རྗེ་བཙུན་འཇམ་པའི་དབྱངས་དཀར་པོའི་སྒོ་ནས་ཤེས་རབ་སྣང་བ་རྒྱས་པར་བྱེད་པའི་སྦྱིན་སྲེག་བཞུགས་སོ།།

    སྤེལ་དུས།  2015-12-29 16:13:16     རྩོམ་པ་པོ།   བློ་བཟང་དཔལ་ལྡན་ཡེ་ཤེས།    ཀློག་ཐེངས།  

                                         

t018eec37d40e4571fb.jpg

 

༄༅།།ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ།    རི་བོང་ཅན་གྱི་འོད་ཟེར་ཇི་སྙེད་པ།།ལེགས་ཤར་གངས་ཀྱི་རི་བོ་ལྟ་བུ་ཡི།།སྐྱབས་སྦྱིན་ཆོས་འཆད་གཟི་ཡིས་འགྲོ་བའི་བློའི།།རྨོངས་མུན་སེལ་མཛད་ཞབས་རྡུལ་སྦྱི་བོས་ལེན།།མགོན་ཁྱོད་ཡེ་ཤེས་འབར་བའི་མེ་ནང་དུ།།རྨད་བྱུང་ཐུགས་རྗེའི་ཤུགས་ཀྱིས་ཉེར་དྲངས་ནས།།འོད་ཞགས་རིང་པོས་ཉོན་མོངས་སྲེག་ཟ་བ།།མཆོད་སྦྱིན་བྱ་བ་དེང་འདིར་སྤྲོ་བར་བྱ།།

འདིར་རྒྱ་གར་གྱི་པནྚི་ཏ་ཆེན་པོ་མ་ཏི་བའི་ལུགས་ཀྱི་རྗེ་བཙུན་འཇམ་པའི་དབྱངས་དཀར་པོའི་སྒོ་ནས་ཉོན་མོངས་ཀྱི་གདུང་བཞུ་བ་དང༌།ཤེས་རབ་ཀྱི་སྣང་བ་རྒྱས་པར་བྱེད་པའི་སྦྱིན་སྲེག་བྱེད་པར་འདོད་པས།ཡིད་དང་མཐུན་པའི་གནས་སུ་བཀྲ་ཤིས་ས་ལས་སྦྱིན་སྲེག་གི་ཐབ་རྒྱུད་སྡེ་སྤྱིའི་ལུགས་བཞིན་ནམ། ཡང་ན་སྟེགས་བུ་གྲུ་བཞིར་བརྩེགས་པའི་སྟེང་དུ་འོ་མ་ཅན་གྱི་ཤིང་གྲ་བཞིར་བརྩེགས་པའི་མཐའ་སྐོར་དུ་ཆུ་བཞི་སྔོན་དུ་འགྲོ་བའི་མཆོད་པ་རྒྱས་བསྡུས་ཇི་ལྟར་རིགས་པར་བཤམས།  དེའང་ཞིབ་ཆ་སྤྲོས་པ་དང་བཅས་པ་ལ་མོས་ན་རྗེ་ཡབ་སྲས་ཀྱི་ལེགས་བཤད་སྦྱིན་སྲེག་གི་གཞུང་རྣམས་ནས་འབྱུང་བ་ལྟར་ཆུ་བཞི་གཡོན་དང༌།  སྲེག་རྫས་རྣམས་གཡས་ཕྱོགས་སུ་བསྒྲིགས་པ་སོགས་བརྒྱུད་ལྡན་དམ་པའི་ཕྱག་ལེན་བཞིན་བཤམས།        

ཐབ་ཀྱི་མདུན་དུ་རྣལ་འབྱོར་པ་ཁ་ཤར་རམ་བྱང་དུ་ཕྱོགས་པས་འདུག་སྟེ།རྗེ་བཙུན་འཇམ་དཀར་གྱི་སྒོམ་བཟླས་མཚན་བཅས་མཚན་མེད་ཀྱི་མཚན་ཉིད་ཚང་བ་ངེས་པར་བྱས་ལ། བདུད་རྩི་འཁྱིལ་བའི་སྔགས་བརྒྱ་རྩ་གཅིག་བཟླས་ཉེ་བསང་ཆུ་བསྒྲུབས།    རྡོར་དྲིལ་ལག་ཏུ་ཐོགས་པའམ།   ཡང་ན།  ཅི་བདེ་བས་ཀྱང་རུང་སྟེ།   ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ།  ཅེས་ལན་གསུམ་མམ་བདུན་གྱིས་ཐབ་དང་མཆོད་པ་རྣམས་བསངས།སྭ་བྷཱ་ཝས་སྟོང་པར་སྦྱངས།  སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ།ཞལ་བསིལ། བསང་གཏོར། བདུག་སྤོས།མར་མེ།དྲི་ཆབ།  ཞལ་ཟས།  རོལ་མོ་རྣམས་རང་བཞིན་བདེ་སྟོང༌།     རྣམ་པ་མཆོད་རྫས་དང༌། བྱེད་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར།   ཨོཾ་ཨརྒྷཾ་ཨ་ཧཱུྃ།   པཱ་དྱཾ། ཨཱཉྩ་མཱ་ཎ།    པྲོཀྵ་ཎཾ།  པུཥྤེ།   དྷུཔེ།   ཨཱ་ལོ་ཀེགནྡྷེ།ནཻཝིདྱ། ཤཔྟ་ཨཱཿཧཱུྃ།   རུ་པ། ཤཔྟ།   གནྡྷེ། ར་ས།སྤ་ཤ་ཨཱཿ་ཧཱུྃ།   ཞེས་མཆོད་པ་རྣམས་བྱིན་གྱིས་བརླབས།ཨོཾ་ཨཱཿ་ཧཱུྃ།ལན་གསུམ་གྱིས་སྲེག་རྫས་རྣམས་བདུད་རྩིའི་རང་བཞིན་དུ་གྱུར། ཅེས་སྲེག་རྫས་བྱིན་གྱིས་བརླབས། 

ཞུན་མར་སྤར་ཏེ་ཐབ་ཀྱི་ནང་དུ་བཅུག་ལ།   ཨོཾ་བཛྲ་ཛྭ་ལ་ཛྭ་ལ་ཧཱུྃ།  ཧཱུྃ་ཡིག་བརྗིད་བག་དང་བཅས་པས་རླུང་གཡབ་དང་བཅས་ཏེ་མེ་སྦར།    ཀུ་ཤའི་ཆུན་པོ་ལག་ཏུ་ཐོགས་ནས་བཛྲ་བཏྭ་ཨཱཿ   བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བགེགས་ཞི་བ་དང་བཀྲ་ཤིས་པར་མཛད་དུ་གསོལ།  ཞེས་བརྗོད་དེ་ཐབ་ཀྱི་མཐར་འགྲེམས་པའམ།ཐབ་ལ་གཡོགས།

