བླ་མ་དང་སྤྱན་རས་གཟིགས་དབྱེར་མེད་ཀྱི་རྣལ་འབྱོར་དངོས་གྲུབ་ཀུན་འབྱུང་ཞེས་བྱ་བ་བཞུགས་སོ།།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-13 15:30:22     རྩོམ་པ་པོ།   ཡེ་ཤེས་བསྟན་འཛིན།    ཀློག་ཐེངས།  

 

903091_13308780479av9.jpg

༄༅།།རྒྱལ་ཀུན་སྙིང་རྗེའི་རང་བཞིན་བཅུ་དྲུག་ཆ།།ཡོངས་རྫོགས་བྱིན་རླབས་བདུད་རྩིའི་འོད་དཀར་ཅན།།བླ་མ་སྤྱན་རས་གཟིགས་ལ་གུས་བཏུད་ནས།།དེ་ཡི་རྣལ་འབྱོར་ཟབ་མོའི་ཆོ་ག་སྤེལ།།དེ་ལ་འདིར་བྱིན་རླབས་དང༌།དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་བླ་མ་ལ་རག་ལས་པར་མདོ་རྒྱུད་དུ་མ་ནས་ལན་གཅིག་མ་ཡིན་པར་བསྔགས་པ་བཞིན་རང་ལ་ལམ་ཕྱིན་ཅི་མ་ལོག་པར་སྟོན་པའི་བླ་མ་དང་ལྷག་པའི་ལྷ་ངོ་བོ་དབྱེར་མེད་དུ་བྱས་ནས་གསོལ་འདེབས་པ་ཉིད་གཏན་གྱི་མདུན་མའི་གཞི་རྟེན་གཅིག་པུར་གལ་ཆེ་ཞིང༌།དེ་ཡང་རང་གང་ལ་མོས་པའི་ཡི་དམ་གྱི་ངོ་བོར་མོས་ཆོག་ཀྱང༌།ཐེག་པ་ཆེན་པོའི་ལམ་གྱི་སྲོག་ལྟ་བུ་ནི༑བྱམས་སྙིང་རྗེ།བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཁོ་ན་ཡིན་ཅིང༌།སྙིང་རྗེ་ཆེན་པོ་ཐོག་མཐའ་བར་གསུམ་དུ་གལ་ཆེ་བར་གསུངས་པས།རང་གི་རྩ་བའི་བླ་མ་དང༌།སྙིང་རྗེའི་ལྷ་མཆོག་འཕགས་པ་སྤྱན་རས་གཟིགས་ཟུང་འབྲེལ་གྱི་རྣལ་འབྱོར་ཉམས་སུ་ལེན་པར་འདོད་པའི་རྣལ་འབྱོར་པས་ཡིད་དུ་འོང་བའི་གནས་སུ་མཆོད་རྫས་སོགས་ལེགས་པར་འདུ་བྱས་ལ།སྟན་བདེ་བ་ལ་འཁོད་དེ།དགེ་སེམས་ཁྱད་པར་ཅན་གྱི་ངང་ནས་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་པ་བཞི་བསྒོམ་པ་སྔོན་དུ་བཏང༌།ཐམས་ཅད་དུ་ནི་ས་གཞི་དག།གསེག་པ་ལ་སོགས་མེད་པ་དང༌།།ལག་མཐིལ་ལྟར་མཉམ་བཻ་ཌཱུརྱའི།།རང་བཞིན་འཇམ་པོར་གནས་གྱུར་ཅིག།ལྷ་དང་མི་ཡི་མཆོད་པའི་རྫས།།དངོས་སུ་བཤམས་དང་ཡིད་ཀྱིས་སྤྲུལ།།ཀུན་བཟང་མཆོད་སྤྲིན་བླ་ན་མེད།།ནམ་མཁའི་ཁམས་ཀུན་ཁྱབ་གྱུར་ཅིག།ཨོཾ་ན་མོ་བྷ་ག་ཝ་ཏེ།བཛྲ་སར་པྲ་མརྡ་ནེ་ཏ་ཐཱ་ག་ཏཱ་ཡ།ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ།ཏདྱ་ཐཱ།ཨོཾ་བཛྲེ་བཛྲེ།མཧཱ་བཛྲེ།མཧཱ་ཏི་ཛ་བཛྲེ།མཧཱ་བིདྱ་བཛྲེ།མཧཱ་བོ་དྷི་ཙིཏྟ་བཛྲེ།མཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ།སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱཧཱ།ཞེས་ལན་གསུམ་བརྗོད།དཀོན་མཆོག་གསུམ་གྱི་བདེན་པ་དང༌།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་དང་ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང༌།ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེ་བཞིན་དུ་གྱུར་ཅིག།ཅེས་ས་གཞི་དང༌།མཆོད་རྫས་བྱིན་གྱིས་བརླབས།དེ་ནས།བདེ་ཆེན་ལྷུན་གྲུབ་ཆོས་སྐུའི་མཁའ་དབྱིངས་སུ།།སྣ་ཚོགས་ཀུན་བཟང་མཆོད་སྤྲིན་འཁྲིགས་པའི་དབུས།།སེང་གེས་བཏེགས་པའི་འོད་འབར་ནོར་བུའི་ཁྲིར།།ཆུ་སྐྱེས་ཉི་ཟླ་རྒྱས་པའི་གདན་སྟེང་དུ།།སྙིང་རྗེའི་གཏེར་ཆེན་འཕགས་མཆོག་འཇིག་རྟེན་དབང༌།།རྣམ་པ་ངུར་སྨྲིག་འཆང་བའི་ཟློས་གར་ཅན།།རྩ་བའི་བླ་མ་གསུམ་ལྡན་རྡོ་རྗེ་འཛིན།།རྗེ་བཙུན་བློ་བཟང་བསྟན་འཛིན་རྒྱ་མཚོའི་དཔལ།།དཀར་དམར་གདངས་གསལ་དགྱེས་པའི་འཛུམ་ཞལ་ཅན།།ཕྱག་གཡས་ཐུགས་ཀར་ཆོས་འཆད་ཕྱག་རྒྱ་ཡིས།།གླེགས་བམ་རལ་གྲིས་མཚན་པའི་པད་དཀར་དང༌།།གཡོན་པ་མཉམ་བཞག་རྩིབས་སྟོང་འཁོར་ལོ་བསྣམས།།གུར་ཀུམ་མདངས་ལྡན་ཆོས་གོས་རྣམ་གསུམ་དང༌།།བཙོ་མའི་གསེར་མདོག་པཎ་ཞྭ་མཛེས་པར་གསོལ།།ཕུང་ཁམས་སྐྱེ་མཆེད་ཡུལ་དང་ཡན་ལག་རྣམས།།རིགས་ལྔ་ཡབ་ཡུམ་སེམས་དཔའ་སེམས་མ་དང༌།།ཁྲོ་བོའི་རང་བཞིན་དཀྱིལ་འཁོར་འཁོར་ལོར་རྫོགས།།སྣ་ལྔའི་འོད་ཕྲེང་འཁྲུགས་པའི་གུར་ཁྱིམ་དབུས།།ཞབས་གཉིས་མི་ཕྱེད་རྡོ་རྗེ་སྐྱིལ་ཀྲུང་ཚུལ།།གང་འདུལ་སྒྱུ་འཕྲུལ་དྲ་བའི་སྤྲིན་ཕུང་འགྱེད།།ཐུགས་ཀར་ཡེ་ཤེས་སེམས་དཔའ་སྤྱན་རས་གཟིགས།།ཞལ་གཅིག་ཕྱག་བཞིའི་དང་ཟུང་ཐལ་མོ་སྦྱར།།འོག་མས་ཤེལ་ཕྲེང་པདྨ་དཀར་པོ་བསྣམས།།རིན་ཆེན་རྒྱན་དང་དར་གྱི་ན་བཟའ་མཛེས།།རི་དྭགས་ལྤགས་པས་ནུ་མ་གཡོན་པ་བཀབ།།ཟླ་ཡི་ཐུགས་ཀར་ཏིང་འཛིན་སེམས་དཔའ་ནི།།ཧྲཱིཿཡིག་དཀར་གསལ་འོད་ཟེར་ཕྱོགས་བཅུར་འཕྲོ།།བླ་མའི་གནས་གསུམ་རྡོ་རྗེ་གསུམ་གྱིས་མཚན།།ཐུགས་ཀའི་ཧཱུཾ་ཡིག་ལས་འཕྲོས་འོད་ཟེར་གྱིས།།རབ་འབྱམས་མཆོག་གསུམ་མ་ལུས་སྤྱན་དྲངས་ཏེ།།ཐིམ་པས་སྐྱབས་གནས་ཀུན་འདུས་ངོ་བོར་གྱུར།།ཅེས་བླ་མ་སེམས་དཔའ་སུམ་བརྩེགས་ཀུན་འདུས་ནོར་བུའི་ལུགས་སུ་གསལ་གདབ།གསལ་རྫོགས་མཚན་དཔེས་མཛེས་པའི་མཐོང་གྲོལ་སྐུ།།སྙན་འཇེབས་དྲུག་ཅུའི་དབྱངས་ལྡན་འགག་མེད་གསུང༌།།ཟབ་ཡངས་མཁྱེན་བརྩེ་དཔག་པར་དཀའ་བའི་ཐུགས།།གསང་གསུམ་རྒྱན་གྱི་འཁོར་ལོར་གུས་ཕྱག་འཚལ།།བདག་པོས་བཟུང་དང་མ་བཟུང་མཆོད་པའི་རྫས།།དངོས་བཤམས་ཡིད་སྤྲུལ་ལུས་དང་ལོངས་སྤྱོད་དང༌།།དུས་གསུམ་བསགས་པའི་རྣམ་དཀར་དགེ་ཚོགས་ཀུན།།ཀུན་བཟང་མཆོད་སྤྲིན་རྒྱ་མཚོར་དམིགས་ནས་འབུལ།།མ་རིག་འཐིབ་པོའི་སྨག་གིས་ཡིད་ནོན་པས།།བཅས་རང་ཁ་ན་མ་ཐོའི་སྡིག་ལྟུང་སོགས།།ལོག་པར་འཕྱན་པའི་ནོངས་པ་ཅི་མཆིས་པ།།འགྱོད་སྡོམ་དྲག་པོས་དམིགས་མེད་ངང་དུ་བཤགས།།དཔལ་ལྡན་བླ་མའི་རྣམ་པར་ཐར་པ་དང༌།།ཐེག་གསུམ་སྐྱེ་འཕགས་རང་གཞན་ཐམས་ཅད་ཀྱི།།དུས་གསུམ་རྣམ་དཀར་དགེ་བའི་ཕུང་པོ་ལ།།སྙིང་ནས་བསམ་པ་ཐག་པས་རྗེས་ཡི་རངས།།སྣ་ཚོགས་གདུལ་བྱའི་ཁམས་ཀྱི་རྗེས་སོང་བའི།།དམ་ཆོས་སྐབས་གསུམ་ལྷ་ཡི་རོལ་མོའི་སྒྲ།།ཟབ་ཞིའི་དབྱངས་སུ་འཁྲོལ་བས་ཡིད་ཅན་ཀུན།།ཤེས་ཉོན་སྒྲིབ་པའི་གཉིད་ལས་སློང་དུ་གསོལ།།སྲིད་ཞིའི་མུ་མཐའ་བྲལ་བའི་མངོན་རྟོགས་ལ།།འགྲོ་ཀུན་བདེ་བའི་དབུགས་འབྱིན་མ་ཐོབ་བར།།ཞབས་ཟུང་ཨེ་ཝཾ་མི་ཤིགས་སྐྱིལ་མོ་ཀྲུང༌།།གཞོམ་མེད་རྡོ་རྗེའི་ཁྲི་ལ་བརྟན་པར་བཞུགས།།རྣམ་དཀར་ལེགས་བྱས་བགྱིས་དང་བགྱིད་འགྱུར་ཀུན།།རྗེ་བཙུན་བླ་མས་འབྲལ་མེད་རྗེས་འཛིན་ཅིང༌།།ཀུན་བཟང་སྤྱོད་མཆོག་སྨོན་ལམ་ཡོངས་འགྲུབ་ནས།།འགྲོ་ཀུན་དོན་དུ་རྫོགས་བྱང་ཐོབ་ཕྱིར་བསྔོ།།ས་གཞི་སྤོས་ཀྱིས་བྱུགས་ཞིང་མེ་ཏོག་བཀྲམ།།རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི།།སངས་རྒྱས་ཞིང་དུ་དམིགས་ཏེ་དབུལ་བར་བགྱི།།འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག།བདག་གཞན་ལུས་ངག་ཡིད་གསུམ་ལོངས་སྤྱོད་དུས་གསུམ་དགེ་ཚོགས་དང༌།།རིན་ཆེན་མཎྜལ་བཟང་པོ་ཀུན་བཟང་མཆོད་པའི་ཚོགས་དང་བཅས།།བློ་ཡིས་བླངས་ནས་བླ་མ་ཡི་དམ་དཀོན་མཆོག་གསུམ་ལ་འབུལ།།ཐུགས་རྗེའི་དབང་གིས་བཞེས་ནས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ།།ཨི་དཾ་གུ་རུ་རཏྣ་མཎྜལ་ཀཾ་ནི་རྱ་ཏ་ཡཱ་མི།ཞེས་ཡན་ལག་བདུན་པ་མཎྜལ་དང་བཅས་པ་འབུལ།རྗེ་བཙུན་བླ་མའི་ཐུགས་ཀའི་ཧྲཱིཿཡིག་ལས།།བདུད་རྩི་འོད་ཟེར་སྣ་ལྔའི་རྒྱུན་བབས་ཏེ།།རང་གི་སྤྱི་བོ་ནས་ཞུགས་སྡིག་སྒྲིབ་སྦྱང༌།།མཆོག་ཐུན་དངོས་གྲུབ་མ་ལུས་ཐོབ་པར་གྱུར།།ཅེས་བརྗོད་ཅིང་བསམས་ལ།ཨོཾ་ཨཱཿགུ་རུ་བཛྲ་དྷ་ར་ཝཱ་གིནྡྲ་སུ་མ་ཏི་ཤཱ་ས་ན་དྷ་ར་ས་མུ་དྲ་ཤྲཱི་བྷ་དྲ་སརྦ་སིད་དྷི་ཧཱུཾ་ཧཱུཾ།ཞེས་མཚན་སྔགས་གང་འགྲུབ་བཟླ།དེ་ནས་འདོད་བྱའི་དོན་ལ་གསོལ་བ་འདེབས་པ་ནི།༈འཕྲལ་དང་ཡུན་གྱི་བདེ་བ་མ་ལུས་པའི།།གཞིར་གྱུར་མ་ནོར་ལམ་སྟོན་དྲིན་ཅན་རྗེ།།རབ་འབྱམས་སྐྱབས་ཀྱི་ཕུང་པོར་ངེས་རྙེད་ནས།།བསམ་སྦྱོར་དག་པས་བསྟེན་པར་བྱིན་གྱིས་རློབས།།ནོར་མཆོག་བྱེ་བས་བསྐྲུན་མིན་དལ་འབྱོར་རྟེན།།ཐོབ་ཀྱང་མི་བརྟན་ནམ་འདོར་ཆ་མེད་པས།།འདི་སྣང་བྱ་བས་ནམ་ཡང་མི་གཡེང་བར།།དམ་ཆོས་སྤྱོད་པས་འདའ་བར་བྱིན་གྱིས་རློབས།།བཟོད་དཀའ་ངན་འགྲོའི་འཇིགས་ལས་སྐྱོབས་པའི་ཕུལ།།མཆོག་གསུམ་གཏན་གྱི་སྐྱབས་སུ་ལེགས་བཟུང་སྟེ།།དཀར་ནག་ལས་འབྲས་ཇི་བཞིན་སེམས་པ་ཡིས།།སྡིག་སྤོང་དགེ་སྒྲུབ་ནུས་པར་བྱིན་གྱིས་རློབས།།སྲིན་མོའི་བསླུ་བྲིད་ཇི་བཞིན་ལྷ་དབང་གི།ཕུན་ཚོགས་ཀུན་ཀྱང་བསླུ་བའི་ཆོས་ཅན་དུ།།མཐོང་བའི་ངེས་འབྱུང་དྲག་པོས་རྒྱུད་བསྐུལ་ནས།།བསླབ་གསུམ་ཉམས་ལེན་བྱེད་པར་བྱིན་གྱིས་རློབས།།ཐོག་མེད་དུས་ནས་དྲིན་གྱིས་ལེགས་བསྐྱངས་པའི།།སྲིད་ཞིའི་རྒུད་པས་མནར་བའི་མར་གྱུར་འགྲོའི།།ངང་ཚུལ་བསམས་ནས་སེམས་མཆོག་རབ་བསྐྱེད་དེ།།སྤྱོད་པ་རྒྱ་མཚོར་སློབ་པར་བྱིན་གྱིས་རློབས།།རབ་དྭངས་གཡོ་མེད་མཉམ་བཞག་མེ་ལོང་ངོགས།།མཐའ་བྲལ་གདོད་ནས་སྟོང་པའི་ངོ་མཚར་འབུམ།།འགོག་མེད་བཀྲ་བའི་ཞི་ལྷག་ཟུང་འབྲེལ་གྱི།།རྣལ་འབྱོར་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས།།མཚན་ལྡན་རྡོ་རྗེ་འཛིན་པའི་བཤེས་གཉེན་གྱི།།དྲིན་ལས་ཆེས་ཟབ་སྔགས་ཀྱི་སྒོར་ཞུགས་ནས།།དངོས་གྲུབ་རྩ་བ་དམ་ཚིག་སྡོམ་པ་རྣམས།།ཚུལ་བཞིན་བསྲུང་བར་ནུས་པར་བྱིན་གྱིས་རློབས།།གཉིས་མེད་བདེ་སྟོང་ཡེ་ཤེས་མཚོན་རྣོན་གྱིས།།ཀུན་བྱེེད་ལས་རླུང་རྒྱུ་བ་རབ་བཅད་ནས།།སྐུ་ཐུགས་ཟུང་འཇུག་བདེ་ཆེན་ཕྱག་རྒྱ་ཆེ།།ཚེ་འདིར་མངོན་དུ་འགྱུར་བར་བྱིན་གྱིས་རློབས།།ཞེས་མདོ་སྔགས་ཀྱི་ལམ་ཡོངས་རྫོགས་རྒྱུད་ལ་སྐྱེ་བའི་གསོལ་འདེབས་དང་བཤར་སྒོམ་བྱས་མཐར་བླ་མ་སྙིང་ཞུགས་དང་འབྲེལ་བའི་ཡིག་དྲུག་གི་བཟླས་པ་བྱས་པ་ནི།དེ་ལྟར་གསོལ་བ་བཏབ་པས་བླ་མ་མཆོག།དགྱེས་བཞིན་བྱོན་ཏེ་རང་གི་ཚངས་བུག་བརྒྱུད།།འདབ་བརྒྱད་སྙིང་དབུས་མི་ཤིགས་ཐིག་ལེར་ཐིམ།།དེ་ཉིད་སླར་ཡང་པད་ཟླར་བླ་མའི་སྐུ།།སེམས་དཔའ་སུམ་བརྩེགས་སྔར་བཞིན་གསལ་བ་ཡི།།ཐུགས་ཀའི་ཧྲཱིཿམཐར་ཡིག་དྲུག་སྔགས་ཕྲེང་གིས།།བསྐོར་ལས་བདུད་རྩིའི་རྒྱུན་བབས་ནད་གདོན་དང༌།།སྡིག་སྒྲིབ་ཀུན་བྱང་ལུང་རྟོགས་ཡོན་ཏན་རྒྱས།།སྲས་བཅས་རྒྱལ་བའི་བྱིན་རླབས་མ་ལུས་ཐོབ།།སླར་ཡང་འོད་འཕྲོས་སྣོད་བཅུད་སྐྱོན་སྦྱངས་ཏེ།།སྣང་གྲག་རིག་གསུམ་འཕགས་པའི་གསང་གསུམ་དུ།།འཁྱེར་བའི་རྣལ་འབྱོར་མཆོག་ལ་གནས་པར་གྱུར།།ཅེས་བརྗོད་ཅིང་བསམས་ལ།ཡིག་དྲུག་ཅི་ནུས་སུ་བཟླ།མཐར་ཡི་གེ་བརྒྱ་པས་བརྟན་པར་བྱས་ལ།འདིས་མཚོན་ལེགས་བྱས་ཟླ་གཞོན་འབུམ་གྱི་གཟིས།།བློ་གཏེར་རྒྱས་བའི་ཆོས་ཚུལ་ཀུནྡའི་ཚལ།།བཤད་སྒྲུབ་གེ་སར་དགོད་པས་ས་ཆེན་ཁྱོན།།ཤིས་པ་སྒྲུབ་པས་སྲིད་མཐར་མཛེས་གྱུར་ཅིག།ཕུན་ཚོགས་དགེ་ལེགས་བྱེ་བས་རབ་བརྗིད་པའི།།དགའ་ལྡན་ཆབ་སྲིད་ནོར་བུའི་རྒྱལ་མཚན་ཆེ།།མི་ནུས་སྲིད་གསུམ་བླ་ན་སྒྲེང་བ་ཡིས།།ཕན་བདེའི་འདོད་པ་འབུམ་དུ་འཇོ་གྱུར་ཅིག།རྒྱ་ཆེན་དབྱིག་འཛིན་སྒེག་མོའི་ཁྱོན་ཡངས་པོར།།དུས་ཀྱི་རྒུད་པའི་མུན་ཚོགས་ཐག་བསྲིངས་ནས།།བདེ་སྐྱིད་སྣང་བ་དར་བའི་དགེ་མཚན་ཆེར།།ཡིད་ཅན་རྣམ་པར་རྩེན་པས་སྙེམས་གྱུར་ཅིག།མདོར་ན་སྐྱེ་བའི་ཕྲེང་བར་མགོན་ཁྱོད་ཀྱིས།།འབྲལ་མེད་མཉེས་བཞིན་རྗེས་སུ་བཟུང་བའི་མཐུས།།ཀུན་གྱི་དབང་ཕྱུག་ཟུང་འཇུག་རྒྱལ་ས་ཆེར།།འབད་མེད་བདེ་བླག་ཉིད་དུ་སོན་གྱུར་ཅིག།ཅེས་བསྔོ་བ་བྱ་ཞིང༌།གཞན་ཡང་བཟང་པོ་སྤྱོད་པའི་སྨོན་ལམ་སོགས་བསྔོ་བ་སྨོན་ལམ་ཅི་རིགས་པའི་མཐར།སྲས་བཅས་རྒྱལ་བའི་རྨད་བྱུང་ཐུགས་རྗེའི་མཐུས།།ཕྱོགས་དུས་ཀུན་ཏུ་མི་མཐུན་རྒུད་ཚོགས་ཞི།།སྲིད་ཞིའི་དགེ་ལེགས་ཡར་ངོའི་ཟླ་བ་ལྟར།།འཕེལ་རྒྱས་དགེ་མཚན་དར་བའི་བཀྲ་ཤིས་ཤོག།ཅེས་ཤིས་པ་བརྗོད་པས་མཐའ་བརྒྱན་པར་བྱའོ།།ཞེས་པ་འདི་ཡང་དད་སྟོབས་ལྷག་བསམ་དགེ་བ་བཀའ་བློན་ལས་རོགས་ཤན་ཁ་བ་འགྱུར་མེད་བསོད་ནམས་སྟོབས་རྒྱལ་ནས།ངོས་དང་སྤྱན་རས་གཟིགས་དབྱེར་མེད་ཀྱི་བླ་མའི་རྣལ་འབྱོར་ལམ་ཡོངས་རྫོགས་ཀྱི་བཤར་སྒོམ་མདོར་བསྡུས་ཚང་ཞིང༌།མཚན་སྔགས་དང་།ཡིག་དྲུག་གི་བཟླས་པ་ཡང་བྱས་ཆོག་པ་ཆ་ཚང་ཁྱེར་བདེ་ཞིག་དགོས་ཞེས་བདོག་པའི་རྟེན་དང་བཅས་ནན་ཏན་ཆེན་པོས་བསྐུལ་བར།རང་གིས་རང་ལ་འདི་ལྟ་བུའི་བླ་མའི་རྣལ་འབྱོར་སྦྱར་བ་མི་རིགས་ཀྱང༌།དད་པ་བྱས་ན་ཁྱི་སོར་རིང་བསྲེལ་འབྱུང་བ་ལྟར།སློབ་མའི་ངོས་ནས་མོས་གུས་བྱུང་ན་སོ་སྐྱེ་ལས་ཀྱང་སངས་རྒྱས་ཀྱི་བྱིན་རླབས་འབྱུང་བས།དད་ལྡན་འགའ་ཤས་ལ་དོན་དུ་འགྱུར་བ་སྲིད་སྙམ་སྟེ།པད་དཀར་འཆང་བའི་མིང་འཛིན་ཤཱཀྱའི་དགེ་སྦྱོང་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོས་སྦྱར་བའོ།།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།
གསལ་འདེབས།                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།                    དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།