཙོག་པུས་འགྲོ་དང་བྲང་འགྲོ་དང༌། །གྲུ་མོ་བརྒྱངས་ཏེ་འགྲོ་བ་དང༌། །ལུས་ནི་གཅུ་ཞིང་འགྲོ་བ་དང༌། །ལག་པ་གཡུག་ཅིང་འགྲོ་བ་དང༌། །མགོ་བོ་བསྒྱུར་ཞིང་འགྲོ་བ་དང༌། །ཕྲག་པ་སྤྲད་དེ་འགྲོ་བ་དང༌། །ལག་པ་སྦྲེལ་ཏེ་འགྲོ་བ་དང༌། །ཁྱིམ་པས་མ་བསྐོས་སྟན་འདུག་དང༌། །མ་བརྟགས་འདུག་དང་ལྕིད་ཕབ་དང༌། །རྐང་པ་བསྣོལ་དང་བརླ་བསྣོལ་དང༌། །ལོང་སྟེང་ལོང་བུ་བཞག་པ་དང༌། །ཁྲི་འོག་རྐང་པ་དགུག་པ་དང༌། །རྐང་པ་སོ་སོར་བརྐྱངས་པ་དང༌། །འདོམས་ནི་སྣང་བར་འདུག་པ་དང༌། །ཟས་ནི་ལེགས་པར་མ་བླངས་དང༌། །ཁ་ད་ཆད་དུ་བླངས་པ་དང༌། །འབྲས་ཆན་དང་ནི་ཚོད་མ་དག །མཉམ་པོ་ཉིད་དུ་བླངས་པ་དང༌། །མཐར་ཆགས་སུ་ནི་མ་བླངས་དང༌། །ཡིད་མ་གཏད་པར་བླངས་པ་དང༌། །བཟའ་བ་དང་ནི་བཅའ་བ་རྣམས། །མ་འོངས་ལྷུང་བཟེད་བཟེད་པ་དང༌། །འབྲས་ཆན་ཚོད་མ་ཅི་རིགས་པ། །ལྷག་འདོད་ཕན་ཚུན་འགེབས་པ་དང༌། །ཟས་སྟེང་ལྷུང་བཟེད་བཟེད་པ་དང༌། །ཁ་ཟས་ཚུལ་མཐུན་མ་ཟོས་དང༌། །ཁམ་ནི་ཧ་ཅང་ཆུང་བ་དང༌། །ཁམ་ནི་ཤིན་ཏུ་ཆེ་བ་དང༌། །ཁམ་ནི་རན་པར་མ་ཟོས་དང༌། །ཟས་མ་འོངས་པར་ཁ་གདངས་དང༌། །ཁ་ནི་བཀང་སྟེ་སྨྲ་བ་དང༌། །ཙུག་ཙུག་དང་ནི་ཅག་ཅག་དང༌། །ཧུ་ཧུ་དང་ནི་ཕུ་ཕུ་དང༌། །ལྕེ་ཕྱིར་ཕྱུང་སྟེ་ཟ་བ་དང༌། །འབྲུ་ནི་རེ་རེར་བཟའ་བ་དང༌། །ཁ་ཟས་ལ་ནི་འཕྱ་བ་དང༌། །མཁུར་བ་གཡས་གཡོན་སྤོ་བ་དང༌། །རྐན་སྒྲ་གཏོགས་པར་བྱེད་པ་དང༌། །ཁམ་འཕྲོ་བཅད་ནས་ཟ་བ་དང༌། །ལག་པ་ལྡག་པར་བྱེད་པ་དང༌། །ལྷུང་བཟེད་སོར་མོས་འབྱོག་པ་དང༌། །ལག་པར་ཟས་ཟོས་སྤྲུག་པ་དང༌། །ཟས་བཅས་ལྷུང་བཟེད་སྐྱོམ་པ་དང༌། །ཟས་ལ་མཆོད་རྟེན་གཟུགས་བྱས་ཏེ། །གཞོམ་པར་བྱེད་ཅིང་ཟ་བ་དང༌། །གཞན་གྱི་ལྷུང་བཟེད་ལ་འཕྱ་དང༌། །ལག་པ་ཟས་ཀྱིས་གོས་པ་ཡིས། །ཆུ་སྣོད་དག་ལ་རེག་པ་དང༌། །འབག་ཆུས་དགེ་སློང་ལ་འཐོར་དང༌། །ཁྱིམ་བདག་དག་ལ་མ་དྲིས་པར། །འབག་ཆུ་ཅི་བདེར་འདོར་བ་དང༌། །ཟས་ལྷག་ལྷུང་བཟེད་ནང་ལྡུགས་དང༌། །ལྷུང་བཟེད་གཞི་མེད་འཇོག་པ་དང༌། །ལྷུང་བཟེད་གད་ཁར་འཇོག་པ་དང༌། །ལྷུང་བཟེད་གཡང་སར་འཇོག་པ་དང༌། །ལྷུང་བཟེད་དཀན་གཟར་འཇོག་པ་དང༌། །འགྲེང་སྟེ་ལྷུང་བཟེད་བཀྲུ་བ་དང༌། །ལྷུང་བཟེད་གད་ཁར་བཀྲུ་བ་དང༌། །ལྷུང་བཟེད་གཡང་སར་བཀྲུ་བ་དང༌། །ལྷུང་བཟེད་དཀན་གཟར་བཀྲུ་བ་དང༌། །ལྷུང་བཟེད་ཀྱིས་ནི་འབབ་ཆུའི་རྒྱུན། །བཟློག་སྟེ་ཆུ་ནི་གཅུ་བ་དང༌། །ཉན་པ་པོ་ནི་འདུག་པ་ལ། །འགྲེང་སྟེ་ཆོས་ནི་འཆད་པ་དང༌། །ཉལ་ལ་འདུག་སྟེ་འཆད་པ་དང༌། །ཉན་པོ་སྟན་ནི་མཐོན་པོའམ། །བཟང་པོ་དག་ལ་འདུག་པ་ལ། །སྟན་ནི་དམའ་བའམ་ངན་པ་ལ། །འདུག་སྟེ་ཆོས་ནི་འཆད་པ་དང༌། །ཉན་པོ་མདུན་ནས་འགྲོ་བ་ལ། །ཕྱི་ནས་འགྲོ་ཞིང་ཆོས་འཆད་དང༌། །ཉན་པོ་ལམ་ནས་འགྲོ་བ་ལ། །ལམ་གྱི་འགྲམ་ནས་ཆོས་འཆད་དང༌། །མགོ་གཡོགས་པ་ལ་ཆོས་འཆད་དང༌། །གོས་ནི་བརྫེས་ཏེ་འདུག་པ་དང༌། །ཕྲག་པ་གཉིས་ཀར་གོས་གཟར་དང༌། །ལག་གཉིས་གཉའ་བར་བསྣོལ་བ་དང༌། །ལག་གཉིས་ལྟག་པར་བསྣོལ་བ་དང༌། །དོ་ཀེར་ཅན་དང་ཞྭ་གྱོན་དང༌། །མགོ་ལ་ཅོད་པན་བཅིངས་པ་དང༌། །ཕྲེང་བ་བཅིང་དང་ཐོད་དཀྲིས་དང༌། །གླང་པོ་ཆེ་ལ་ཞོན་པ་དང༌། །རྟ་ལ་ཞོན་ཞིང་ཉན་པ་དང༌། །ཁྱོགས་ཀྱི་ནང་ན་འདུག་པ་དང༌། །བཞོན་པའི་སྟེང་ན་འདུག་པ་དང༌། །མཆིལ་ལྷམ་གྱོན་ཏེ་འདུག་པ་དང༌། །ལག་ན་འཁར་བ་ཐོགས་པ་དང༌། །ལག་ན་གདུགས་ནི་ཐོགས་པ་དང༌། །ལག་ན་མཚོན་ཆ་ཐོགས་པ་དང༌། །ལག་ན་རལ་གྲི་ཐོགས་པ་དང༌། །ལག་ན་དགྲ་ཆ་ཐོགས་པ་དང༌། །གོ་ཆ་གྱོན་ཞིང་ཉན་པ་སྟེ། །དེ་དག་རྣམས་ལ་ཆོས་བཤད་དང༌། །འགྲེང་སྟེ་བཤང་གཅི་བྱེད་པ་དང༌། །བཤང་གཅི་མཆིལ་སྣབས་སྐྱུགས་པ་སོགས། །ཆུ་ཡི་ནང་དུ་འདོར་བ་དང༌། །རྩྭ་སྔོན་སྐྱེས་པའི་ས་དག་ཏུ། །བཤང་གཅི་ལ་སོགས་འདོར་བ་དང༌། །དགོས་མེད་འདོམ་གང་ལས་མཐོ་བའི། །ཤིང་ལ་འཛེག་པར་བྱེད་པ་སྟེ། །ཉེས་བྱས་བརྒྱ་དང་བཅུ་གཉིས་སོ། །དེ་ལྟར་བསླབ་པའི་མི་མཐུན་ཕྱོགས། །ཐམས་ཅད་ལེགས་པར་ཤེས་བྱས་ནས། །བག་ཡོད་པ་དང་གུས་པ་དང༌། །ངོ་ཚ་ཤེས་དང་ཁྲེལ་ཡོད་དང༌། །དྲན་དང་ཤེས་བཞིན་བསྟེན་པ་དང༌། །དོན་ཉུང་བ་དང་བྱ་བ་ཉུང༌། །རྩེ་གཅིག་དབེན་པ་བསྟེན་པ་ཡི། །སྲོག་བཞིན་གཅེས་པར་བསྲུང་བར་བྱ།།ཞེས་སོ་ཐར་གྱི་སྡོམ་པའི་མི་མཐུན་ཕྱོགས་རྣམས་དྲན་ཞིང་སྡོམ་སེམས་བྱ། དེ་ནས།
              གཞན་ཡང་རྒྱལ་བ་སྲས་བཅས་ཀྱི། །སྤྱན་སྔར་ཁས་བླངས་དམ་བཅས་པའི། །རྒྱལ་སྲས་སྡོམ་པའི་མི་མཐུན་ཕྱོགས། །རྩ་བའི་ལྟུང་བ་བཅོ་བརྒྱད་ནི། །རྙེད་དང་བཀུར་སྟིས་ཆགས་པ་ཡིས། །བདག་བསྟོད་གཞན་ལ་སྨོད་པ་དང། །སྡུག་བསྔལ་མགོན་མེད་གྱུར་པ་ལ། །སེར་སྣའི་ཆོས་ནོར་མི་སྟེར་དང༌། །གཞན་གྱིས་བཤགས་ཀྱང་མི་ཉན་པར། །ཁྲོས་ནས་གཞན་ལ་འཚོག་པ་དང༌། །ཐེག་པ་ཆེན་པོ་སྤོང་བྱེད་ཅིང༌། །དམ་ཆོས་འདྲར་སྣང་སྟོན་པ་འོ། །དཀོན་མཆོག་གསུམ་གྱི་དཀོར་འཕྲོག་དང༌། །དམ་པའི་ཆོས་ནི་སྤོང་བྱེད་པ། །ཚུལ་ཁྲིམས་འཆལ་བའི་དགེ་སློང་ལའང༌། །ངུར་སྨྲིག་འཕྲོག་དང་བརྡེག་པ་དང༌། །བཙོན་རར་འཇུག་པར་བྱེད་པ་དང༌། །རབ་ཏུ་བྱུང་ལས་ཕབ་པ་དང༌། །མཚམས་མེད་ལྔ་པོ་བྱེད་པ་དང༌། །ལོག་པར་ལྟ་བ་འཛིན་པ་དང༌། །གྲོང་ལ་སོགས་པ་འཇིག་པ་དང༌། །བློ་སྦྱང་མ་བྱས་སེམས་ཅན་ལ། །སྟོང་པ་ཉིད་ནི་བརྗོད་པ་དང༌། །སངས་རྒྱས་ཉིད་ལ་ཞུགས་པ་དག །རྫོགས་པའི་བྱང་ཆུབ་བཟློག་པ་དང༌། །སོ་སོར་ཐར་པ་ཡོངས་སྤངས་ཏེ། །ཐེག་པ་ཆེ་ལ་སྦྱོར་བ་དང༌། །སློབ་པའི་ཐེག་པས་ཆགས་ལ་སོགས། །སྤོང་བར་འགྱུར་བ་མིན་ཞེས་འཛིན། །ཕ་རོལ་དག་ཀྱང་འཛིན་འཇུག་དང༌། །རང་གི་ཡོན་ཏན་བརྗོད་པ་དང༌། །རྙེད་པ་དང་ནི་བཀུར་སྟི་དང༌། །ཚིགས་བཅད་རྒྱུ་ཡིས་གཞན་སྨོད་དང༌། །བདག་ནི་ཟབ་མོ་བཟོད་པའོ་ཞེས། །ལོག་པ་ཉིད་ནི་སྨྲ་བ་དང༌། །དགེ་སྦྱོང་ཆད་པས་གཅོད་འཇུག་དང༌། །དཀོན་མཆོག་གསུམ་གྱི་སྦྱིན་བྱེད་དང༌། །སྦྱིན་པ་ལེན་པར་བྱེད་པ་དང༌། །ཞི་གནས་འདོར་བར་བྱེད་པ་དང༌། །ཡང་དག་འཇོག་གི་ལོངས་སྤྱོད་རྣམས། །ཁ་ཏོན་བྱེད་ལ་སྦྱིན་པ་དང༌། །བྱང་ཆུབ་སེམས་གཉིས་སྤངས་པ་སོགས། །རྩ་ལྟུང་ཀུན་དང་ཉེས་བྱས་ཀྱང༌། །དཀོན་མཆོག་གསུམ་ལ་གསུམ་མི་མཆོད། །འདོད་པའི་སེམས་ཀྱི་རྗེས་སུ་འཇུག །རྒན་པ་རྣམས་ལ་གུས་མི་བྱེད། །དྲིས་པ་ལ་ནི་ལན་མི་འདེབས། །མགྲོན་པོས་བདག་གིར་མི་བྱེད་དང༌། །གསེར་ལ་སོགས་པ་ལེན་མི་བྱེད། །ཆོས་འདོད་པ་ལ་སྦྱིན་མི་བྱེད། །ཚུལ་ཁྲིམས་འཆལ་རྣམས་ཡལ་བར་འདོར། །ཕ་རོལ་དད་ཕྱིར་སློབ་མི་བྱེད། །སེམས་ཅན་དོན་ལ་བྱ་བ་ཆུང་། །སྙིང་བརྩེར་བཅས་པར་མ་བྱས་དང༌། །འཚོ་བ་ལོག་པ་དང་དུ་ལེན། །འཕྱར་ནས་རབ་ཏུ་རྒོད་ལ་སོགས། །འཁོར་བར་གཅིག་པུ་བགྲོད་པར་སེམས། །གྲགས་པ་མ་ཡིན་མི་སྤོང་དང༌། །ཉོན་མོངས་བཅས་ཀྱང་འཆོས་མི་བྱེད། །གཤེ་ལ་ལན་དུ་གཤེ་ལ་སོགས། །ཁྲོས་པ་རྣམས་ནི་ཡལ་བར་འདོར། །ཕ་རོལ་ཤད་ཀྱིས་ཆགས་པ་སྤོང༌། །ཁྲོ་བའི་སེམས་ཀྱི་རྗེས་སུ་འཇུག །རྙེད་བཀུར་འདོད་ཕྱིར་འཁོར་རྣམས་སྡུད། །ལེ་ལོ་ལ་སོགས་སེལ་མི་བྱེད། །ཆགས་པས་བྲེ་མོའི་གཏམ་ལ་བརྟེན། །ཏིང་ངེ་འཛིན་གྱི་དོན་མི་འཚོལ། །བསམ་གཏན་སྒྲིབ་པ་སྤོང་མི་བྱེད། །བསམ་གཏན་རོ་ལ་ཡོན་ཏན་ལྟ། །ཉན་ཐོས་ཐེག་པ་སྤོང་བར་བྱེད། །རང་ཚུལ་ཡོད་བཞིན་དེ་ལ་བརྩོན། །བརྩོན་མིན་ཕྱི་རོལ་བསྟན་བཅོས་བརྩོན། །བརྩོན་པར་བྱས་ཀྱང་དེ་ལ་དགའ། །ཐེག་པ་ཆེན་པོ་སྤོང་བར་བྱེད། །བདག་ལ་བསྟོད་ཅིང་གཞན་ལ་སྨོད། །ཆོས་ཀྱི་དོན་དུ་འགྲོ་མི་བྱེད། །དེ་ལ་སྨོད་དང་ཡི་གེ་རྟེན། །དགོས་པའི་གྲོགས་སུ་འགྲོ་མི་བྱེད། །ནད་པའི་རིམ་གྲོ་བྱ་བ་སྤོང༌། །སྡུག་བསྔལ་སེལ་བར་མི་བྱེད་དང༌། །བག་མེད་རྣམས་ལ་རིགས་མི་སྟོན། །བྱས་ལ་ལན་དུ་ཕན་མི་འདོགས། །གཞན་གྱི་མྱ་ངན་སེལ་མི་བྱེད། །ནོར་འདོད་པ་ལ་སྦྱིན་མི་བྱེད། །འཁོར་རྣམས་ཀྱི་ནི་དོན་མི་བྱེད། །གཞན་གྱི་བློ་དང་མཐུན་མི་འཇུག །ཡོན་ཏན་བསྔགས་པ་སྨྲ་མི་བྱེད། །རྐྱེན་དུ་འཚམ་པར་ཚར་མི་གཅོད། །རྫུ་འཕྲུལ་སྡིགས་སོགས་མ་བྱས་དང༌། །གཞན་ལ་ཆོས་དང་ཟང་ཟིང་གིས། །སྐྱོང་བར་འོས་པ་ལ་བསྐྱངས་དང༌། །གཞན་གྱིས་གནོད་པ་ཁོན་འཛིན་ཞིང༌། །རིས་སུ་བཅད་ནས་ཆགས་སྡང་བྱེད། །དམ་པ་མ་བསྟེན་ཐོས་བསམ་དོར། །ཟས་གོས་སོགས་ལ་སྤྱོད་པའི་ཚེ། །གཞན་དོན་བསམ་པས་མ་ཟིན་དང༌། །ཆོས་སྤྱོད་ཀུན་ལ་སེམས་བསྐྱེད་ཀྱིས། །མ་ཟིན་ནག་ཆོས་མ་སྤང་ཞིང༌། །དཀར་ཆོས་བཞི་ལ་མ་བསླབ་དང༌། །གཞན་དོན་བརྩོན་པར་མ་བྱས་སོགས། །འགྲོ་ཀུན་མགྲོན་དུ་གཉེར་བ་ལས། །བསླུས་པའི་ཉེས་ལྟུང་མཐའ་ཡས་པ། །སྔོན་བྱས་མཐའ་