བསང་ཆུ་གཏོར་ནས།ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལེ་ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝས་སྟོང་པར་སྦྱངས།   སྟོང་པའི་ངང་ལས་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་ཧཱུྃ་དཀར་པོ་ཞུ་བ་ལས་བྱུང་བའི་ཡེ་ཤེས་ཀྱི་ཐབ་མཚན་ཉིད་རྫོགས་པའི་ནང་དུ་རཾ་ལས་སྐྱེས་པའི་ཡེ་ཤེས་ཀྱི་མེའི་དབུས་སུ་སྣ་ཚོགས་པདྨ་དང་ཟླ་བའི་དཀྱིལ་འཁོར་ཀྱི་ཁར༌།   ཨ་ལས་རྗེ་བཙུན་འཇམ་པའི་དབྱངས་སྐུ་མདོག་ཟླ་བ་ཞུན་མའི་མདངས་ལྟ་བུ།  ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་དང༌།   གཡོན་ཐུགས་ཀར་ཆོས་འཆད་ཀྱི་ཕྱག་རྒྱས་ཨུཏྤ་ལའི་ཡུ་བ་བཟུང་བའི་འདབ་མ་སྙན་གཡས་གཡོན་གྱི་ཐད་དུ་ཕྱེ་བའི་སྟེང་ན་ཤེས་རབ་ཀྱི་རལ་གྲི་དང་བརྒྱད་སྟོང་པའི་གླེགས་བམ་བསྣམས་པ།     ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་སྐུ་ལ་མི་ཤེས་པའི་མུན་པ་འཇོམས་པའི་འོད་ཟེར་དཀར་པོ་འཕྲོ་ཞིང༌།    མཚན་དཔེ་དང་རིན་པོ་ཆེའི་རྒྱན་གྱི་གཟི་བརྗིད་འབར་བ།   དར་གྱི་ན་བཟས་མཛེས་པར་ཀླུབས་པའི་སྤྱི་བོར་ཨོཾ།མགྲིན་པར་ཨཱཿ་ཐུགས་ཀར་ཧཱུྃ་ཨཱཿ་ཡིག་གིས་མཚན་པ།  ཐུགས་ཀའི་ཨཱཿ་ཡིག་ལས་འོད་ཟེར་འཕྲོས། བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས།ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་གྱུར།   སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས།   དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ།     ཞེས་གསོལ་བ་བཏབ་པས་དེ་རྣམས་ཀྱིས་བདུད་རྩིས་གང་བའི་བུམ་པ་ཐོགས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨབྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ།  ཞེས་གསུང་ཞིང་དབང་བསྐུར་བས་སྐུ་གང་དྲི་མ་དག  ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོགས་སུ་གྱུར་པ་ལས་རིགས་བདག་གིས་དབུ་བརྒྱན་པར་གྱུར།   ཨོཾ་ཨཱརྱ་མཉྫུ་ཤྲཱི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུྃ་སྭཱཧཱ། དེ་བཞིན་དུ་པཱདྱཾ།    ཨཉྩ་མ་ཎཾཔྲོཀྵ་ཎཾ།   པུཥྤེ།   དྷུ་པེ། ཨཱ་ལོ་ཀེ  གནྡྷེ། ནཻ་ཝིཏྱ།  ཤཔྟ་པྲ་ཏཱི་ཙྪ་ཧཱུྃ་སྭཱཧཱ།   ཞེས་པས་མཆོད།

རི་བོང་འཛིན་པ་ལྟར་དཀར་གླེགས་བམ་རལ་གྲིས་ཕྱག་མཚན་ཞིང༌།     །རབ་མཛེས་ཤིན་ཏུ་ཞི་བའི་གཞོན་ནུ་ཟུར་ཕུད་ལྔ་ལྡན་པ།    །དགའ་བ་རྒྱ་ཆེན་མཐའ་མཆོག་སྤྱན་ནི་པདྨའི་འདབ་ལྟར་ཡངས།།བློ་གྲོས་ངན་པའི་བུད་ཤིང་བསྲེག་མཛད་འཇམ་པའི་དབྱངས་ལ་འདུད།  །ཅེས་བསྟོད།རྗེ་བཙུན་གྱི་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་དྲངས་ཏེ་བཅུད་རྣམས་གསོལ་བར་བསམས་ལ།     ཨོཾ་ཝ་ཀྱཻ་དཾ་ན་མཿ   ཞེས་ལན་བདུན་གྱིས་མར་ཁུ་ཕུལ་ཏེ།     བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་མི་ཤེས་པའི་མུན་པ་དང༌།ཆོ་གའི་ལྷག་ཆད་ཀྱི་ཉེས་པ་དང་ནད་གདོན་བར་གཅོད་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ།   ཞེས་འཕྲིན་ལས་བཅོལ།  དེ་ནས་རྫས་ཆེན་བཅུ་གཉིས་པོ་རེ་རེ་ནས་འབུལ་བའམ་ཡང་ན།སྦལ་རྫས་སུ་བྱས་ལ།  ཨོཾ་ཝ་ཀྱེ་དཾ་མཿ ཡམ་ཤིང་མར་ཁུ་ཏིལ་དུར་འབྲས་ཞོ་ཟན།།ཀུ་ཤ་ཡུངས་ཀར་སོ་བ་ནས་སྲན་གྲོ།ཐུན་མོང་མིན་པའི་རྫས་རྣམས་ཕུལ་བ་ལས།།མི་ཤེས་རྨོངས་མུན་ནད་གདོན་བར་གཅོད་རྣམས།།ལྷག་མ་མེད་པར་ཤཱནྟིཾ་ཀུ་རུ་ཡེ།    །ཞེས་ཇི་ལྟར་འདོད་པ་ཕུལ།       

