བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་སྒྲུབ་ཐབས་བདུད་ལས་རྣམ་རྒྱལ་གྱི་ངག་འདོན་ཁྲིགས་ཆགས་སུ་བསྡེབས་པ་བཞུགས་སོ། །

    སྤེལ་དུས།  2015-12-07 08:55:15         ཀློག་ཐེངས།  

          ན་མོ་གུ་རུ་བཛྲ་བྷཻ་ར་ཝཱ་ཡ། ཡེ་ཤེས་མེ་ལྕེ་འབར་བའི་དབུས་སུ་མིག་སྨན་ལྷུན་པོ་ལྟ་བུར་བརྗིད། །ཕཻཾ་གྱི་ང་རོས་མཁའ་འགྲོ་དབང་སྡུད་ཧ་ཧའི་གད་རྒྱངས་འབྲུག་ལྟར་སྒྲོགས། །ནག་པོའི་རྩ་ལག་མ་ལུས་དྲུངས་འབྱིན་མཐུ་སྟོབས་རྡོ་རྗེའི་དཔལ་མངའ་བ། །འཇམ་དཔལ་དཔའ་བོ་ཁྲོས་པའི་གར་མཛད་བླ་མ་གཤིན་རྗེའི་གཤེད་ལ་འདུད། །དེ་ཡི་དཀྱིལ་འཁོར་སྒྲུབ་པའི་ཐབས། །བློ་བཟང་རྒྱལ་པས་སྲོལ་ཕྱེ་བ། །བདུད་ལས་རྣམ་རྒྱལ་ངག་འདོན་ནི། །མ་སྦས་ཤིན་ཏུ་གསལ་བར་བྲི། །འདིར་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་འཇམ་དཔལ་འཇིགས་མཛད་རྡོ་རྗེ་དང་དབྱེར་མ་མཆིས་པ་ཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཤར་བཙོང་ཁ་བ་བློ་བཟང་གྲགས་པའི་དཔལ་གྱིས་མཛད་པའི་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་དཔའ་བོ་གཅིག་པའི་སྒྲུབ་ཐབས་བདུད་ལས་རྣམ་པར་རྒྱལ་བའི་ངག་འདོན་བྱ་ཚུལ་གོ་བདེ་བར་བསྒྲིགས་པ་ལ། རྡོ་རྗེ་འཇིགས་བྱེད་ཆེན་པོའི་བྲིས་སྐུ་དང་མཆོད་གཏོར་སོགས་ཡོ་བྱད་ཐམས་ཅད་ཚོགས་པར་བྱས་ལ་འོས་པའི་ཕྱོགས་སུ་ལེགས་པར་བཤམ། སྒྲུབ་པ་བོའི་མདུན་དུ་སྟེགས་ཀྱི་སྟེང་དུ། ནང་མཆོད།རྡོར་དྲིལ། ཌཱ་མ་རུ་རྣམས་རང་གི་གཡོན་ཕྱོགས་སུ་མཐར་ཆགས་སུ་བཤམ། དེའི་བར་རྒྱབ་ཏུ་བདག་བསྐྱེད་ཀྱི་མཆོད་པ། ཆུ་གཉིས། ཉེར་སྤྱོད་རྣམས་རང་གི་གཡས་ཕྱོགས་ནས་འགོ་བརྩམས་པ་དང༌། དེའི་ཕར་རྒྱབ་ཏུ་སྟེགས་དམའ་བ་གཅིག་གི་སྟེང་དུ་ཕྱོགས་སྐྱོང་གི་མཆོད་པ་ཆུ་གཉིས། ཉེར་སྤྱོད་རྣམས་རང་གི་གཡོན་ཕྱོགས་ནས་འགོ་བརྩམས་པ་དང་ཕྱོགས་སྐྱོང་གི་གཏོར་མ་རྣམས་བཤམ། སྟན་བདེ་བ་ལ་ཁ་ལྷོར་ཕྱོགས་ཏེ་འདུག་པའམ་འདུག་པར་མོས་ལ་བདུད་རྩི་རིལ་བུའམ་མེད་ན་བྱིན་གྱིས་བརླབས་པའི་ནང་མཆོད་ལྕེ་ཐོག་ཏུ་བཞག་ནས་ཁ་དག་པར་བྱས་ཏེ། རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པའི་སྐུར་བཞེངས་པར་གྱུར། ཨོཾ་ཧྲཱིཿཥྚཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཨོཾ་སྭ་བྷཱ་ཝྺ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝྺ་ཤུདྡྷོ྅ཧཾ། སྟོང་བ་ཉིད་དུ་གྱུར། སྟོང་བའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ལྟ་བུ་བ་དན་གྱིས་མཚན་པ།དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་བོ་གྲུ་གསུམ་པ། དེའི་སྟེང་དུ་ཨཱཿལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨཱཿལས་བྱུང་བའི་ཐོད་པ་དཀར་བོ། དེའི་ནང་གི་ཤར་དུ་བྷྲཱུཾ་ལས་བྱུང་བའི་བ་ལང་གི་ཤ་གོས་མཚན་པ། ལྷོར་ཨཱཾཿལས་བྱུང་བའི་ཁྱིའི་ཤ་ཀུས་མཚན་པ།ནུབ་དུ་ཛྲིཾ་ལས་བྱུང་བའི་གླང་བོ་ཆེའི་ཤ་དས་མཚན་པ། བྱང་དུ་ཁཾ་ལས་བྱུང་བའི་རྟའི་ཤ་ཧས་མཚན་པ། དབུས་སུ་ཧཱུཾ་ལས་བྱུང་བའི་མིའི་ཤ་ནས་མཚན་པ། ཤར་ལྷོར་ལཾ་ལས་བྱུང་བའི་དྲི་ཆེན་བིས་མཚན་པ། ལྷོ་ནུབ་ཏུ་མཱཾ་ལས་བྱུང་བའི་རཀྟ་རས་མཚན་པ། ནུབ་བྱང་དུ་བཾ་ལས་བྱུང་བའི་བྱང་སེམས་དཀར་བོ་ཤུས་མཚན་པ། བྱང་ཤར་དུ་ཏཱཾ་ལས་བྱུང་བའི་རྐང་མར་མས་མཚན་པ། དབུས་སུ་བཾ་ལས་བྱུང་བའི་དྲི་ཆུ་མཱུས་མཚན་པ། དེ་དག་གི་སྟེང་དུ་ཨོཾ་དཀར་བོ། ཨཱཿདམར་བོ། ཧཱུཾ་སྔོན་པོ་གསུམ་སྟེང་ནས་སྟེང་དུ་བརྩེགས་པར་གྱུར། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་རླུང་ལ་ཕོག་པས་རླུང་གཡོས་མེ་སྦར་ཏེ་ཐོད་པའི་རྫས་རྣམས་ཞུ་ཞིང་ཁོལ་བར་གྱུར། ཡི་གེ་གསུམ་ལས་འོད་ཟེར་རིམ་པ་བཞིན་དུ་འཕྲོས་པས། སྐུ་རྡོ་རྗེ་གསུང་རྡོ་རྗེ་ཐུགས་རྡོ་རྗེ་རྣམས་བཀུག་ནས་ཡི་གེ་གསུམ་ལ་རིམ་གྱིས་ཐིམ་པ་རྣམས་ཐོད་པར་ལྷུང་ནས་ཞུ་བས། ཧཱུཾ་གིས་ཁ་དོག་དྲི་ནུས་ཀྱི་སྐྱོན་སྦྱངས། ཨཱཿས་བདུད་རྩིར་རྟོགས་པར་བྱས། ཨོཾ་གྱིས་མང་བོར་སྦར་ཞིང་སྤེལ་བར་གྱུར། ཨོཾ་ཨཱཿཧཱུཾ། ལན་གསུམ་བརྗོད་དེ་ནང་མཆོད་བྱིན་གྱིས་བརླབས། ཨོཾ་ཧྲཱིཿཥྚཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཅེས་བརྗོད་ཅིང་ནང་མཆོད་ཕྱོགས་སྐྱོང་གི་མཆོད་པ་ལ་གཏོར་ནས་བསང༌། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭབྷཱ་ཝ་ཤུདྡྷོ྅ཧཾ། སྟོང་བ་ཉིད་དུ་གྱུར། སྟོང་བའི་ངང་ལས་ཨཱཿལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུཾ་ཧཱུཾ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། དྲི། མེ་ཏོག བདུག་སྤོས། མར་མེ། ཞལ་ཟས། རོལ་མོ་རྣམས་རང་བཞིན་བདེ་སྟོང་རྣམ་པ་མཆོད་རྫས། བྱེད་ལས་དབང་བོ་དྲུག་གི་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར། ཨོཾ་ཨརྒྷཾ་ཨཱཿཧཱུཾ།ཨོཾ་པཱདྱཾ་ཨཱཿཧཱུཾ། ཨོཾ་གནྡྷེ་ཨཱཿཧཱུཾ། ཨོཾ་པུཥྤེ་ཨཱཿཧཱུཾ། ཨོཾ་ངྷཱུ་པེ་ཨཱཿཧཱུཾ། ཨོཾ་ཨཱ་ལོ་ཀེ་ཨཱཿཧཱུཾ། ཨོཾ་ནི་ཝི་དྱ་ཨཱཿཧཱུཾ། ཨོཾ་ཤཔྟ་ཨཱཿཧཱུཾ། གིས་ཕྱོགས་སྐྱོང་གི་མཆོད་པ་བྱིན་གྱིས་བརླབ། ཆང་ཆུ་ནང་མཆོད་གསུམ་གྱིས་རིམ་པ་བཞིན་ཕྱོགས་སྐྱོང་གི་གཏོར་མ་ལ་བྲན་ལ་ནང་མཆོད་ལྟར་བྱིན་གྱིས་བརླབ། ཕྱོགས་སྐྱོང་སྤྱན་འདྲེན་པ་སོགས་རྒྱས་པ་བྱེད་པར་སྤྲོ་ན་གཞན་ནས་འབྱུང་བ་ལྟར་བྱ་ཞིང་བསྡུས་པ་བྱེད་ན། རང་གི་ཐུགས་ཀའི་ཧཱུཾ་སྔོན་པོའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས་ཕྱོགས་སྐྱོང་བཅོ་ལྔ་འཁོར་དང་བཅས་པ་བཀུག་ནས་ཕྱོགས་མཚམས་རྣམས་སུ་འཁོད་པ་སྐད་ཅིག་གིས་འོད་གསལ་དུ་བཅུག་པ་ལས་དཔལ་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པའི་སྐུར་བཞེངས་པའི་མགྲོན་རྣམས་ཀྱི་ལྗགས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དཀར་བོ་འོད་ཀྱི་སྦུ་གུ་ཅན་རྣམས་སུ་གྱུར། ཨོཾ་ཡ་མ་རཱ་ཛཱ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡཀྵེ་ཡ། ཡཀྵེ་ཡཙྪ་ནི་རཱ་མ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་བརྗོད་དེ་གཏོར་མ་བྱིན་གྱིས་བརླབ་ལ། ཨོཾ་བྷུ་ཙ་ར་ནཾ། ཡ་བཱ་ཏཱ་ལ་ཙ་ར་ཡ། མཱན་ཁེ་ཙ་ར་ཡ། ཏ་བཱུར་བ་ནི་གཱ་ནཾ། ཀ་དིཀྵ་ཎ་དཱི་གཱ་ཡ། ཧཱུཾ་བཤྩི་མ་ནཾ། ཕཊ་ཨུད་ཏ་ར་ཏི་གཱ་ཡ། ཨོཾ་ཨི། ཧྲཱིཿཡ། ཥྚཱིཿབ། ཝི་ཀྵི། ཀྲི་ཀོ ཏཱ་ཨེ། ན་ཨ། ན་དེ། ཧཱུཾ་བྷྱོ་ཕཊ་སརྦ་བྷུ་ཏེ་བྷྱཿ ཞེས་པ་གསུམ་གྱིས་བསྔོ། ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། དེ་བཞིན་དུ་སྦྱར་ཏེ། པཱ་དྱཾ། གནྡྷེ། པུཥྤེ། ངྷཱུ་པེ། ཨཱ་ལོ་ཀེ ནཻ་ཝི་དྱ། ཤཔྟ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། ཞེས་པས་ཕྱི་མཆོད་དང༌། ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨོཾ་ཨཱཿཧཱུཾ།ཞེས་ནང་མཆོད་འབུལ། བཅོམ་ལྡན་ཆོས་རྗེ་འཇམ་དབྱངས་སྤྱན་ལམ་དུ། །བདུད་འདུལ་བསྟན་པ་བསྲུང་བར་ཞལ་བཞེས་པ། །ལས་ཀྱི་གཤིན་རྗེ་མ་མོ་མཁའ་འགྲོ་མ། །འབྱུང་བོ་རོ་ལངས་ཅི་བགྱི་བཀའ་ཉན་ཚོགས། །ཕྱི་ནང་སྐྱོང་བའི་དམ་ཅན་མ་ལུས་ལ། །བདག་ནི་རེ་བའི་སེམས་ཀྱིས་འདུད་ཅིང་མཆིས། །ཞེས་བསྟོད། ཕྱོགས་སྐྱོང་འཁོར་དང་བཅས་པ་རྣམས་ཀྱིས་བདག་གི་དགེ་བའི་བྱ་བ་རྣམས་མཐར་ཕྱིན་པ་དང༌། དེའི་བར་ཆད་ཞི་བའི་འཕྲིན་ལས་མཛོད་ཅིག ཅེས་འཕྲིན་ལས་བཅོལ། ཨོཾ་ཡ་མཱནྟ་ཀ་ས་མ་ཡ། མ་ནུ་པཱ་ལ་ཡ། ཡ་མཱནྟ་ཀ་ཏཱེ་ནྭ་པ་ཏིཥྛ། དྲི་ཌྷོ་མེ་བྷཱ་ཝ། སུ་པོ་ཥྱོ་མེ་བྷཱ་ཝ། སུ་ཏོ་ཥྱོ་མེ་བྷཱ་ཝ། ཨ་ནུ་རཀྟོ་མེ་བྷཱ་ཝ། སརྦ་སིདྡྷི་མྨེ་པྲ་ཡ་ཙྪ། སརྦྦ་ཀརྨ་སུ་ཙ་མེ། ཙི་ཏྟཾ་ཤྲཱི་ཡཾ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན། སརྦ་ཏཱ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ། བཛྲི་བྷཱ་ཝ་མ་ཧཱ།ས་མ་ཡ་ས་ཏྭ་ཨཱཿཧཱུཾ་ཕཊ། མ་རྙེད་ཡོངས་སུ་མ་ཤེས་དང༌། །གང་ཡང་ནུས་པ་མ་མཆིས་པས། ། འདིར་ནི་བྱ་བ་གང་བགྱིས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། ། ཞེས་ནོངས་པ་བཟོད་པར་གསོལ། ཨོཾ་ཨཱཿབཛྲ་མུཿཕྱོགས་སྐྱོང་འཁོར་བཅས་རང་གནས་སུ་གཤེགས་པར་གྱུར། ཞེས་གཤེགས་པར་བྱ། དེ་ལྟར་སྔོན་འགྲོ་གཏོར་མ་བཏང་ལ་སྒྲུབ་ཐབས་བསྒོམ་པའི་བར་ཆད་བསྲུང༌། འདིར་བདག་སྐྱེད་ཀྱི་མཆོད་པ་བྱིན་རླབས་བྱ་བར་གཞུང་དུ་མར་གསུངས་ནའང་བཤམས་ཡོད་ན་ཕྱོགས་སྐྱོང་གི་མཆོད་པ་བྱིན་རླབས་ལྟར་བྱིན་བརླབ་བྱ། བཤམ་མེད་ན་འདིར་མ་བྱས་ཀྱང་རུང༌། རྡོར་སེམས་བསྒོམ་བཟླས་བྱ་བར་གཞུང་དུ་མར་གསུངས་པས་མ་བྱས་ཀྱང་ཆོ་ག་ཆད་པའི་སྐྱོན་དུ་མི་འགྱུར་ནའང་ལས་དང་བོ་བས་སྡིག་ལྟུང་བཤགས་པ་གལ་ཆེ་བས་བྱེད་ན། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ། །སེམས་ཅན་ཐམས་ཅད་བདག་གིས་དགྲོལ། །བྱང་ཆུབ་གནས་ལ་དགོད་པར་བགྱི། །བྱང་ཆུབ་སེམས་ནི་ཡང་དག་བསྐྱེད། །ཅེས་ལན་གསུམ་བརྗོད་པས་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད། དེ་ནས་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི། རང་གི་སྤྱི་བོར་པཾ་ལས་པདྨ་དང་ཨཱ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། །ཧཱུཾ་ལས་རྡོ་རྗེ་དཀར་བོ་རྩེ་ལྔ་བ། ལྟེ་བ་ལ་ཧཱུཾ་གིས་མཚན་པ། དེ་ལས་འོད་འཕྲོས། འདུས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པས་འཁྱུད་པ།གཉིས་ཀའང་དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་པ། ཡབ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་ཐུགས་ཀར་ཟླ་བའིསྟེང་དུ་ཧཱུཾ་ཡིག་དཀར་བོ། དེ་ལས་འོད་ཟེར་འཕྲོས། རང་འདྲའི་ཡེ་ཤེས་པ་སྤྱན་དྲངས། གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ནས་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་དབང་བསྐུར། སྐུ་ཡེ་ཤེས་ཀྱི་བདུད་རྩིས་གང༌། མི་བསྐྱོད་པས་དབུ་བརྒྱན་པར་གྱུར། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དང༌། དམ་ཚིག་ཉམས་ཆགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ།ཞེས་གསོལ་བ་བཏབ་པས། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས།སངས་རྒྱས་སྲས་བཅས་ལ་མཉེས་པའི་མཆོད་པ་ཕུལ། དེ་རྣམས་ཀྱི་ཡོན་ཏན་ཐམས་ཅད་འོད་ཀྱི་རྣམ་པར་བསྡུས་ནས་ཐུགས་ཀའི་ཧཱུཾ་ལ་ཐིམ་པས་གཟི་བརྗིད་དང་མཐུ་སྟོབས་ཕུན་སུམ་ཚོགས་པར་གྱུར། ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་དེ་ནོ་བ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡ་ཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲཱི་ཡཾ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿབྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ། བཛྲ་མ་མེ་མུཉྩ། བཛྲི་བྷ་ཝ། མ་ཧཱ་ས་མ་ཡ་སཏྭ་ཨཱཿཧཱུཾ་ཕཊ། ཅེས་ལན་ཉེར་གཅིག་བཟླས་པའི་མཐར། བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །རྡོ་རྗེ་སེམས་དཔའི་ཞལ་ནས་རིགས་ཀྱི་བུ། ཁྱོད་ཀྱི་སྡིག་སྒྲིབ་དང་དམ་ཚིག་ཉམས་ཆག་ཐམས་ཅད་བྱང་ཞིང་དག་གོ །ཞེས་གསུངས་ནས་རང་ལ་ཐིམ་པས་རང་གི་སྒོ་གསུམ་དང་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པར་གྱུར། བདག་བསྐྱེད་ཀྱི་ཆོ་ག་དངོས་གཞི་ལ་འཇུག་པ་ནི། རང་ཉིད་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པར་གསལ་བའི་ཐུགས་ཀར་པདྨ་དང་ཉི་མ་ལ་གནས་པའི་ཧཱུཾ་གི་འོད་ཟེར་གྱིས་འཇིག་རྟེན་གྱི་ཁམས་མུ་མེད་པ་གསལ་བར་བྱས། དེ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་དང་རིག་པའི་ཚོགས་ཀྱིས་བསྐོར་བའི་རྡོ་རྗེ་འཇིགས་བྱེད་བླ་མ་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས། འོད་ཟེར་རང་གི་སྙིང་གར་ཐིམ་པར་གྱུར། གང་གི་དྲིན་གྱིས་བདེ་ཆེན་གནས། །སྐད་ཅིག་གིས་ནི་ཐོབ་འགྱུར་བ། །བླ་མ་རིན་ཆེན་ལྟ་བུ་ཡི། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །གཟུགས་མཆོག་མཆོག་ཏུ་དྲག་པོ་ཆེ། །དཔའ་བོ་མཆོག་གི་སྤྱོད་ཡུལ་ཅན། །གདུལ་དཀའ་འདུལ་བའི་དོན་མཛད་པ། །རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལ། །ཞེས་པས་བླ་མ་དང་ལྷ་ལ་ཕྱག་བྱ། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་ལས་བྱུང་བའི་ཙ་རྩི་ཀ་དཀར་མོ། ཕག་མོ་སྔོན་མོ། དབྱངས་ཅན་མ་དམར་མོ། གཽ་རི་ལྗང་གུ་ཕྱག་ན་མཆོད་རྫས་སྣ་ཚོགས་པ་ཐོགས་པ་རྣམས་ཀྱིས་མཆོད་པར་གྱུར་བར་བསམས་ལ།   ཨོཾ་ཧྲཱིཿཥྚཱིཿཧཿས། མཆོད་ཡོན་དང༌། ཨོཾ་ཧཱུཾ་ཧཱུཾ་ཕཊ། ཀྱིས་ཞབས་བསིལ། ཨོཾ་ཝི་ཀྲི་ཏཱ་ན་ན་དུཥྚཾ་ས་ཏྭ་ད་མ་ཀ་གཿགཿཡིས་དྲི། ཨོཾ་ཀུ་མ་རཱ་རཱུ་པི་ཎེ་ཛཿཛཿཧཱུཾ་ཕཊ། ཀྱིས་མེ་ཏོག ཨོཾ་ཧྲཱིཿཧཱཿཧཻ་ཕཊ།ཀྱིས་བདུག་སྤོས། ཨོཾ་ཏཱིབྟ་ལོ་ཙ་ནི་ཝི་ཀྲི་ཏཱ་ན་ན་མ་ཧཱ་ཨཊྚ་ཊྚ་ཧ་ས་ནི་དི་ནི་དཱིབྟ་ཡེ་སྭཱ་ཧཱས་མར་མེ། ཨོཾ་བཛྲ་ནཻ་ཝི་དྱཱ་ཨཱཿཧཱུཾ་སྭཱ་ཧཱས་ལྷ་བཤོས། ཨོཾ་བཛྲ་ཤཔྟ་ཨཱཿཧཱུཾ་གིས་རོལ་མོ་རྣམས་འབུལ། ལྷ་མོ་རྣམས་སླར་བསྡུའོ། །དེ་ནས། སྡིག་པ་རྣམས་ནི་བཤགས་པར་བྱ། །སྐྱེས་ཤིང་བྱུང་བ་རྣམས་ནི་བསལ། །མི་བྱེད་པར་ཡང་སྤྱན་སྔར་བརྗོད། །དེ་བཞིན་བསོད་ནམས་རྗེས་ཡི་རང༌། ། བདག་གིས་བདེ་འགྲོར་ཡོངས་སུ་བསྔོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ། །སེམས་ཅན་ཐམས་ཅད་བདག་གིས་དགྲོལ། །བྱང་ཆུབ་གནས་ལ་འགོད་པར་བགྱི། །བྱང་ཆུབ་སེམས་ནི་ཡང་དག་བསྐྱེད། །ཡོན་ཏན་རྒྱ་མཚོ་ཁྱེད་རྣམས་ལ། །བདག་གི་ལུས་ནི་དབུལ་བར་བགྱི། །ཡང་དག་རྫོགས་པའི་སངས་རྒྱས་དང༌། །དེ་སྲས་ལམ་གྱུར་སྦྱིན་སོགས་ཚུལ། །སྐུ་གསུམ་ཡེ་ཤེས་ཐོབ་བྱའི་ཕྱིར། །རབ་ཏུ་དང་བས་བསྟེན་པར་བགྱི། །ཞེས་ཚོགས་ཞིང་སྤྱན་དྲངས་ཏེ། ཕྱག་འཚལ་བ། མཆོད་པ་འབུལ་བ། སྡིག་པ་བཤགས་པ། བསོད་ནམས་ལ་རྗེས་སུ་ཡི་རང་བ། དགེ་བ་རྫོགས་བྱང་དུ་བསྔོ་བ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་སྨོན་པ་དང་འཇུག་པའི་སེམས་བསྐྱེད་པ་སྟེ། ཡན་ལག་བདུན་པ་བྱ། འདིར་གཞུང་དུ་རིགས་ལྔའི་སྡོམ་བཟུང་བྱེད་པར་འདོད་ནའང༌། འགལ་བ་མེད་པར་ཁུངས་དང་སྦྱར་ཏེ་བཤད་ནས་བྱ་དགོས་པར་མ་བྱེད་ཅིང་སྡོམ་བཟུང་གི་ཚིགས་བཅད་རྣམས་མ་བཀོད་པས་སྡོམ་བཟུང་མ་བྱས་ཀྱང་ཆོ་ག་ཆད་པའི་སྐྱོན་དུ་མི་འགྱུར་ལ། བྱས་ཀྱང་ལྷག་པའི་སྐྱོན་དུ་མི་འགྱུར་བས་བྱེད་པར་སྤྲོ་ན། སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ནི། །དུས་འདི་ནས་ནི་བཟུང་ནས་ནི། །བྱང་ཆུབ་སྙིང་བོར་མཆིས་ཀྱི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པས། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་བདག་གིས་བཟུང༌། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བདག་གིས་བཟུང༌། །རྡོ་རྗེའི་རིགས་མཆོག་ཆེན་པོ་ཡི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་ཡང་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་ཆོས་སོ་སོར་བཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་སོ་སོར་བཟུང༌། །མཆོད་པའི་ལས་ནི་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང༌། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་བརྗོད་ལ། སྡོམ་པ་བཟུང་བ་བརྟན་པར་བྱ། དེ་ནས། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བར་གྱུར་ཅིག སེམས་ཅན་ཐམས་ཅད་བདེ་བ་དང་མི་འབྲལ་བར་གྱུར་ཅིག སེམས་ཅན་ཐམས་ཅད་འཇིག་རྟེན་གྱི་ཆོས་བརྒྱད་དང་གཟུང་འཛིན་གྱི་རྣམ་རྟོག་གིས་མི་བསྐྱོད་པའི་བཏང་སྙོམས་ལ་གནས་པར་བྱའོ། །སྙམ་དུ་ཚད་མེད་བཞི་བསྒོམ་སྟེ། དེ་ཡན་ཆད་བསོད་ནམས་ཀྱི་ཚོགས་བསགས་པའོ། །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། རང་དང་ཚོགས་ཞིང་གི་ལྷ་དང་དེ་དག་ལས་གཞན་པའི་ཆོས་ཐམས་ཅད་བརྟེན་ནས་བཏགས་པ་ཡིན་པའི་ཕྱིར། རྟག་ཆད་ལ་སོགས་པའི་མཐའ་བཞི་དང་བྲལ་བ་བདག་མེད་པའི་རང་བཞིན་སྟོང་བ་ཉིད་དུ་གྱུར། ཅེས་བདག་མེད་ཀྱི་ལྟ་བ་དྲན་པར་བྱས་ཏེ་ཡེ་ཤེས་ཀྱི་ཚོགས་བསགས་ཤིང་འཆི་བ་ཆོས་སྐུའི་ལམ་ཁྱེར་བསྒོམ། སྟོང་བའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་དུ་བའི་མདོག་ཅན་གཞུ་ལྟ་བུ་རྒྱལ་མཚན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་བོ་གྲུ་གསུམ་འབར་བའི་འཕྲེང་བས་འཁྲིགས་པའི་རྡོ་རྗེ་རྒྱན་གྱིས་བརྒྱན་པ། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་བོ་ཟླུམ་པོ་བུམ་པས་མཚན་པ། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་སེར་བོ་གྲུ་བཞིར་རྡོ་རྗེས་མཚན་པའི་སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུཾ་གིས་མཚན་པ། དེ་ལས་འོད་ཟེར་འོག་ཏུ་འཕྲོས་པས་རྡོ་རྗེ་ས་གཞི། ལོགས་སུ་འཕྲོས་པས་རྡོ་རྗེའི་རྭ་བ། སྟེང་དུ་འཕྲོས་པས་རྡོ་རྗེའི་གུར། གུར་གྱི་འོག་རྭ་བའི་སྟེང་དུ་རྡོ་རྗེའི་བླ་རེ་སྟེ། ཐམས་ཅད་ཀྱང་རྡོ་རྗེ་འབར་བའི་རང་བཞིན་བར་མཚམས་མེད་པ་དུམ་བུ་གཅིག་ཏུ་གྱུར་བའི་ཕྱི་རོལ་ཏུ་བསྐལ་བ་འཇིག་པའི་མེ་ལྟ་བུའི་ཁ་དོག་སྣ་ལྔའི་མེ་དཔུང་ཕྱོགས་བཅུར་འཕྲོ་བར་གྱུར། ཅེས་ཐུན་མོང་བའི་སྲུང་འཁོར་བསྒོམ། རྭ་བའི་དབུས་སུ་བྷྲཱུཾ་ལས་བཀའི་འཁོར་ལོ་སེར་བོ་རབ་ཏུ་འབར་བ་གཡས་སྐོར་དུ་འཁོར་བ། རྩིབས་བཅུ་ལྟེ་བ་དང་བཅས་པ། ལྟེ་བའི་ནང་དང་རྩིབས་ལ་ཅུང་ཟད་མ་རེག་པའི་གནས་རྣམས་སུ་སྣ་ཚོགས་པདྨ་དང་ཟླ་བ་དང་ཉི་མའི་གདན་གསུམ་གསུམ། གདན་དབུས་མའི་སྟེང་དུ་ཧཱུཾ་ཡིག་ཡོངས་སུ་གྱུར་པ་ལས། རང་ཉིད་གནོད་མཛེས་རྒྱལ་བོ་སྐུ་མདོག་མཐིང་ག་མི་བསྐྱོད་པའི་ཅོད་པན་ཅན། མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་བོ་གཉིས་ཀྱིས་རང་འདྲའི་ཡུམ་ལ་འཁྱུད་ཅིང༌། ལྷག་མ་གཡས་གཉིས་རིན་པོ་ཆེ་དང་ལྕགས་ཀྱུ། གཡོན་གཉིས་པདྨ་དང་ཞགས་པ་འཛིན་པ། ཞབས་གཡས་བསྐུམས་ཤིང་གཡོན་བརྐྱངས་པའི་སྟབས་ཀྱིས་བཞུགས་པ། ཡབ་ཡུམ་སྙོམས་པར་ཞུགས་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་བཀུག་པའི་ཁྲོ་བོ་བཅུ་ཞལ་དུ་བཅུག་ནས་ཞུ་བ་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་ཞུགས་པའི་ཐིག་ལེ་བཅུ་ལས་ཧཱུཾ་རིང་བོ་བཅུ་དང༌། དེ་ལས་ཁྲོ་བོ་བཅུར་གྱུར་པའི་གཤིན་རྗེའི་གཤེད་སྔོན་པོ་རྣམ་སྣང་གི་ཅོད་པན་ཅན། སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་བོ་གཉིས་ཀྱིས་རང་འདྲའི་ཡུམ་ལ་འཁྱུད་ཅིང༌། ལྷག་མ་གཡས་གཉིས་རིན་པོ་ཆེ་དང་རྡོ་རྗེའི་ཐོ་བ། གཡོན་གཉིས་པདྨ་དང་རལ་གྲི་འཛིན་པ། ཧཱུཾ་ཡུམ་གྱི་པདྨ་ལས་སྤྲོས་ཏེ། ཤར་རྩིབས་ཀྱི་སྟེང་གི་གདན་ལ་གཡོན་བརྐྱངས་ཀྱིས་འཁོད། གཞན་གྱིས་མི་ཐུབ་པ་དཀར་བོ་མི་བསྐྱོད་པའི་ཅོད་པན་ཅན། དཀར་མཐིང་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་བོ་གཉིས་ཀྱིས་རང་འདྲའི་ཡུམ་ལ་འཁྱུད་ཅིང༌། ལྷག་མ་གཡས་གཉིས་རིན་པོ་ཆེ་དང་བེ་ཅོན། གཡོན་གཉིས་པདྨ་དང་རལ་གྲི་འཛིན་པ། ཧཱུཾ་ཡུམ་གྱི་པདྨ་ལས་སྤྲོས་ཏེ། ལྷོ་རྩིབས་ཀྱི་སྟེང་གི་གདན་ལ་གཡོན་བརྐྱངས་ཀྱིས་འཁོད། རྟ་མགྲིན་དམར་བོ་འོད་དཔག་མེད་ཀྱི་ཅོད་པན་ཅན། དམར་མཐིང་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་བོ་གཉིས་ཀྱིས་རང་འདྲའི་ཡུམ་ལ་འཁྱུད་ཅིང༌། ལྷག་མ་གཡས་གཉིས་རིན་པོ་ཆེ་དང་པདྨ། གཡོན་གཉིས་འཁོར་ལོ་དང་རལ་གྲི་འཛིན་པ། ཧཱུཾ་ཡུམ་གྱི་པདྨ་ལས་སྤྲོས་ཏེ། ནུབ་རྩིབས་ཀྱི་སྟེང་གི་གདན་ལ་གཡོན་བརྐྱངས་ཀྱིས་འཁོད། བདུད་རྩི་འཁྱིལ་བ་སྔོན་པོ་མི་བསྐྱོད་པའི་ཅོད་པན་ཅན། སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་བོ་གཉིས་ཀྱིས་རང་འདྲའི་ཡུམ་ལ་འཁྱུད་ཅིང༌། ལྷག་མ་གཡས་གཉིས་རིན་པོ་ཆེ་དང་རྡོ་རྗེ།གཡོན་གཉིས་པདྨ་དང་རལ་གྲི་འཛིན་པ། ཧཱུཾ་ཡུམ་གྱི་པདྨ་ལས་སྤྲོས་ཏེ། བྱང་རྩིབས་ཀྱི་སྟེང་གི་གདན་ལ་གཡོན་བརྐྱངས་ཀྱིས་འཁོད། འདོད་རྒྱལ་མཐིང་ག་མི་བསྐྱོད་པའི་ཅོད་པན་ཅན། མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་བོ་གཉིས་ཀྱིས་རང་འདྲའི་ཡུམ་ལ་འཁྱུད་ཅིང༌། ལྷག་མ་གཡས་གཉིས་རིན་པོ་ཆེ་དང་ལྕགས་ཀྱུ། གཡོན་གཉིས་པདྨ་དང་རལ་གྲི་འཛིན་པ། ཧཱུཾ་ཡུམ་གྱི་པདྨ་ལས་སྤྲོས་ཏེ། མེ་མཚམས་ཀྱི་རྩིབས་ཀྱི་སྟེང་གི་གདན་ལ་གཡོན་བརྐྱངས་ཀྱིས་འཁོད།དབྱུག་སྔོན་ཅན་སྔོན་པོ་མི་བསྐྱོད་པའི་ཅོད་པན་ཅན། སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་བོ་གཉིས་ཀྱིས་རང་འདྲའི་ཡུམ་ལ་འཁྱུད་ཅིང༌། ལྷག་མ་གཡས་གཉིས་རིན་པོ་ཆེ་དང་དབྱུག་པ། གཡོན་གཉིས་པདྨ་དང་རལ་གྲི་འཛིན་པ། ཧཱུཾ་ཡུམ་གྱི་པདྨ་ལས་སྤྲོས་ཏེ། བདེན་བྲལ་གྱི་རྩིབས་ཀྱི་སྟེང་གི་གདན་ལ་གཡོན་བརྐྱངས་ཀྱིས་འཁོད། སྟོབས་པོ་ཆེ་སྔོན་པོ་མི་བསྐྱོད་པའི་ཅོད་པན་ཅན། སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་བོ་གཉིས་ཀྱིས་རང་འདྲའི་ཡུམ་ལ་འཁྱུད་ཅིང༌། ལྷག་མ་གཡས་གཉིས་རིན་པོ་ཆེ་དང་རྩེ་གསུམ། གཡོན་གཉིས་པདྨ་དང་རལ་གྲི་འཛིན་པ། ཧཱུཾ་ཡུམ་གྱི་པདྨ་ལས་སྤྲོས་ཏེ། རླུང་མཚམས་ཀྱི་རྩིབས་ཀྱི་སྟེང་གི་གདན་ལ་གཡོན་བརྐྱངས་ཀྱིས་འཁོད། མི་གཡོ་བ་མཐིང་ག་མི་བསྐྱོད་པའི་ཅོད་པན་ཅན། མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་བོ་གཉིས་ཀྱིས་རང་འདྲའི་ཡུམ་ལ་འཁྱུད་ཅིང༌། ལྷག་མ་གཡས་གཉིས་རིན་པོ་ཆེ་དང་རལ་གྲི།གཡོན་གཉིས་པདྨ་དང་རྡོ་རྗེ་འཛིན་པ། ཧཱུཾ་ཡུམ་གྱི་པདྨ་ལས་སྤྲོས་ཏེ། དབང་ལྡན་གྱི་རྩིབས་ཀྱི་སྟེང་གི་གདན་ལ་གཡོན་བརྐྱངས་ཀྱིས་འཁོད། གཙུག་ཏོར་འཁོར་ལོས་བསྒྱུར་བ་ལྗང་སེར་མི་བསྐྱོད་པའི་ཅོད་པན་ཅན། ལྗང་སེར་དཀར་དང་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་བོ་གཉིས་ཀྱིས་རང་འདྲའི་ཡུམ་ལ་འཁྱུད་ཅིང༌། ལྷག་མ་གཡས་གཉིས་རིན་པོ་ཆེ་དང་འཁོར་ལོ། གཡོན་གཉིས་པདྨ་དང་རལ་གྲི་འཛིན་པ།ཧཱུཾ་ཡུམ་གྱི་པདྨ་ལས་སྤྲོས་ཏེ། གཙོ་བོའི་སྟེང་གི་ཅུང་ཟད་ཙམ་གྱི་མདུན་གྱི་གདན་ལ་གཡོན་བརྐྱངས་ཀྱིས་འཁོད། རྡོ་རྗེ་ས་འོག་མཐིང་ག་མི་བསྐྱོད་པའི་ཅོད་པན་ཅན། མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་བོ་གཉིས་ཀྱིས་རང་འདྲའི་ཡུམ་ལ་འཁྱུད་ཅིང༌། ལྷག་མ་གཡས་གཉིས་རིན་པོ་ཆེ་དང་རྡོ་རྗེ། གཡོན་གཉིས་པདྨ་དང་རལ་གྲི་འཛིན་པ། ཧཱུཾ་ཡུམ་གྱི་པདྨ་ལས་སྤྲོས་ཏེ། གཙོ་བོའི་འོག་གི་ཅུང་ཟད་ཙམ་གྱི་རྒྱབ་ཀྱི་གདན་ལ་གཡོན་བརྐྱངས་ཀྱིས་འཁོད། བཅུ་གཅིག་པོ་ཐམས་ཅད་ཀྱང་མཆེ་བ་གཙིགས་ཤིང་ཞལ་སོ་སོ་ཡང་དམར་ལ་ཟླུམ་པའི་སྤྱན་གསུམ་པ། དབུ་སྐྲ་དང་སྨ་ར་དམར་སེར་འབར་ཞིང་གྱེན་དུ་འཁྱིལ་བ། འཁོར་ལོ་དང་རྣ་ཆ་ལ་སོགས་པས་བརྒྱན་ཅིང་སྣ་ཚོགས་པའི་སྦྲུལ་གྱི་རྒྱན་ཅན། བདུད་དང་བགེགས་ཐམས་ཅད་རྩད་ནས་འབྱིན་པའི་སྟོབས་དང་ལྡན་པ། སྐུ་ལས་སྐྱེས་པའི་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་ཤིང་འཇིགས་སུ་རུང་བའི་རྡོ་རྗེ་འབར་བ་སྤྲིན་ལྟར་འཁྲིགས་པ་ཕྱོགས་བཅུར་འཕྲོས་པས་གདུག་པ་ཅན་ཐམས་ཅད་ཚར་གཅོད་པར་གྱུར། ཅེས་ཐུན་མོང་མ་ཡིན་པའི་སྲུང་འཁོར་བསྒོམ།

བཟླས་བ་བྱ་བར་འདོད་ན་གཙུག་ཏོར་འཁོར་བསྒྱུར་གྱི་སྔགས་བཟླ་བར་གསུངས་ཏེ། ན་མཿས་མནྟ་བུདྡྷ་ནཱཾ། ན་མཿས་མནྟ་དྷརྨཱ་ནཱཾ། ན་མཿས་མནྟ་སཾ་གྷཱ་ནཱཾ། ཨོཾ་སི་ཏཱ་ཏ་པ་དྲེ། ཨོཾ་བི་མ་ལེ། ཨོཾ་ཤཾ་ཀ་ར། ཨོཾ་པྲ་ཏྱཾ་གི་ར། ཨོཾ་བཛྲ་ཨུཥྞཱི་ཥ་ཙཀྲ་ཝརྟི་སརྦྦ་ཡནྡྲ་མནྡྲ་མཱུ་ལ་ཀརྨ་ནཾ་བནྡྷ་ནཾ་ཏཱ་ཌ་ནཾ་ཀཱི་ལ་ནཾ་བཱ་མ་མ་ཀྲྀ་ཏེ་ཡེ་ན་ཀེ་ན་ཙི་ཏ་ཀྲྀ་ཏཾ་ཏ་ཏ་སརྦྦནྟུ་གནོད་བྱེད་དགྲ་བགེགས་བྱད་མ་ཐམས་ཅད། ཙྪིཾནྡ་ཙྪིཾནྡ། བྷིནྡ་བྷིནྡ། ཙི་རི་ཙི་རི། གི་རི་གི་རི། མཱ་ར་མཱ་ར། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱཧཱ། ལན་བཅུ་བརྗོད། ཅེས་མན་ངག་གི་གནད་ལྔ་དང་ལྡན་པར་བཟླས་ན་བར་ཆད་སྤྱི་དང༌། ཁྱད་པར་བྱད་ཁ་དང་རྦོད་གཏོང་བཟློག་པ་ལ་མཆོག་ཏུ་བསྔགས་སོ། །

ན་མོ་བླ་མ་ཡང་དག་པར་ཡོངས་འཛིན་དགེ་བའི་བཤེས་གཉེན་རྣམས་ཀྱི་བདེན་པ་དང༌། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདེན་པ་དང༌། དཔལ་མགོན་དམ་པ་ཆོས་སྐྱོང་བའི་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ཀྱི་བདེན་པ་དང༌། ཁྱད་པར་དུ་ཡང་སྟོབས་ཆེན་གྱི་ཁྲོ་བོ་བཅུའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་པ་ལ་བརྟེན་ནས་རྣལ་འབྱོར་བ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་ལ་སྡང་བའི་སེམས་དང་ལྡན་པ་རྣམས་དང༌། གདུག་པའི་སེམས་དང་ལྡན་པ་རྣམས་དང༌། དྲག་ཤུལ་གྱི་སེམས་དང་ལྡན་པ་རྣམས་དང༌། དགྲ་བགེགས་བསམ་པ་ངན་པ་སྦྱོར་བ་རྩུབ་པ་ཐམས་ཅད་ཕྱིར། བཟློག བསྒྱུར། ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པའི་འཕྲིན་ལས་མཛོད་ཅིག ལན་གསུམ། ཁྲོ་བོ་འབར་བའི་ཚོགས་རྣམས་ཀྱིས། །དགྲ་བགེགས་བྱད་མ་ཐམས་ཅད་ཀྱི། །ལུས་སྲོག་ཐལ་བའི་རྡུལ་དུ་རློག །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་དྲོངས། ལན་གསུམ། ཨ་མུ་ཀ་མཱ་ར་ཡ་ཕཊ། གཏུམ་ཆེན་གནོད་མཛེས་དཔལ་ལྡན་ཁྲོ་བོ་བཅུས། །ཡོངས་སུ་བསྐོར་བའི་ཏིང་འཛིན་ལ་གཞོལ་བའི། །བདུད་དང་བགེགས་སོགས་ནག་པོའི་རྩ་ལག་ཀུན། །སྐད་ཅིག་ཉིད་ལ་དྲུངས་ནས་འབྱིན་པར་ཤོག །

དེ་ནས། རང་ཉིད་གནོད་མཛེས་སུ་གནས་པ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་བོ་དཀར་མཐིང་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རང་འདྲའི་ཡུམ་ལ་འཁྱུད་ཅིང༌། ལྷག་མ་གཡས་གཉིས་རྡོ་རྗེ་དང་རལ་གྲི། གཡོན་གཉིས་རིན་པོ་ཆེ་དང་པདྨ་འཛིན་པ་ཡོངས་སུ་གྱུར་པ་ལས། ཆོས་འབྱུང་དཀར་བོ་གྲུ་གསུམ་པ་གྱེན་དུ་འགྲེང་བ་འོག་ཏུ་ཕྲ་ཞིང་སྟོད་ཡངས་པ། འོག་ཟུར་ནས་བཾ་ལས་བྱུང་བའི་སྣ་ཚོགས་པདྨའི་ལྟེ་བར་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ། ཤར་གྱི་རྭ་དཀར། ལྷོའི་རྭ་སེར། ནུབ་གྱི་རྭ་དམར། བྱང་གི་རྭ་ལྗང༌། དབུས་ཀྱི་ལྟེ་བ་སྔོན་པོས་བརྒྱན་པ། ལྟེ་བའི་དབུས་སུ་བྷྲཱུཾ་ལས་འཁོར་ལོ་བྷྲཱུཾ་གྱིས་མཚན་པ་ལས་བྱུང་བའི་རྣམ་སྣང་དཀར་བོ་དཀར་མཐིང་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་བོ་གཉིས་ཀྱིས་རང་འདྲའི་ཡུམ་ལ་འཁྱུད་ཅིང༌། ལྷག་མ་གཡས་གཉིས་རྡོ་རྗེ་ལ་གནས་པའི་འཁོར་ལོ་དང་རལ་གྲི། གཡོན་གཉིས་རིན་པོ་ཆེ་དང་པདྨ་འཛིན་པ་ཡོངས་སུ་གྱུར་བ་ལས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་བ། ཕྱི་རོལ་ནས་རིམ་པ་བཞིན་དཀར་སེར་དམར་ལྗང་སྔོ་བའི་རྩིག་པ་ལྔ་དང་ལྡན་པ། རྩིག་པའི་སྟེང་ན་རིན་པོ་ཆེ་སྣ་ཚོགས་པས་མཛེས་པར་བྱས་པའི་རིན་པོ་ཆེའི་ཕ་གུ་སེར་བོས་བསྐོར་བའི་གཞལ་ཡས་ཁང་གི་ཕྱེད་ཀྱི་ཚད་དུ་རྡོ་རྗེའི་ཕྲེང་བས་ཟླུམ་པོར་བསྐོར་བ་ལ་བརྟེན་པའི་ཀ་བ་བརྒྱད་ཀྱིས་བཏེགས་པའི་རྡོ་རྗེའི་གདུང་བཞིས་མཛེས་པར་ཕུབ་པ། རྩེ་མོར་རྡོ་རྗེ་ནོར་བུ་རིན་པོ་ཆེའི་ཏོག་གིས་མཛེས་པའི་ནང་གི་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང༌། དབུས་སྔོ་བ། ཕ་གུའི་སྟེང་ན་གསེར་གྱི་སྐ་རགས་བཞིའི་ཕྱི་ངོས་སུ་ཆུ་སྲིན་གྱི་ཁ་ནས་འཕྱང་བའི་རིན་པོ་ཆེ་དྲ་བ་དང༌། དྲ་བ་ཕྱེད་པ་ལ་དྲིལ་བུ་དང་རྔ་ཡབ་ལ་སོགས་པས་བརྒྱན་པ། དེའི་ཕྱི་ངོས་སུ་བྱ་འདབ་ལས་འཕྱང་བའི་རིན་པོ་ཆེའི