དག་མཐོལ་ཞིང་བཤགས། །ད་ནི་སྲོག་དང་བསྡོས་ཏེ་བསྲུང༌། །ཞེས་བྱང་སེམས་དང༌། དཀྱིལ་འཁོར་ལྷ་ཚོགས་སྤྱན་སྔ་རུ། །ཁས་བླང་དམ་ཚིག་སྡོམ་པ་ཞེས། །དངོས་གྲུབ་ཀུན་གྱི་གཞིར་གྱུར་པ། །དེ་དང་འགལ་བྱས་ལྟུང་བ་ནི། །དཔལ་ལྡན་བླ་མ་དམ་པ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །མཎྜལ་མེ་ཏོག་བཅས་ཕུལ་ནས། །ཕྱག་ནི་འཚལ་བར་མ་བྱས་དང༌། །དཔོན་སློབ་འབྲེལ་བ་མ་བརྟགས་པར། །ཆོས་ལ་ཉན་བཤད་བྱས་པ་དང༌། །བླ་མ་ལ་བརྙས་སྨད་པ་དང༌། །བླ་མའི་ཐུགས་ནི་དཀྲུགས་པ་དང༌། །ཡིད་འོང་ཡོན་ནི་མ་ཕུལ་དང༌། །རྟག་ཏུ་དམ་ཚིག་མ་བསྲུངས་དང༌། །རྟག་ཏུ་བདེ་གཤེགས་མ་མཆོད་དང༌། །རྟག་ཏུ་བླ་མ་མ་མཆོད་དང༌། །བླ་མ་དང་ནི་རྡོ་རྗེ་འཛིན། །ཐ་དད་པར་ནི་བསམ་པ་དང༌། །བླ་མའི་གྲིབ་མ་ལྷམ་དང་སྟན། །བཞོན་པ་སོགས་ལ་འགོམས་པ་དང༌། །བཀའ་བསྒོ་གུས་པས་མ་ཉན་དང༌། །མི་ནུས་ཤད་སྦྱང་འོས་པ་ལ། །ཤད་སྦྱང་དག་ནི་མ་བྱས་དང༌། །བླ་མའི་རྫས་ལ་སྲོག་བཞིན་དང༌། །འཁོར་ལ་གཉེན་བཞིན་མ་བསམ་དང༌། །དྲུང་དུ་མལ་སྟན་ལ་འདུག་དང༌། །བསྒོ་བ་མ་ཐོབ་སྔོན་འགྲོ་དང༌། །བླ་མ་ལས་སྔར་སྟན་གྱི་སྟེང༌། །རྐང་པ་འཇོག་པ་གྲུ་རྒྱངས་བྱེད། །བླ་མ་བཞེངས་ཚེ་ཉལ་དང་འདུག །བཞུགས་པ་དག་ན་ཉལ་བ་དང༌། །བླ་མའི་དྲུང་དུ་མཆིལ་མ་སོགས། །དོར་དང་རྐང་པ་རྐྱོང་བ་དང༌། །འཆག་དང་ཁ་སྟོབས་འགྱེད་པ་དང༌། །ཡན་ལག་མཉེ་དང་གར་དག་དང༌། །གླུ་དང་རོལ་མོ་བྱས་པ་དང༌། །བྲེ་མོའི་གཏམ་རྣམས་སྨྲས་པ་དང༌། །ལྡང་འདུག་གུས་པར་མ་བྱས་དང༌། །བླ་མའི་དྲུང་དུ་ལུས་གཅུ་དང༌། །ཀ་བ་སོགས་ལ་བརྟེན་པ་དང༌། །སོར་མོའི་ཚིགས་ནི་འཐེན་པ་དང༌། །དྲིལ་ཕྱི་སྐུ་མཉེ་ལ་སོགས་ལ། །ཐོག་མཐར་ཕྱག་ནི་མ་བྱས་དང༌། །ཞལ་སྔར་ལྡན་པ་མ་སྦྱར་བར། །བླ་མའི་མཚན་ནས་སྨོས་པ་དང༌། །གཞན་དག་གུས་པར་བྱ་བའི་ཕྱིར། །ཁྱད་པར་ཅན་གྱི་ཚིག་མ་བརྗོད། །རྒོད་དང་ལུད་པ་ལ་སོགས་ལ། །ལག་པས་ཁ་ནི་མ་བཀབ་དང༌། །བྱ་བ་ཟིན་ནས་འཇམ་པ་ཡི། །ཚིག་གི་བརྡ་ནི་མ་སྦྱར་དང༌། །མདུན་དུ་དུལ་བས་མི་འདུག་དང༌། །གོས་སོགས་ཚུལ་ནི་མ་བསྡམས་དང༌། །གསང་སྔགས་དམ་ཆོས་ཉན་པའི་ཚེ། །པུས་བཙུགས་ཐལ་མོ་སྦྱར་བྱས་ནས། །གསོལ་བ་ལན་གསུམ་མ་བཏབ་དང༌། །ང་རྒྱལ་སྒེག་ཆོས་ཀུན་སྤངས་ནས། །དུལ་ཞིང་བག་ཡོད་མ་བསྟེན་དང༌། །བླ་མས་གནང་བ་མ་ཐོབ་པར། །བླ་མ་གནས་པའི་ས་ཕྱོགས་དེར། །རབ་གནས་དཀྱིལ་འཁོར་སྦྱིན་སྲེག་དང༌། །སློབ་མ་སྡུད་དང་འཆད་པ་དང༌། །བླ་མའི་སློབ་མ་སློབ་མར་བྱས། །སྤྱན་འབྱེད་སོགས་ལ་ཅི་ཐོབ་པ། །དེ་ཀུན་བླ་མར་མ་ཕུལ་དང༌། །དེ་ཡིས་བསྟབས་པ་བླངས་ནས་ནི། །གཞན་ལ་ཅི་བདེར་མ་བྱས་དང༌། །སློབ་དཔོན་ལ་ནི་གང་ཕུལ་དང༌། །བླ་མས་ཀྱང་ནི་གང་སྩལ་བ། །དེ་ལ་བཏུད་དེ་ལག་གཉིས་ཀྱིས། །ལེན་པ་སོགས་ནི་མ་བྱས་དང༌། །བླ་མའི་དྲུང་དུ་གཞན་དག་གིས། །ཕྱག་སོགས་བྱེད་པ་མ་བཟློག་དང༌། །རང་གི་ཀུན་སྤྱོད་ལ་བརྩོན་པས། །སྤུན་གྱི་རང་སྤྱོད་ལས་འདས་པ། །དགའ་བས་ཕན་ཚུན་མ་བཟློག་དང༌། །བདེ་གཤེགས་བླ་མའི་བཀའ་འདས་དང༌། །སྤུན་ལ་ཁྲོས་ནས་སྐྱོན་སྨྲས་དང༌། །སྤུན་གྱི་ཆོས་ལྡན་ངག་བཅག་དང༌། །སེམས་ཅན་རྣམས་ལ་བྱམས་པ་སྤངས། །སེམས་ཅན་ལ་ནི་ཁྲོས་པ་དང༌། །བྱང་ཆུབ་སེམས་གཉིས་སྤངས་པ་དང༌། །རང་གཞན་གྲུབ་མཐའ་ལ་སྨད་དང༌། །མ་སྨིན་པ་ལ་གསང་བ་བསྒྲགས། །ཕུང་པོ་ལ་བརྙས་སྨད་པ་དང༌། །སྟོང་པ་ཉིད་ནི་སྤངས་པ་དང༌། །གདུག་པ་ཅན་ལ་བྱམས་པར་བྱས། །སྒྱུ་ཡིས་བྱམས་པ་བསྟེན་པ་དང༌། །རྒྱུན་པར་སྟོང་ཉིད་མ་བསྒོམས་དང༌། །བདེ་བ་ཆེན་པོའི་གདམས་ངག་དང༌། །སྟོང་ཉིད་ཚོལ་བར་མ་བྱས་དང༌། །དད་ལྡན་སུན་པར་བྱས་པ་དང༌། །རྣལ་འབྱོར་པ་ཡི་སྐྱོན་སྨྲས་དང༌། །དམ་རྫས་ཚུལ་བཞིན་མ་བསྟེན་དང༌། །བུད་མེད་ལ་ནི་སྨོད་པ་སོགས། །རྩ་ལྟུང་བཅུ་བཞི་བསྡུས་པ་དང༌། །ཤེས་རབ་སྟོབས་ཀྱིས་ལེན་པ་དང༌། །དེ་ཡི་བདུད་རྩི་སྟོབས་ཀྱིས་ལེན། །སྣོད་མིན་ལ་ནི་མི་གསང་དང༌། །ཚོགས་ཀྱི་ནང་དུ་རྩོད་པ་དང༌། །དད་ལྡན་ལ་གཞན་ཆོས་སྟོན་དང༌། །ཉན་ཐོས་ནང་དུ་ཞག་བདུན་གནས། །རྫུན་གྱིས་རྣལ་འབྱོར་ང་རྒྱལ་བྱེད། །དད་པ་མེད་ལ་ཆོས་སྟོན་དང༌། །སྦྱོར་བ་ལེགས་པར་མ་བྱས་པར། །སྐལ་མིན་གསང་བ་སྟོན་པ་དང༌། །བསྙེན་སོགས་དག་པར་མ་བྱས་པར། །དཀྱིལ་འཁོར་ལས་ལ་འཇུག་པ་དང༌། །སྡོམ་པ་གཉིས་ཀྱི་བཅས་པ་ལས། །དགོས་པ་མེད་པར་འདས་པ་དང༌། །རྩ་ལྟུང་སྦོམ་པོའི་ལྟུང་བ་ལ། །སྡོམ་སེམས་དུས་དྲུག་མ་བཏང་དང༌། །ཚུལ་ཁྲིམས་གསུམ་དང་འགལ་བ་དང༌། །སྐྱབས་འགྲོ་དུས་དྲུག་མ་གྲུབ་དང༌། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡི། །དམ་ཚིག་བསྟེན་པར་མ་བྱས་དང༌། །སློབ་དཔོན་དུས་དྲུག་མ་མཆོད་དང༌། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་དུས་དྲུག་མ་བྱིན་དང༌། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་ཆོས་འཛིན་འདོད་མ་བསྐྱེད་དང༌། །སྡོམ་པ་དང་ནི་མཆོད་པ་ལ། །དུས་དྲུག་བརྩོན་པར་མ་བྱས་དང༌། །སེམས་ཅན་འདུལ་ཕྱིར་མ་གཏོགས་པར། །བྱ་བ་མ་ཡིན་མ་སྤངས་དང༌། །རྣལ་འབྱོར་པ་རྣམས་མ་མཆོད་དང༌། །དགེ་བཅུ་སྒྲུབ་ལ་མི་བརྩོན་དང༌། །ཐེག་པ་དམན་ལ་འདོད་བྱས་དང༌། །སེམས་ཅན་དོན་ལ་རྒྱབ་ཕྱོགས་དང༌། །འཁོར་བ་དག་ཀྱང་སྤངས་པ་དང༌། །རྟག་ཏུ་མྱ་ངན་འདས་ཆགས་དང༌། །ལྷ་དང་ལྷ་མིན་གསང་བ་པ། །དེ་དག་རྣམས་ལ་བརྙས་པ་དང༌། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང༌། །མཚན་མ་འགོམས་དང་ཟོས་པ་དང༌། །དེ་བཞིན་དམན་མ་ལྷ་ཡི་གྲིབ། །རྐང་པ་དག་གིས་བརྫིས་པ་སོགས། །སྦོམ་པོའི་གཞི་ལས་གྱུར་པ་དང༌། །རིགས་ལྔ་སོ་སོའི་དམ་ཚིག་ལས། །འདས་པར་གྱུར་པ་ལ་སོགས་པ། །མདོར་ན་རྡོ་རྗེ་ཐེག་པ་ཡི། །འདུལ་བ་དང་འགལ་ཉེས་པ་ཀུན། །ཁོང་བར་སོང་བའི་དུག་བཞིན་དུ། །འགྱོད་པ་དྲག་པོས་བཤགས་པར་བགྱི། །བླ་མ་ཡི་དམ་དཀོན་མཆོག་གསུམ། །ཐུགས་རྗེས་བྱིན་རླབས་ཆུ་རྒྱུན་གྱིས། །བདག་གི་སྒོ་གསུམ་ཉེས་ལྟུང་ཀུན། །བྱང་ཞིང་དག་པར་བྱིན་གྱིས་རློབས། །
