སྒྲོལ་མ་ཙིཏྟ་མ་ཎི་ལ་བརྟེན་པའི་ཐུན་མོང་མ་ཡིན་པའི་བླ་མའི་རྣལ་འབྱོར་ཐར་བར་བགྲོད་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།།

    སྤེལ་དུས།  2016-10-13 15:40:31         ཀློག་ཐེངས།  

༅།།བདག་ལུས་ཐ་མལ་སྤྱི་བོར་པད་ཟླའི་སྟེང༌།།ཐུགས་རྗེའི་གཏེར་ཆེན་རྒྱལ་ཡུམ་སྒྲོལ་མ་དང༌།།དབྱེར་མེད་དྲིན་ཅན་རྩ་བའི་བླ་མ་ནི།།སྐུ་མདོག་དཀར་དམར་མཚན་དཔེའི་ལང་ཚོར་ལྡན།།ཕྱག་གཡས་ཆོས་འཆད་རྡོ་རྗེ་པད་དཀར་དང༌།།གཡོན་པས་དྲིལ་བུ་དང་བཅས་པདྨ་དཀར།།འཛིན་པའི་ཆུ་སྐྱེས་སྙན་ཐད་འདབ་མ་རྒྱས།།ཆོས་གོས་གསུམ་གསོལ་གསེར་མདོག་པཎ་ཞྭས་མཛེས།།རྡོ་རྗེའི་སྐྱིལ་ཀྲུང་འོད་གུར་དབུས་ན་བཞུགས།།ཐུགས་ཀར་ལྷག་པའི་ལྷ་མོ་མར་གད་མདོག།ཕྱག་གཡས་མཆོག་སྦྱིན་གཡོན་པས་ཨུཏྤལ་ལ།།དཀོན་མཆོག་གསུམ་མཚོན་ཕྱག་རྒྱས་ཐུགས་ཀར་འཛིན།།དར་དང་རིན་ཆེན་རྒྱན་གྱིས་མཛེས་པར་ཀླུབས།།གཡས་བརྐྱང་གཡོན་བསྐུམ་འོད་གུར་དབུས་བཞུགས་པའི།།ཐུགས་ཀར་ཏཱཾ་ཡིག་ལྗང་གུ་འོད་ཟེར་འབར།།སེམས་དཔའ་གསུམ་གྱི་བདག་ཉིད་ཅན་གྱུར་པའི།།གནས་ལྔར་ཨོཾ་ཨཱཿཧཱུཾ་དང་སྭཱཧཱས་མཚན།།སྣང་སྟོང་ཡེ་ཤེས་རང་སྣང་རིག་རྩལ་གསལ།།ཐུགས་ཀའི་འོད་ཀྱིས་སྐྱབས་གནས་མ་ལུས་པ།།སྤྱན་དྲངས་ཐིམ་པས་ཀུན་འདུས་བདག་ཉིད་གྱུར།།སྤྱི་གཙུག་ནོར་བུར་བྱང་ཆུབ་བར་དུ་བཞུགས།།སྒོ་གསུམ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ།།དངོས་བཤམས་ཡིད་སྤྲུལ་མཆོད་པ་མ་ལུས་འབུལ།།ཐོག་མེད་ནས་བསགས་སྡིག་ལྟུང་ཐམས་ཅད་བཤགས།།སྐྱེ་འཕགས་དགེ་བ་ཀུན་ལ་རྗེས་ཡི་རང༌།།ཟབ་ཅིང་རྒྱ་ཆེའི་ཆོས་འཁོར་བསྐོར་དུ་གསོལ།།བདག་གཞན་དགེ་བ་བྱང་ཆུབ་ཆེན་པོར་བསྔོ།།ཐུགས་ཀར་ཏིང་འཛིན་སེམས་དཔའི་མཐའ་སྐོར་དུ།།ཡི་གེ་བཅུ་པའི་སྔགས་ཀྱིས་བསྐོར་བར་གྱུར།།པར་བསམས་ལ།ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ།ཅི་ནུས་བཟླས་མཐར།གསོལ་འདེབས་ཀྱི་ཚུལ་དུ་བླ་མའི་མཚན་སྔགས་བརྒྱའམ་ཉེར་གཅིག་རེ་བཟླ།གདུང་ཤུགས་དྲག་པོས་གསོལ་བ་བཏབ་པའི་མཐུས།།བླ་མའི་སྐུ་གསུང་ཐུགས་ལས་འོད་ཟེར་ནི།།དཀར་དམར་མཐིང་གསུམ་རང་གི་གནས་གསུམ་ཐིམ།།སྡིག་སྒྲིབ་ཀུན་སྦྱངས་བུམ་གསང་ཤེར་དབང་ཐོབ།།སླར་ཡང་སྭཱཧཱ་གཉིས་ལས་སྣ་ཚོགས་འོད།།འཕྲོས་ཏེ་རང་གི་གནས་ལྔར་ཐིམ་པ་ལས།།དབང་བཞི་ཐོབ་ཅིང་སྐུ་བཞི་འགྲུབ་ནུས་བཞག།དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ།།བདག་གི་སྙིང་གར་པདྨོའི་སྟེང་བཞུགས་ལ།།བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ།།སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ།།ཞེས་དབང་བཞི་ལེན་པ་དང༌།སྙིང་ཞུགས་ཀྱི་དམིགས་པ་རྣམས་བྱ༑བླ་མའི་རྣལ་འབྱོར་འདི་ནི་ལམ་གྱི་སྲོག་ཤིང་ངམ།ཐར་བར་བགྲོད་པའི་ཐེམ་སྐས་ལྟ་བུ་མེད་དུ་མི་རུང་བ་ཡིན་ཅིང༌།བྱིན་རླབས་དང་དངོས་གྲུབ་ཐམས་ཅད་བླ་མ་ལ་བརྟེན་ནས་འབྱུང་བས་ངེས་པར་ཉམས་སུ་བླང་བར་བྱའོ།།


བརྒྱུད་འགོད།