དེ་རྗེས་ཐལ་མོ་སྦྱར་ཏེ། རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཐུགས་ཀ་ནས་སྤྲོས་པའི་ལྷ་རྣམས་ཀྱིས་བུམ་པ་དཀར་པོ་བདུད་རྩིས་གང་བ་ཐོགས་ཏེ།   བདག་ཉིད་ཟླ་བའི་དཀྱིལ་འཁོར་ལ་གནས་པ་ལ་ཁྲུས་བྱས་པས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་དང༌།མི་ཤེས་པའི་མུན་པ་ཐམས་ཅད་དང་ཆོ་གའི་ལྷག་ཆད་ཀྱི་ཉེས་པ་དང་ནད་གདོན་སྡིག་སྒྲིབ་རྣམས་བྱང་ཞིང་དག་ནས་ལུས་ཤེལ་ལྟར་གྱུར།   ཅེས་བརྗོད་ཅིང༌།    ཝ་ཀྱཻ་དཾ་ན་མཿ  དང་བཅས་པའི་མར་ཁུ་བླུག་གཟར་བདུན་ཕུལ་ཏེ།   སྔར་བཞིན་མཆོད་པ་འདོད་ཡོན་ལྔ་དང་བཅས་པ་ཕུལ་ནས་ཡིག་བརྒྱས་ལྷག་ཆད་ཀྱི་ཁ་བསྐངས།   མ་རྙེད་ཡོངས་སུ་མ་ཤེས་དང༌།    །ཞེས་སོགས་ཀྱིས་བཤགས་པ་བྱས་མཐར།   ཨོཾ་བཛྲ་མུཿམེ་ལྷ་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས།དམ་ཚིག་པ་བདག་ཉིད་ལ་ཐིམ་པར་གྱུར།   ཅེས་བརྗོད་ནས་མཇུག་ཆོག་རྣམས་ཅི་བདེར་སྤྱད།  རྒྱས་པའི་སྦྱིན་སྲེག་ཀྱང་སྤེལ་ཚིག་གཞན་ནས་རྒྱས་འགེབས་བྱེད་པ་མ་གཏོགས་གཞན་ཆོག་རིགས་འགྲེའོ།།

རྒྱལ་ཀུན་ཡབ་གཅིག་རི་བོང་འཛིན་པ་འདྲ། །གང་གི་མཆོད་སྦྱིན་ནུས་པས་ཉོན་མོངས་པའི།།མུན་ཚོགས་སེལ་མཛད་ཆོ་གའི་གདྒ་འདིར།  །མི་ཤེས་དྲི་མ་འཁྲུད་རྣམས་འཇུག་པར་རིགས།།དགེ་བ་འདི་ཡིས་སྦྱིན་པའི་བདག་པོ་ལ།།འདོད་དོན་མ་ལུས་ཡིད་བཞིན་ལེགས་འགྲུབ་སྟེ།།ཆོས་དང་འབྱོར་བའི་དཔལ་ལ་ལོངས་སྤྱོད་ནས།།ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་ཤོག  །ཅེས་པ་འདི་ནི་འོ་དུ་སུ་ཏཱ་པས་ལེ་རྣམ་རྒྱལ་རྡོ་རྗེས་འདི་ལྟ་བུ་དགོས་ཞེས་བསྐུལ་བ་ལྟར།རྒྱ་གར་གྱི་པཎྜི་ཏ་མ་ཏི་པ་དང་ཁྱད་པར་དུ་རྗེ་བདག་ཉིད་ཆེན་པོའི་གསུང་རབ་ལ་ཞིབ་ཏུ་འདྲིས་པར་བྭས་པའི་རྣལ་འབྱོར་བ་དགེ་སློང་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་སྦྱར་བའི་ཡི་གེ་བ་ནི་སྐུ་སྐྱེ་བློ་བཟང་རིག་གྲོལ་ལོ།།

གསལ་འདེབས།     
       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་བཅས་གསལ་པོར་དགོད་པར་ཞུ།     

       རྩོམ་ཁུངས། དགེ་ལུགས་པའི་དྲ་བ།
        རྩོམ་འདིའི་སྦྲེལ་ཐག
http://www.tb1025.cn


བརྒྱུད་འགོད།