་ཤར་བུ། དེའི་སྟེང་དུ་མདའ་ཡབ་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན་ལ་བ་དན་དང་རྒྱལ་མཚན་ལ་སོགས་པས་མཛེས་པར་བྱས་པ། རྩིག་པའི་མཐའ་ནས་འདོད་ཡོན་གྱི་སྣམ་བུ་དམར་པོས་འགྲམ་སྟེགས་ཀྱི་རྣམ་པར་བསྐོར་བ་ལ་ལྷ་མོ་མཆོད་རྫས་ཐོགས་པ་རྣམས་འཁོད་ནས་མཆོད་པ་བྱེད་པ། སྒོ་དང་སྒོ་ཁྱུད་ཀྱི་ཕྱིའི་མཚམས་དང༌། འོག་གི་ཕྱི་ནང་གི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ་རིན་ཆེན་གྱིས་སྤྲས་པ། སྒོ་བཞི་སོ་སོའི་མདུན་དུ་ཀ་བ་བཞི་བཞིས་བཏེགས་པའི་རྟ་བབས་སྣམ་བུ་བཅུ་གཅིག་དང་ལྡན་པའི་སྟེང་དུ་ཆོས་ཀྱི་འཁོར་ལོ། དེའི་གཡས་གཡོན་དུ་རི་དྭགས་ཕོ་མོ་དང་བཅས་པ། རྡོ་རྗེའི་རྭ་བ་མེ་རི་དང་བཅས་པའི་ཕྱི་རོལ་ཏུ། གཏུམ་དྲག་ལ་སོགས་པའི་དུར་ཁྲོད་བརྒྱད་ན། ན་ག་གེ་སར་གྱི་ཤིང་ལ་སོགས་པའི་ཤིང་བརྒྱད། དེའི་རྩ་བར་བརྒྱ་བྱིན་ལ་སོགས་པའི་ཕྱོགས་སྐྱོང་བརྒྱད། རྩེ་མོར་རྫུ་འཕྲུལ་ཆེན་པོ་བ་གླང་བོ་ཆེའི་གདོང་བ་ཅན་ལ་སོགས་པའི་ཞིང་སྐྱོང་བརྒྱད། ཐུགས་རྗེའི་ཆུ་བརྒྱད། དེ་ལ་གནས་པའི་ནོར་རྒྱས་ལ་སོགས་པའི་ཀླུ་བརྒྱད། དེ་དག་གི་སྟེང་གི་ནམ་མཁའ་ལ་སྒྲོགས་པ་ལ་སོགས་པའི་སྤྲིན་བརྒྱད། ཡེ་ཤེས་ཀྱི་མེ་བརྒྱད། མཆོད་རྟེན་བརྒྱད། གཞན་ཡང་ཀེང་རུས་དང༌། གསལ་ཤིང་གིས་ཕིག་པའི་རོ་དང་ཤིང་ལ་དཔྱངས་པ་དང༌། སྐྱེས་བུ་ཟ་བ་དང༌། མཚོན་གྱིས་ཕིག་པ་ལ་སོགས་པ་དང༌། བྱ་རོག་དང་བྱ་རྒོད་དང་ཁྱི་དང་ཅེ་སྤྱང་དང༌། སེང་གེ་དང་སྟག་ལ་སོགས་པ་དང༌། ཅ་ཅོ་སྒྲོགས་པའི་རོ་ལངས་དང༌། གནོད་སྦྱིན་དང་སྲིན་པོ་ལ་སོགས་པ་རྣམས་ཀྱིས་འཇིགས་སུ་རུང་བ། གྲུབ་པ་དང་རིག་པ་འཛིན་པ་དང་དམ་ཚིག་སྤྱོད་པའི་རྣལ་འབྱོར་བ། བཅོམ་ལྡན་འདས་ལ་རྩེ་གཅིག་ཏུ་བལྟ་བ། གཅེར་བུ་སྐྲ་བཤིགས་པ། ཕྱག་རྒྱ་ལྔས་བརྒྱན་པ། ཅང་ཏེའུ་དང་ཐོད་པ་དང་ཁ་ཊཱཾ་ག་འཛིན་པ། ཐོད་པས་སྤྱི་བོར་བརྒྱན་པ། རྒོད་ཅིང་དུར་ཁྲོད་དུ་འཇུག་པ་སོགས་ཀྱིས་ཤིན་ཏུ་ངོ་མཚར་བར་བྱེད་པའི་དུར་ཁྲོད་རྣམས་ཀྱིས་བསྐོར་བ། བསམ་པ་ནི་རྟེན་བསྐྱེད་པའོ། །

གཞལ་ཡས་ཁང་གི་དབུས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར་ནག་ལ་ཅུང་ཟད་དམར་བའི་མདོག་ཅན་གྱི་སྟེང་དུ་ཨ་ཡིག་དང་བོ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར། དེའི་དབུས་སུ་ཆུ་ལས་ཆུ་བུར་གྱི་ཚུལ་དུ། ངྷཱིཿསེར་བོ་ལས་བྱུང་བའི་རལ་གྲི་དབུས་སུ་ངྷཱིཿས་མཚན་པ་དེ་ལས་འོད་འཕྲོས་པས་བདེ་བར་གཤེགས་པ་ཐམས་ཅད་སྤྱན་དྲངས་ཏེ། ཐིམ་པ་ཡོངས་སུ་གྱུར་པ་ལས། རང་ཉིད་རྒྱུ་རྡོ་རྗེ་འཛིན་པ་འཇམ་དཔལ་གཞོན་ནུར་གྱུར་པ་སྐུ་མདོག་སེར་བོ་ཡིད་ཙམ་ཁྲོས་པ་ཕྱག་གཡས་རལ་གྲི་འཕྱར་ཞིང༌། གཡོན་གྱིས་གླེགས་བམ་ཐུགས་ཀར་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་མཚན་སོ་གཉིས་དང་དཔེ་བྱད་བརྒྱད་ཅུས་བརྒྱན་པ། རལ་བའི་ཟུར་ཕུད་ལྔ་དང་ལྡན་ཞིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞེས་ཆོ་ག་གསུམ་གྱིས་རྒྱུ་རྡོ་རྗེ་འཛིན་པ་འཇམ་དཔལ་དུ་བསྐྱེད་དེ་བར་དོ་ལོངས་སྐུའི་ལམ་འཁྱེར་བསྒོམ། དེའི་ཐུགས་ཀར་ཨཱཿལས་བྱུང་བའི་ཉི་མའི་དཀྱིལ་འཁོར། དེའི་འོད་ཀྱིས་ཕྱོགས་བཅུ་ན་བཞུགས་པའི་རྣམ་སྣང་ལ་སོགས་པའི་སངས་རྒྱས་དང༌། རྡོ་རྗེ་རྣོན་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དང༌། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་ཁྲོ་བོ་དང༌། སེམས་མ་རྡོ་རྗེ་མ་ལ་སོགས་པའི་རིག་པ་རྣམས་སྤྱན་དྲངས་ཏེ། འཇམ་དཔལ་དང་བཅས་པ་ཉི་མ་ལ་ཞུགས་པ་ལས་འོད་ཟེར་གྱིས་དཔག་ཚད་སྟོང་ཕྲག་བརྒྱར་ཁྱབ་པའི་ཉི་མའི་དཀྱིལ་འཁོར་དུ་གྱུར། དེའི་སྟེང་དུ་ཧཱུཾ་ཡིག་མཐིང་ག་འོད་ཟེར་ལྔ་དང་ལྡན་པ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་དང་རིག་པའི་ཚོགས་རྣམས་སྤྱན་དྲངས། ཧཱུཾ་ལ་ཞུགས་པ་ལས་ཁྲོ་བོའི་རྡོ་རྗེ་ཁ་དོག་ནག་པོ། རྩེ་དགུ་བ་རྭ་ཤིན་ཏུ་གདེངས་པ་འོད་ཟེར་ལྔ་དང་ལྡན་པ། ལྟེ་བ་ལ་ཧཱུཾ་ཡིག་གིས་མཚན་པ། དེ་ལས་རྡོ་རྗེ་ཕྲ་མོའི་གཟུགས་སྤྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་དང་རིག་པའི་ཚོགས་རྣམས་སྤྲོས་ཏེ། ནམ་མཁའི་ཁམས་ཐམས་ཅད་ཏིལ་གྱི་གང་བུ་བཞིན་དུ་གང་བ། ཉི་མ་ལ་གནས་པས་སེམས་ཅན་རྣམས་སྨིན་པར་བྱས་ནས་རྡོ་རྗེ་འཇིགས་བྱེད་ཐོབ་པར་བྱས་པ་དང་ལྷན་ཅིག་ཏུ་འདུས་ཏེ་རྡོ་རྗེ་ལ་ཐིམ་པར་གྱུར།

ཟླ་བ་ཉི་མ་རྡོ་རྗེ་ཧཱུཾ་དང་བཅས་པ་ཡོངས་སུ་གྱུར་བ་ལས་སྣ་ཚོགས་པདྨ་དང་ཟླ་བ་དང་ཉི་མའི་གདན་གྱི་སྟེང་དུ་རང་ཉིད་འབྲས་བུ་རྡོ་རྗེ་འཛིན་པ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་སྐུ་མདོག་མཐིང་ནག་ཞལ་དགུ་ཕྱག་སོ་བཞི་ཞབས་བཅུ་དྲུག་པ་གཡས་བསྐུམས་ཤིང་གཡོན་བརྐྱངས་པའི་སྟབས་ཀྱིས་བཞུགས་པ། ཞེས་མངོན་བྱང་ལྔའི་སྒོ་ནས་འབྲས་བུ་རྡོ་རྗེ་འཛིན་པར་བསྐྱེད་པ་དེ་སྐྱེ་བ་སྤྲུལ་སྐུའི་ལམ་འཁྱེར་སྒོམ། ཁམས་གསུམ་པོ་ཟ་བར་ནུས་པ་ཧ་ཧ་ཞེས་སྒྲོག་ཅིང་ལྗགས་འདྲིལ་བ། མཆེ་བ་རྣམ་པར་གཙིགས་པ་ཁྲོ་གཉེར་ཅན། ཁྲོ་གཉེར་གྱི་འགྲམ་དུ་སྨིན་མ་དང་སྤྱན་འཇིགས་པའི་དུས་ལྟར་འབར་བ། སྐྲ་ཁམ་སེར་གྱེན་དུ་བརྫེས་པ།འཇིག་རྟེན་དང་འཇིག་རྟེན་ལས་འདས་བའི་ལྷ་ལ་སྡིགས་མཛུབ་བྱེད་པ། འཇིགས་པ་རྣམས་ཀྱང་འཇིགས་པར་མཛད་པ། ཕཻཾ་ཀ་རའི་སྒྲ་ཆེན་པོ་འབྲུག་ལྟར་སྒྲོགས་པ། མིའི་ཁྲག་དང་ཞག་དང་རྐང་དང་ཚིལ་བུ་ཟ་བ་འཇིགས་སུ་རུང་བའི་ཐོད་པ་སྐམ་