             ཞེས་སྔགས་སྡོམ་གྱི་ལྟུང་བའི་བསྔོ་བགྲང་རྣམས་དལ་བུས་བྱེད་ཅིང༌། རང་ལ་ཉིན་དེར་བྱུང་མ་བྱུང་བརྟགས་ནས། བྱུང་འདུག་ན་ཕྱིར་བཅོས་དང་ལྟུང་བ་སྤྱི་བཤགས་སོགས་བྱ་ལ་སྔགས་ཀྱི་རྩ་ལྟུང་སྦྱང་བའི་ཕྱིར་བདག་འཇུག་བླང་བ་སོགས་ཀྱང་ནན་ཏན་དུ་བྱ། ཁྱད་པར་དུ་ད་ལྟ་བསྟན་པའི་གཟུགས་བརྙན་ཁོ་ནར་སོང་བའི་དབང་གིས་དགེ་སློང་དུ་ཁས་འཆེ་བ་ཕལ་མོ་ཆེ་ཞིག་ཆོས་གོས་དང་མ་བྲལ་བ་ཙམ་ལས་ལྷག་པའི་བསྲུང་བྱ་གཞན་མེད་པ་ལྟ་བུར་གོ་སྣང་ལ། མཐང་གོས་སོགས་དང་འབྲལ་སྤངས་ཡོད་པའི་གཏམ་ཙམ་ཡང་མ་ཚོར་འདུག་པས། དེའི་ཤན་ལ་བརྟེན་ནས་བླ་གོས་ཀྱི་བྱིན་རླབས་ཀྱང་རྨེག་མེད་དུ་སོང་སྟེ། སྤང་ལྟུང་འབའ་ཞིག་གི་ཕུང་པོར་འགྱུར་ཞིང༌། འཆང་སྤང་སོགས་ལ་ཡང་ཡིད་ཟོན་བྱེད་པ་མི་སྣང་མོད། སྤྱིར་ལྟུང་བ་དང་ཞག་ཏུ་མི་འགྲོགས་པ་གལ་ཆེ་ལ། ཁྱད་པར་དུ་དུས་ངེས་པའི་མཐའ་ཅན་རྣམས་ལ་གཟབ་པར་མ་བྱས་ན། ལྟུང་བ་དངོས་དང་དེའི་ཤན་ཡང་འཕེལ་ཁ་སོགས་རིམ་གྱིས་ནགས་ལ་མེ་མཆེད་པ་ལྟར་བཟློག་དཀའ་བས། ཉིན་དེར་རང་ལ་ཡོ་བྱད་གསར་པ་བྱུང་མ་བྱུང་བརྟག་སྟེ། མཁོ་བའི་ཡོ་བྱད་དུ་བྱིན་གྱིས་བརླབས་པའི་དངོས་པོ་ནི། འཚོ་བའི་ཡོ་བྱད་དང་ལྷག་པའི་ཡོ་བྱད་གཉིས་ལས་གཞན་པ་ཟོང་གོས་སུ་ངེས་པ་དང༌། མ་ངེས་པ་གཉིས་གང་ཡང་རུང་བ། ཆོས་ལྡན་གྱི་དགོས་པའི་ཕྱིར་ཡིན་པ། ཁྲུ་གང་ཡན་ཆད་དུ་ལོངས་པ་སོགས་བཟུང་སྟེ། ཆོ་ག་ནི་ལྷ་དགོངས་སུ་གསོལ། གོས་འདི་བདག་དང་ཚངས་པ་མཚུངས་པར་སྤྱོད་པ་ལ་མཁོ་བའི་ཡོ་བྱད་ཀྱི་གོས་སུ་བྱིན་གྱིས་བརླབ་བོ། །ཞེས་ལན་གསུམ། འདི་ནི་དཀར་པོ་དང༌། ཁ་ཚར་ཅན་ལ་སོགས་པ་ལ་ཡང་བྱིན་རླབས་འཆགས་སོ། །འཚོ་བའི་ཡོ་བྱད་ཕྲན་ཚེགས་ནི། ཞྭ་དང་སྐ་རགས་དང་སྟན་ལ་སོགས་པ་ཁྲུ་གང་དུ་ལོངས་པ་རྣམས། བདག་མིང་འདི་ཞེས་བགྱི་བའི་གོས་འདི་ཞྭར་བྱིན་གྱིས་བརླབ་བོ། །ཞེས་ལན་གསུམ་བརྗོད་གཞན་རྣམས་ལ་ཡང་འདིས་རིགས་བསྒྲེ་བར་བྱའོ། །ཁྲུ་གང་དུ་མ་ལོངས་པ་རྣམས་ལ་རང་རང་གི་མིང་དུ་ལན་གཅིག་སེམས་བསྐྱེད་ཅིང༌། ཞེན་པ་མེད་པར་བཅང་ངོ༌། །ལྷག་པའི་ཡོ་བྱད་གདོང་ཕྱིས་ལ་སོགས་པ་ཁྲུར་མ་ལོངས་པ་རྣམས་ནི་ཡིད་ཀྱིས་བརྟག་སྟེ་བཅང་ངོ༌། །མཁོ་བའི་ཡོ་བྱད་ཕྲན་ཚེགས་ནི་རང་གཞན་གྱི་ཆོས་ལྡན་གྱི་དགོས་པའི་ཆེད་དུ་འཆང་བའི་ཁྲུ་གང་དུ་མ་ལོངས་པའི་གོས་ཟོང་གོས་སུ་ངེས་པ་དང༌། མ་ངེས་པ་རྣམས་ཡིན་པས་ཡིད་ཀྱིས་བརྟག་པ་བྱས་ལ་བཅང་ངོ༌། །བསམ་པ་ནི་འཚོ་བའི་ཡོ་བྱད་ལ་རང་གི་དང༌། ལྷག་པའི་ཡོ་བྱད་ལ་གཞན་གྱི་དང༌། མཁོ་བའི་ཡོ་བྱད་ལ་རང་གཞན་གཉིས་ཀའི་བློས་བཅང་ངོ༌། །མི་རུང་བའི་དངོས་པོ་ལ། ལྷ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བས་དངོས་པོ་རུང་བ་མ་ལགས་པ་འདི་རྙེད་དེ། བདག་དགེ་སློང་མིང་འདི་ཞེས་བགྱི་བས་དངོས་པོ་རུང་བ་མ་ལགས་པ་འདི་བྱིན་གྱིས་བརླབ་བོ། །དངོས་པོ་རུང་བ་མ་ལགས་པ་འདིས་དངོས་པོ་རུང་བ་བསྒྲུབ་པར་བགྱིའོ། །ཞེས་ལན་གསུམ་བརྗོད། སྨན་དང་ཤེས་པ་ཆུང་ངུའི་རུང་ཁང་བྱིན་རླབས་སོགས་ཀྱང་གལ་ཆེ་ལ་འདིར་མ་བྲིས་པས། འདུལ་འཛིན་གྱི་གཞི་གསུམ་ཆོ་ག་དང༌། རྗེ་བཙུན་ཡེ་ཤེས་རྒྱལ་མཚན་གྱི་གཞི་གསུམ་གསལ་བྱེད་སོགས་སུ་བལྟའོ། །གལ་ཏེ་འདི་དག་གིས་གོས་ན་ཡོ་བྱད་རྣམས་སྤངས་ཏེ་ལྟུང་བ་མིང་རིགས་མཐུན་པས་མ་གོས་པའི་དགེ་སློང་གི་མདུན་དུ་ཕྱིར་བཅོས་བྱས་ནས་སླར་ཡང་བྱིན་རླབས་བྱ། དེ་ནས་ཐུན་གྱི་མཐར་བཟང་པོ་སྤྱོད་པ་སོགས་སྨོན་ལམ་རྒྱས་པའམ། དེའི་དོན་བསྡུས་པ། འཇམ་དཔལ་དཔའ་བོ་ཞེས་སོགས་ཤོ་ལོ་ཀ་གཉིས་དང༌། ལམ་རིམ་སྨོན་ལམ་དང་བསྟན་འབར་མའམ། བསྡུ་ན། རྒྱལ་སྲས་སྨོན་ལམ་གངྒཱའི་ཀླུང་རྣམས་ནི། །དམ་ཆོས་འཛིན་པའི་སྨོན་ལམ་ནང་འདུས་པར། །གསུངས་ཕྱིར་དགེ་རྩ་ཇི་སྙེད་བསགས་པ་རྣམས། །ཀུན་ཀྱང་ཐུབ་བསྟན་རྒྱས་པའི་རྒྱུ་རུ་བསྔོ། །ཞེས་དང༌། ཤེས་ཀྱི་ཁེ་འདོད་པ་དང་གྲགས་པ་དང༌། །འཁོར་དང་ལོངས་སྤྱོད་རྙེད་དང་བཀུར་སྟིའི་རྒྱུར། །སྐད་ཅིག་ཙམ་ཡང་ནམ་ཡང་མི་སྨིན་པར། །བླ་མེད་བྱང་ཆུབ་ཁོ་ནའི་རྒྱུར་གྱུར་ཅིག །ཅེས་སོགས་དང༌། བདེ་བ་ཅན་ནམ་དགའ་ལྡན་ལྟ་བུར་འཕེན་པ་བྱེད་ན་ཡང་དེའི་སྨོན་ཚིག་ཅི་རིགས་སྦྱོར། སྔར་གྱི་དགེ་སྦྱོར་ལ་སྡོང་གྲོགས་མཛད་པའི་གཏང་རག་དང༌། སང་ཕན་ཆད་ཀྱི་འཕྲིན་ལས་བཅོལ་བའི་ཕྱིར་སྐྱེས་བུ་གསུམ་གྱི་ལམ་གྱི་ཆོས་སྐྱོང་སོགས་ལ་གཏོར་འབུལ་རྒྱས་བསྡུས་ཅི་རིགས་བྱ། ནམ་གུང་གི་ཐུན་ལ་ལྡང་ནུས་ན་ལེགས་ཀྱང༌། མ་ལྕོགས་ན་དེའི་དོད་དུ་ཉལ་ཁར་སླར་ཡང་ཐུན་དྲུག་གི་རྣལ་འབྱོར་ཤིན་ཏུ་བསྡུས་པ་ཚར་གཅིག་བྱ། དེ་ནས་སང་འདི་ཙམ་གྱི་དུས་སུ་ལངས་ལ་དགེ་སྦྱོར་ལ་བརྩོན་པར་བྱེད་སྙམ་པའི་འཕེན་པ་བཏང་ནས། རབ་གཉིད་དུས་ཀྱི་བསྲེ་བ་དང༌། གཞན་དགེ་བའི་དྲན་ཤེས་དང་ལྡན་པས་ཉལ་བར་བྱ་སྟེ། མགོན་པོ་ཀླུའི་ཞབས་ཀྱིས། རིགས་པའི་བདག་ཉིད་ཉིན་པར་མཐའ་དག་དང༌། །མཚན་མོའང་ཐུན་གྱི་སྟོད་སྨད་འདས་ནས་ནི། །མནལ་ཚེའང་འབྲས་བུ་མེད་པར་མི་འགྱུར་བར། །དྲན་དང་ལྡན་པར་དེ་དག་བར་དུ་མནོལ། །ཞེས་གསུངས་པ་ལྟར་རོ། །
