བདེ་མཆོག་ལྷ་ལྔའི་སྒྲུབ་ཐབས་མདོར་བསྡུས་

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-13 16:58:11     རྩོམ་པ་པོ།   ཕ་བོང་ཁའི་སྤྲུལ་མིང་པ།    ཀློག་ཐེངས།  

187018631294314052.jpg

༄༅།།ན་མོ་གུ་རུ་ཙ་ཀྲ་སམྦ་རཱ་ཡ།བདེ་མཆོག་ལྷ་ལྔའི་སྒྲུབ་ཐབ་མདོར་བསྡུས་ནི།སངས་རྒྱས་ཆོས་དང་དགེ་འདུན་ལ།།རྟག་ཏུ་བདག་ནི་སྐྱབས་སུ་མཆི།།སེམས་ཅན་ཀུན་གྱི་དོན་གྱི་ཕྱིར།།བདག་ནི་ཧེ་རུ་ཀར་གྱུར་ཅིག།ཅེས་སྐྱབས་སེམས་བྱས་ལ།ༀ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོཉ་ཧཾ།རང་གི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་བརྟན་གཡོ་ཐམས་ཅད་སྦྱངས་ཏེ་འོད་དུ་ཞུ་བ་རང་ལ་ཐིམ་ཞིང་རང་ཡང་སྟོད་སྨད་ནས་རིམ་གྱིས་ཐུགས་ཀའི་ཧཱུཾ་ལ་ཐིམ།ཧཱུཾ་ཡང་རིམ་གྱིས་འོད་དུ་ཞུ་ནས་འོད་གསལ་སྟོང་པ་ཉིད་དུ་གྱུར།ཅེས་འཆི་བ་ཆོས་སྐུ་དང་།སྟོང་པའི་ངང་ལས་རང་གི་སེམས་ནཱ་དའི་གཟུགས་གྱེན་དུ་འགྲེང་བ་དཀར་ལ་དམར་བའི་མདངས་ཅན་དུ་གྱུར།ཅེས་བར་དོ་ལོངས་སྐུ་དང་།སྟོང་པའི་ངང་ལས་སྐད་ཅིག་གིས་རྡོ་རྗེའི་ས་གཞི་ར་བ་གུར་བླ་རེ་མེ་རི་དང་བཅས་པའི་ནང་དུ་རླུང་མེ་ཆུ་རི་རབ་ཀྱི་སྟེང་དུ་སྣ་ཚོགས་པདྨ་ལ་གནས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བར་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་དབུས་སུ་དབྱངས་དཀར་པོ་ཕྲག་གཉིས་དང་གསལ་བྱེད་དམར་པོ་ཕྲག་གཉིས་ཞུ་བ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་དཀར་ལ་དམར་བའི་མདངས་ཅན་གྱི་དབུས་སུ་ནཱ་ད་ཞུགས་པ་རིམ་གྱིས་ཧཱུཾ་ཡིག་ཏུ་གྲུབ་པ་ལས་འོད་ཟེར་འཕྲོས།དོན་གཉིས་བྱས།འདུས་ཡོངས་སུ་གྱུར་པ་ལས་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུས་ཅིག་ཏུ་གྲུབ་པར་གྱུར།ཅེས་སྐྱེ་བ་སྤྲུལ་སྐུའི་ལམ་འཁྱེར་བསྒོམ།དེ་ཡང་དུར་ཁྲོད་སྲུང་འཁོར་དང་བཅས་པའི་ནང་དུ་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་དང་བཅས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཉི་མའི་དཀྱིལ་འཁོར།ཕྱོགས་བཞིའི་འདབ་མར་ཉི་མ་དང་རོའི་གདན་རེ་རེ།དབུས་ཀྱི་ཉི་མའི་གདན་ལ་རང་ཉིད་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་རྡོ་རྗེ་ཕག་མོ་དམར་མོ་གཅེར་མོ་རུས་པའི་རྒྱན་གྱིས་སྤྲས་ཤིང་གྲི་ཐོད་འཛིན་པ་ལ་འཁྱུདཔ།རལ་པའི་ཐོར་ཅོག་ལ་སྣ་ཚོགས་རྡོ་རྗེ་དང་ཟླ་ཕྱེད་ཀྱིས་མཚན་པ།ཐོད་སྐམ་ལྔའི་དབུ་རྒྱན་དང་རློན་པ་ལྔ་བཅུའི་དོ་ཤལ་ཅན།སྟག་ལྤགས་ཀྱི་ཤམ་ཐབས་དང་རུས་པའི་རྒྱན་དྲུག་གསོལ་ཞིང་གར་དགུའི་ཉམས་དང་ལྡན་པ།ཞབས་གཡས་བརྐྱང་པས་འཇིགས་བྱེད་ནག་པོའི་མགོ་བོ་དང་།གཡོན་བསྐུམ་པས་དུས་མཚན་མ་དམར་མོའི་ནུ་མ་མནན་པ།ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ།ཕྱོགས་བཞིའི་གདན་ན་ཤར་དུ་མཁའ་འགྲོ་མ་ནག་མོ།བྱང་དུ་ལཱ་མ་ལྗང་གུ།ནུབ་ཏུ་ཁཎྜ་རོ་ཧི་དམར་མོ།ལྷོར་གཟུགས་ཅན་མ་སེར་མོ།ཐམས་ཅད་ཀྱང་ཞལ་གཅིག་མ།སྤྱན་གསུམ་མ།མཆེ་བ་རྣམ་པར་གཙིགས་པའི་ཞལ་ཅན།གཅེར་མོ་སྐྲ་གྲོལ་ཞིང་ལང་ཚོ་གཞོན་ནུ་རྒྱས་པ།ཕྱག་བཞིའི་གཡས་གཉིས་གྲི་གུག་དང་ཌཱ་མ་རུ།གཡོན་གཉིས་ཐོད་པ་དང་ཁ་ཊྭངྒ་འཛིན་པ།གཡས་བརྐྱང་གིས་བཞུགས་པ།ཕྱག་རྒྱ་ལྔས་བརྒྱན་པ།མི་མགོ་སྐམ་པོ་ལྔའི་ཐོད་དང་མི་མགོ་པོ་ལྔ་བཅུའི་དོ་ཤལ་ཅན།མཚམས་ཀྱི་འདབ་མ་བཞིར་ཟླ་གདན་ལ་བུམ་པ་བདུད་རྩིས་གང་བའི་སྟེང་དུ་ཀཱ་པ་ལ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བ་རེ་རེ།ལྷ་རྣམས་ཀྱི་སྤྱི་བོར་ཟླ་བ་ལ་ༀ་དཀར་པོ།མགྲིན་པར་པདྨ་ལ་ཨཱཿདམར་པོ།ཐུགས་ཀར་ཉི་མ་ལ་ཧཱུཾ་སྔོན་པོ།ཕཻཾ།ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་དབང་ལྷ་དང་བཅས་པ་སྤྱན་དྲངས།ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་གྱུར།དབང་གི་ལྷས་དབང་བསྐུར།ཡབ་རྡོར་སེམས་དང་ཡུམ་ལ་རྣམ་སྣང་གིས་དབུ་བརྒྱན་པར་གྱུར།ཅེས་བསྐྱེད་ལ།ༀ་ཙ་ཀྲ་ས་མྦ་ར་ས་པ་རི་ཝཱ་ར་ཨརྒྷཾ།པཱ་དྱེ།པུཥྤེ།དྷཱུ་པེ།གནྡྷེ།ནཻ་ཝི་དྱ།ཤཔྟ་པྲ་ཏཱི་ཙྪ་སྭཱ་ཧཱས་ཕྱི་མཆོད།ༀ་ཙ་ཀྲ་ས་མྦ་ར་ས་པ་རི་ཝཱ་ར་ༀ་ཨཱཿཧཱུཾ།གིས་ནང་མཆོད།ཡབ་ཡུམ་སྙོམས་པར་ཞུགས་པས་ལྷན་སྐྱེས་ཀྱི་བདེ་སྟོང་སྐྱེས་པར་གྱུར།གྱིས་གསང་མཆོད་ཕུལ།ཤེས་བྱའི་འཁོར་ལོ་ལྷན་སྐྱེས་མཆོག་གི་དབྱིངས།།སྡོམ་མཛད་ཧེ་རུ་ཀ་དཔལ་ཡབ་ཡུམ་དང་།།མཛེས་སྡུག་ཕྱོགས་ཀྱི་ལྷ་མོ་རྣམ་བཞི་སོགས།།རྟེན་དང་བརྟེན་པའི་བཀོད་པར་གུས་ཕྱག་འཚལ།།ཞེས་བསྟོད།ལྷའི་རྣམ་འབྱོར་བསྒོམ་ཞིང་སྐྱོན།འཕྲེང་བ་གསུང་རྡོ་རྗེ་པདྨ་གར་དབང་གི་ངོ་བོར་གྱུར།ཡབ་ཡུམ་གྱི་ཐུགས་ཀར་ཉི་གདན་ལ་ཧཱུཾ་ཡིག་གི་མཐར་སྔགས་འཕྲེང་གིས་བསྐོར་བ་ལས་སྤྲོ་བ་དང་བསྡུ་བའི་མཛད་པ་ཅན་དུ་གྱུར།ༀ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ།ཌཱ་ཀི་ནཱི་ཛཱ་ལ་ཤཾ་བ་རཾ་སྭཱཧཱ།ཞེས་ཡབ་དང་།ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ།ཞེས་ཡུམ་གྱི་སྙིང་པོ་བཟླ།མཇུག་ཏུ།གཞལ་ཡས་ཁང་དང་ཡུམ་རང་ལ་ཐིམ་པར་བསམ་ལ།སེམས་ཅན་ཀུན་གྱི་དོན་གྱི་ཕྱིར།།བདག་ནི་ཧེ་རུ་ཀར་གྱུར་ནས།།སེམས་ཅན་ཐམས་ཅད་ཧེ་རུ་ཀའི།།གོ་འཕང་མཆོག་ལ་འགོད་པར་ཤོག།ཅེས་སྨོན་ལམ་བྱའོ།།ཞེས་པ་འདི་ནི་དགེ་ལྡན་བསྟན་ལ་མི་འཕྲོག་པའི་དད་པ་དང་ལྡན་ཞིང་།མདོ་སྔགས་ལམ་གྱི་རིམ་པར་གཅིག་ཏུ་མོས་པ་ལྷུན་བྱེད་པ་རྒྱ་ཀླིས་ཧ་ན་ཆུའི་ཉམས་ལེན་དུ།ཕ་བོང་ཁའི་སྤྲུལ་མིང་པས་རྗེ་དྷ་རྨ་བྷ་དྲའི་གསུང་ལ་ཁ་བསྐང་སྟེ་སྦྱར་པའོ།།འགྲོ་དོན་འཕེལ།

 

                                              རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 
གསལ་འདེབས། 
                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།