པོ་ལྔས་ཐོད་བྱས་ཤིང་མགོ་བོ་རློན་པ་ལྔ་བཅུའི་ཐོད་པའི་ཕྲེང་བས་བརྒྱན་པ། སྦྲུལ་ནག་པོའི་མཆོད་ཕྱིར་ཐོགས་དང་མི་རུས་ཀྱི་འཁོར་ལོ་དང་རྣ་ཆ་ལ་སོགས་པའི་རུས་པའི་རྒྱན་རྣམས་ཀྱིས་བརྒྱན་པ། གསུས་པ་ཆེ་བ། གཅེར་བུའི་གཟུགས་ཅན་མཚན་མ་གྱེན་དུ་འགྲེང་བ། སྨིན་མ་དང་རྫི་མ་དང་སྨ་ར་དང་བ་སྤུ་རྣམས་དུས་མཐའི་མེ་ལྟར་འབར་ཞིང༌། རྩ་ཞལ་ནག་པོ་མ་ཧེའི་གདོང་ཅན་ཤིན་ཏུ་ཁྲོས་པ་རྭ་རྣོན་པོ་ཅན། དེའི་སྟེང་མ་རྭ་གཉིས་ཀྱི་དབུས་ཀྱི་ཞལ་དམར་པོ་རབ་ཏུ་འཇིགས་པ་ཞལ་ནས་ཁྲག་འཛག་པ། དེའི་སྟེང་དུ་འཇམ་དཔལ་གྱི་ཞལ་སེར་པོ་ཡུད་ཙམ་ཁྲོས་པ། གཞོན་ནུའི་རྒྱན་གྱིས་བརྒྱན་པ། སྤྱི་བོར་རལ་བ་ལྔ་དང་ལྡན་པ། རྭའི་རྩ་བའི་གཡས་གྱི་ཞལ་དང་བོ་སྔོན་པོ། དེའི་གཡས་ཞལ་དམར་བོ། གཡོན་ཞལ་སེར་བོ། རྭའི་རྩ་བའི་གཡོན་གྱི་ཞལ་དང་བོ་དཀར་བོ། དེའི་གཡས་ཞལ་དུད་ཀ གཡོན་ཞལ་ནག་པོ། ཞལ་རྣམས་ཤིན་ཏུ་ཁྲོས་པ། ཞལ་དགུ་བོ་ཐམས་ཅད་ཀྱང་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་གཡས་གཡོན་གྱི་དང་བོ་གཉིས་ཀྱིས་གླང་བོ་ཆེའི་པགས་པ་རློན་པ་མགོ་གཡས་དང་སྤུ་ཕྱིར་བསྟན་ཏེ་ལག་པ་དང་རྐང་བའི་པགས་པ་གཡོན་པ་ནས་བརྒྱངས་ཏེ་འཛིན་པ་ལྷག་མ་གཡས་ཀྱི་དང་བོ་ན་གྲི་གུག གཉིས་པ་ན་བྷི་ངྷི་བཱ་ལ། གསུམ་པ་ན་གཏུན་ཤིང༌། བཞི་བ་ན་ཆུ་གྲི། ལྔ་བ་ན་ཀ་ཎ་ཡ། དྲུག་པ་ན་དགྲ་སྟ། བདུན་པ་ན་མདུང༌། བརྒྱད་པ་ན་མདའ། དགུ་བ་ན་ལྕགས་ཀྱུ། བཅུ་བ་ན་དབྱུག་ཏོ། བཅུ་གཅིག་པ་ན་ཁ་ཊྭཱཾ་ག བཅུ་གཉིས་པ་ན་འཁོར་ལོ། བཅུ་གསུམ་པ་ན་རྡོ་རྗེ་རྩེ་ལྔ་བ། བཅུ་བཞི་བ་ན་རྡོ་རྗེ་ཐོ་བ། བཅོ་ལྔ་བ་ན་རལ་གྲི། བཅུ་དྲུག་པ་ན་ཅང་ཏེའུ་བསྣམས་ཤིང༌། ལྷག་མ་གཡོན་གྱི་དང་བོ་ན་ཁྲག་གིས་བཀང་བའི་ཐོད་པ། གཉིས་པ་ན་ཚངས་པའི་མགོ་བོ། གསུམ་པ་ན་ཕུབ། བཞི་བ་ན་རྐང་བ། ལྔ་བ་ན་ཞགས་པ། དྲུག་པ་ན་གཞུ། བདུན་པ་ན་རྒྱུ་མ། བརྒྱད་པ་ན་དྲིལ་བུ། དགུ་བ་ན་ལག་པ། བཅུ་བ་ན་དུར་ཁྲོད་ཀྱི་རས། བཅུ་གཅིག་པ་ན་སྐྱེས་བུ་གསལ་ཤིང་ལ་བཙུགས་པ། བཅུ་གཉིས་པ་ན་མེ་ཐབ། བཅུ་གསུམ་པ་ན་ཐོད་ཚལ། བཅུ་བཞི་བ་ན་སྡིགས་མཛུབ། བཅོ་ལྔ་བ་ན་འཕན་རྩེ་གསུམ་པ། བཅུ་དྲུག་པ་ན་རླུང་རས་བསྣམས་པ། ཞབས་གཡས་ཀྱི་དང་བོས་མི། གཉིས་པས་མ་ཧེ། གསུམ་པས་གླང༌། བཞི་བས་བོང་བུ། ལྔ་བས་རྔ་མོང༌། དྲུག་པས་ཁྱི། བདུན་པས་ལུག བརྒྱད་པས་ཝ་དང༌། གཡོན་གྱི་དང་བོས་བྱ་རྒོད། གཉིས་པས་འུག་པ། གསུམ་པས་བྱ་རོག བཞི་བས་ནེ་ཙོ། ལྔ་བས་ཁྲ། དྲུག་པས་བྱ་ཆེན་པོ། བདུན་པས་ཁྱིམ་བྱ། བརྒྱད་པས་བཞད་མནན་པ། ཚངས་པ་དང་དབང་བོ་དང་ཁྱབ་འཇུག་དང་དྲག་པོ་དང༌། གཞོན་ནུ་གདོང་དྲུག་དང་ལོག་འདྲེན་དང་ཟླ་བ་དང་ཉི་མ་རྣམས་ཁ་སྦུབ་ཏུ་བྱས་ཏེ།ཞབས་འོག་ཏུ་མནན་ནས་མེ་དཔུང་རབ་ཏུ་འབར་བའི་ཀློང་དཀྱིལ་ན་བཞུགས་པ། བཅུ་གསུམ་མའི་གཞུང་ཟ་མ་ཏོག་ཏུ་འདིར་སེམས་དཔའ་སུམ་བརྩེགས་བསྒོམ་པར་བཤད་ཀྱང་འདིར་གཞུང་དུ་སྐྱེ་མཆེད་སྐུ་གསུང་ཐུགས་བྱིན་རླབས་ཀྱི་འོག་ཏུ་སེམས་དཔའ་སུམ་བརྩེགས་བསྒོམ་པར་བཤད། དེའི་མིག་ཏུ་ས་སྙིང་གི་རང་བཞིན་ཀྵིཾ་དཀར་བོ། རྣ་བར་ཕྱག་རྡོར་གྱི་རང་བཞིན་ཛྲིཾ་ནག་པོ། སྣར་ནམ་སྙིང་གི་རང་བཞིན་ཁཾ་སེར་བོ། ལྕེར་སྤྱན་རས་གཟིགས་ཀྱི་རང་བཞིན་རཾ་དམར་བོ། དཔྲལ་བར་སྒྲིབ་སེལ་གྱི་རང་བཞིན་ཀཾ་ལྗང་གུ། ལྟེ་བར་ཀུན་བཟང་གི་རང་བཞིན་སཾ་དཀར་བོ། སྤྱི་བོར་སྐུ་རྡོ་རྗེའི་རང་བཞིན་ནམ་ངོ་བོ་ཨོཾ་དཀར་བོ། མགྲིན་པར་གསུང་རྡོ་རྗེའི་རང་བཞིན་ནམ་ངོ་བོ་ཨཱཿདམར་བོ། ཐུགས་ཀར་ཐུགས་རྡོ་རྗེའི་རང་བཞིན་ནམ་ངོ་བོ་ཧཱུཾ་སྔོན་པོས་མཚན་པར་གྱུར། ཞེས་སྐྱེ་མཆེད་སྐུ་གསུང་ཐུགས་བྱིན་གྱིས་བརླབ། རང་ཉིད་དམ་ཚིག་སེམས་དཔའི་ཐུགས་ཀར་ཟླ་གདན་ལ་ཡེ་ཤེས་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་བ་སྐུ་མདོག་སེར་བོ་ཡུད་ཙམ་ཁྲོས་པ། ཕྱག་གཡས་རལ་གྲི་འཕྱར་ཞིང༌། གཡོན་གྱིས་གླེགས་བམ་ཐུགས་ཀར་བསྣམས་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། མཚན་སོ་གཉིས་དང་དཔེ་བྱད་བརྒྱད་ཅུས་བརྒྱན་པ། རལ་བའི་ཟུར་ཕུད་ལྔ་དང་ལྡན་ཞིང༌། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དེའི་ཐུགས་ཀར་ཨཱཿལས་བྱུང་བའི་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ཡིག་མཐིང་ག་འོད་ཟེར་ལྔ་འཕྲོ་བ། ཞེས་སེམས་དཔའ་སུམ་བརྩེགས་བསྒོམ། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱི་མཐེའུ་ཆུང་དང༌། གཡས་པའི་རྡོ་རྗེ་ཁུ་ཚུར་གྱི་མཛུབ་མོ་བསྣོལ་བ་ལྕགས་ཀྱུའི་ཕྱག་རྒྱ་དང་བཅས་ལ། ཨོཾ་ཧྲཱིཿཧ་བྷོ་མ་ཧཱ་ཀྲོདྷ་ཨཱ་གཙྪ་ཨཱ་གཙྪ་ཨསྨཱ་ད་པཱུ་ཛ་པྲ་ཏི་གྲི་ཧྣནྟུ་པྲ་སཱ་ད་མེ་དྷཱི་མཱན་ཀུ་རུ་སྭཱཧཱ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བསྒོམ་པ་དང་འདྲ་བའི་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི། དཀྱུས་མར། རྟེན་དང་བརྟེན་པའི་དཀྱིལ་འཁོར། ཞེས་དང༌། ཡང་ན། ཡེ་ཤེས་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ། ཐུན་མོང་དུ། མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་ཧྲཱིཿཥྚཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། བརྗོད་ཅིང་སྙིང་ག་ནས་ཁྲོ་བོ་སྤྲོས་ཏེ་ཕྱི་འབྲང་གི་བགེགས་བསྐྲད། ཨོཾ་ཧྲཱིཿཥྚཱིཿཧཿཞེས་སོགས་ཀྱིས་མཆོད། ཨོཾ་མུདྒ་ར་ཛཿ ཞེས་པའི་སྔགས་ཀྱིས་དམ་ཚིག་པ་སོ་སོའི་སྤྱི་བོར་དགུག ། ཨོཾ་དནྜ་ཧཱུཾ། གིས་དམ་ཚིག་པ་སོ་སོ་ལ་གཞུག