སྨྲས་པ། ཚུལ་ཁྲིམས་རྣམ་པར་དག་པའི་ལུས་མཛེས་ཤིང༌། །ཐོས་བསམ་འདབ་ཟུང་གཡོ་བའི་བྷྲ་མ་རཿ །རྣམ་གཡེང་འདུ་འཛིས་དབེན་པའི་སྐྱེད་ཚལ་དུ། །ངེས་འབྱུང་གླུ་དབྱངས་ལེན་དེ་སྐྱིད་པའི་མཆོག །དེ་ལྟའི་བསོད་ནམས་བསགས་པའི་སྐལ་བཟང་གིས། །ཆོས་སྤྱོད་ཇི་ལྟར་བྱ་བ་དྲང་པོའི་ལམ། །གསལ་བར་བྱེད་པའི་ལེགས་བཤད་སྒྲོན་མ་འདིས། །ལམ་གོལ་རྨོངས་པའི་མུན་པ་སངས་པར་གྱིས། །སྙིགས་དུས་སྐྱེ་བོའི་ཚེ་ལ་ལོང་མེད་ཅིང༌། །སྲིད་པའི་ཕུན་ཚོགས་ཉེས་མང་མནོག་ཆུང་བས། །གྲོགས་དག་འབྲས་མེད་སྤུན་པ་མ་འཕྱར་བར། །གཏན་གྱི་འདུན་མ་བསྒྲུབས་ན་མི་ལེགས་སམ། །སྡུག་བསྔལ་ཆུ་གཏེར་ཆེ་ལས་སྒྲོལ་བའི་གྲུ། །དལ་བརྒྱད་འབྱོར་བཅུ་ལྡན་པའི་རྟེན་ཐོབ་ནས། །བག་མེད་གཉིད་དང་ལེ་ལོས་དུས་འདའ་བ། །ངན་སོང་གནས་སུ་ལྷུང་ཚེ་མི་འགྱོད་དམ། །ཟས་ནོར་བསགས་པ་ཀུན་གྱི་མཐའ་འཛད་ཅིང༌། །གཉེན་མང་དུ་མ་འདུས་ཀྱང་སོ་སོར་འབྲལ། །མཐོན་པོའི་མཐའ་རྒུད་སྐྱེས་པ་ཀུན་འཆི་ན། །ཟོན་མེད་བདེ་བར་སྡོད་པ་ཁྱོད་ཁོམ་མམ། །དེ་བས་ནམ་མཇུག་འཆད་ཀའི་བུང་བ་དང༌། །ལོང་མེད་དགུན་ཉི་ལྟ་བུའི་ཚེ་ཐུང་འདི། །བདེ་དང་སྡུག་བསྔལ་ཇི་ལྟར་གྱུར་ཀྱང་སླ། །བརྩོན་པས་བྱང་ཆུབ་དམ་པ་བསྒྲུབས་ན་ལེགས། །འདིར་འབད་དགེ་བས་ཐུབ་བསྟན་མཁའ་དབྱིངས་སུ། །སྒྲུབ་རྒྱུད་བསྟན་པའི་ཉི་མ་རབ་གསལ་ཞིང༌། །ཐེག་གསུམ་རིགས་ཅན་རིགས་ཀྱི་འདབ་བརྒྱ་བ། །རྣམ་གྲོལ་གེ་སར་སྙིང་པོས་མཛེས་གྱུར་ཅིག །
             ཅེས་ཚེ་གཅིག་གི་ཉམས་ལེན་རྣམས་ཉིན་ཞག་ཕྲུགས་གཅིག་ལ་སྦྱར་ཏེ་ལག་ཏུ་བསྟར་བའི་ཚུལ་ཆོས་སྤྱོད་གསལ་བའི་སྒྲོན་མེ་ཞེས་བྱ་བ་འདི་ནི་རྒྱལ་བའི་གསུང་རབ་ལ་ཐོས་བསམ་ཚུལ་བཞིན་དུ་བྱས་པ་རྡོ་རམས་པ་ཚངས་དབྱངས་རྒྱལ་མཚན་གྱིས་ཐོས་དོན་སྒྲུབ་པ་ལ་ཆེད་དུ་དབེན་པའི་རི་ཁྲོད་དུ་འགྲོ་བར་ཆས་པའི་ཚེ་འདི་ལྟ་བུ་ཞིག་དགོས་ཞེས་ནན་ཏན་དུ་བསྐུལ་བར་བརྟེན་ཐུན་དྲུག་གི་རྣལ་འབྱོར་དང་སྡོམ་པ་གསུམ་གྱི་བསྔོ་བགྲང་སོགས་ལ་ཉམས་ལེན་གྱི་མཐིལ་དུ་བྱེད་པ་ནི་རྒྱལ་བའི་དགོངས་པ་མཐར་ཐུག་པ་དང་མཉམ་མེད་རི་བོ་དགེ་ལྡན་པའི་ཁྱད་ཆོས་བླ་ན་མེད་པ་ཡིན་པས་དེ་རྣམས་གཙོ་བོར་བཟུང༌། བྱིན་རླབས་ཀྱི་ཁྱད་ནས་རྗེ་ཡབ་སྲས་དང་པཎ་ཆེན་ཐམས་ཅད་མཁྱེན་པའི་གསུང་གི་ཚིག་རིས་རྣམས་རང་སོར་བཞག །བར་མཚམས་སུ་ཚིག་སྦྱོར་ཅུང་ཟད་སྣོན་དགོས་པ་རྣམས་བསྣན་ཏེ། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་དཔལ་ལྡན་བཀྲ་ཤིས་འཁྱིལ་གྱི་འདུ་ཁང་ཆེན་མོའི་ཡང་རྩེར་སྦྱར་བ་འདིས་ཀྱང་འཇམ་མགོན་བསྟན་པའི་སྙིང་པོ་ཕྱོགས་དུས་ཀུན་ཏུ་རྒྱས་པར་གྱུར་ཅིག།། །།

                                                                                                           རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
     གསལ་འདེབས། 
                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
 

བརྒྱུད་འགོད།