ཨོཾ་པདྨ་བཾ། གྱིས་དམ་ཚིག་པ་སོ་སོ་དང་དབྱེར་མེད་དུ་བཅིང༌། ཨོཾ་ཁདྒ་ཧོཿས་དབང་དུ་བྱས། དེ་ནས་ཨོཾ་ཧྲཱིཿཧ་བྷོ་ཞེས་སོགས་ཕྱག་རྒྱ་དང་བཅས་ཏེ།སླར་ཡང་རང་གི་ཐུགས་པའི་ཧཱུཾ་ལས་འོད་ཟེར་འཕྲོས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་སྲས་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་ཧྲཱིཿཥྚཱིཿཧཱཿསོགས་ཀྱིས་མཆོད། དེ་བཞིན་གཤེགས་པ་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་སྤྲོས་པའི་ལྷ་མོ་ཙ་རྩི་ཀ་ལ་སོགས་པ་རྣམས་ཀྱིས་ཤིས་པ་བརྗོད་པ་སྔོན་དུ་འགྲོ་བས། ཟླ་བ་ལྟ་བུའི་བུམ་པ་དཀར་བོ་བདུད་རྩི་ལྔས་བཀང་བ་བཟུང་ནས། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱིས། །སྐྱེ་བས་ཐོབ་པའི་དབང་བསྐུར་བ། །ཇི་ལྟར་དེ་བཞིན་བདག་གིས་ནི། །དག་པ་ལྷ་ཡི་ཆུས་དབང་བསྐུར། །ཞེས་གསུང་ཞིང་སྤྱི་བོ་ནས་དབང་བསྐུར་བས། དབང་གི་ཆུས་ལུས་ཐམས་ཅད་གང༌། དྲི་མ་ཐམས་ཅད་དག ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས། གཙོ་བོའི་རྩ་ཞལ་གྱི་དབུ་ལ་མི་བསྐྱོད་པས་དབུ་བརྒྱན་ཅིང༌། དབང་གི་ལྷ་རྣམས་ཀྱང་རང་ཉིད་ལ་ཐིམ་པར་གྱུར། བར་བསམ་སྟེ་ཡེ་ཤེས་བ་དགུག་གཞུག་དབང་བསྐུར་རྒྱས་གདབ་རྣམས་བྱའོ། །དེ་ནས་བདག་བསྐྱེད་ཀྱི་མཆོད་པ། ཧྲཱིཿཥྚཱིཿདང་ནང་མཆོད་ཀྱིས་བསང་བ་སོགས་སྔར་ཕྱོགས་སྐྱོང་གི་མཆོད་པ་བྱིན་རླབས་ལྟར་བྱིན་གྱིས་བརླབ།ཨོཾ་ཧྲཱིཿཥྚཱིཿཧཿཞེས་སོགས་སམ།ཨོཾ་ཡ་མཱནྟ་ཀ་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱ་ཧཱ། ཞེས་སོགས་ཀྱིས་མཆོད། དེ་ནས་དཀྱིལ་འཁོར་བ་ལ་འབུལ་རྒྱུའི་ནང་མཆོད་སྔར་ལྟར་བྱིན་གྱིས་བརླབས་ལ། ཨོཾ་མཆོད་དོ། །ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོ་ཆོས་ཀྱི་ཕུང་བོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག དྲིན་ཅན་རྩ་བའི་བླ་མ་རིན་པོ་ཆེའི་ཞལ་དུ་ཨོཾ་ཨཱཿཧཱུཾ། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་ཞལ་དུ་ཨོཾ་ཨཱཿཧཱུཾ། ཡེ་ཤེས་ཀྱི་མཁའ་འགྲོ་མའི་ཞལ་དུ་ཨོཾ་ཨཱཿཧཱུཾ། ལཱ་ལི་ཏ་བཛྲའི་ཞལ་དུ་ཨོཾ་ཨཱཿཧཱུཾ། ཨ་མོ་གྷ་བཛྲའི་ཞལ་དུ་ཨོཾ་ཨཱཿཧཱུཾ། ཡེ་ཤེས་འབྱུང་གནས་སྦས་པའི་ཞལ་དུ་ཨོཾ་ཨཱཿཧཱུཾ། པདྨ་བཛྲའི་ཞལ་དུ་ཨོཾ་ཨཱཿཧཱུཾ། དཱི་བཱཾ་ཀ་ར་རཀྵི་ཏའི་ཞལ་དུ་ཨོཾ་ཨཱཿཧཱུཾ། རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། རྭ་ཆོས་རབ་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། རྭ་ཡེ་ཤེས་སེང་གེའི་ཞལ་དུ་ཨོཾ་ཨཱཿཧཱུཾ། རྭ་འབུམ་སེང་གེའི་ཞལ་དུ་ཨོཾ་ཨཱཿཧཱུཾ། རྗེ་བཙུན་རྒ་ལོའི་ཞལ་དུ་ཨོཾ་ཨཱཿཧཱུཾ། རོང་བ་ཤེས་རབ་སེང་གེའི་ཞལ་དུ་ཨོཾ་ཨཱཿཧཱུཾ། བླ་མ་ཡེ་ཤེས་དཔལ་བའི་ཞལ་དུ་ཨོཾ་ཨཱཿཧཱུཾ། ཆོས་ཀྱི་དོན་འགྲུབ་རིན་ཆེན་གྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོའི་ཞལ་དུ་ཨོཾ་ཨཱཿཧཱུཾ།གཞན་ཡང་དབང་བསྐུར་རྒྱུད་བཤད་མན་ངག་གནང་བའི་བླ་མ་བརྒྱུད་པ་དང་བཅས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། ཨོཾ་ཧྲཱིཿཥྚཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ། གཞན་ཡང་རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། ཆོས་ཀྱི་རྒྱལ་བོ་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། གཞན་ཡང་སྔོན་སངས་རྒྱས་མཐོང་བ། དམ་པའི་ཆོས་ཐོས་པ། འཕགས་པའི་དགེ་འདུན་ལ་བསྟེན་པ། བསྟན་པ་དང་འཁོར་རྣམ་བཞི་སྐྱོང་བར་ཞལ་གྱིས་བཞེས་པ་བླ་མ་གོང་མ་རྣམས་ཀྱིས་བསྟེན་ཅིང་བསྒྲུབས་པའི་སྲུང་མ་དམ་ཚིག་ཅན་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། ཡུལ་ཉི་ཤུ་རྩ་བཞི། གནས་སུམ་ཅུ་རྩ་གཉིས། དུར་ཁྲོད་ཆེན་པོ་བརྒྱད་ན་གནས་པའི་དཔའ་བོ་དང༌། རྣལ་འབྱོར་མ་དང༌། ཕྱོགས་སྐྱོང་དང༌། ཞིང་སྐྱོང་དང༌། ཀླུ་ལ་སོགས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། གཞི་བདག་གཉུག་མར་གནས་པ་དང་སེམས་ཅན་ཐམས་ཅད་ལྷར་གྱུར་བ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་སྐུའི་རྣམ་པར་སྤྱན་དྲངས་ཏེ་རང་གི་ལུས་ལ་ཞུགས་པར་གྱུར་བར་བསམ་ལ། ཨོཾ་ཧྲཱིཿཥྚཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ། ཨོཾ་ཨམྲྀ་ཏ་སྭ་ད་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། མགྲོན་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས། དཀྱུས་མར་འདི་འབྱུང༌། ཡང་ན། རང་གི་ལུས་ལ་གནས་པའི་རྒྱལ་བ་རྣམས་ཐུགས་ཟག་མེད་ཀྱི་བདེ་བ་ཆེན་པོས་ཐུན་མོང་དུ་བདུད་རྩིས་མཉེས་ཤིང་ཚིམ་པར་གྱུར།

གཉིས་མེད་ཐུན་མོང་མ་ཡིན་ཁྱབ་པའི་སྐུ། །ཀུན་ལ་སྙོམས་མཛད་རྒྱལ་བ་ཀུན་གྱི་ཡབ། །ཆོས་ཀྱི་དབྱིངས་གྱུར་རྒྱལ་བ་ཀུན་གྱི་ཡུམ། །ཡེ་ཤེས་སེམས་དཔའ་རྒྱལ་བ་ཀུན་གྱི་སྲས། །ཕྱག་འཚལ་འཇམ་དཔལ་དཔལ་གྱུར་རྫོགས་པ་ཁྱོད། །ཆོས་ཀྱི་སྐུ་ལ་བྱམས་སྡང་མི་མངའ་ཡང༌། །སྲིད་གསུམ་གདུག་པ་མ་ལུས་འདུལ་བའི་ཕྱིར། །ཐུགས་རྗེ་ཐབས་ཀྱིས་ཁྲོ་རྒྱལ་སྐུར་བསྟན་པ། །འཇིགས་བྱེད་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །ཞེས་ཕྱི་ནང་གི་མཆོད་པས་མཆོད་ཅིང་བསྟོད་པས་བསྟོད། དེ་ལྟར་རེ་རེ་ནས་གསལ་འདེབས་པས་དཔྱད་ནས་སྒོམ་པ་དང་རྣམ་པ་གསལ་བ་ལ་རྩེ་གཅིག་ཏུ་འཇོག་པའི་སྒོམ་པ་གཉིས་ཀྱིས་གསལ་སྣང་བསྒྲུབ་ཅིང༌། བདག་ཉིད་དཔལ་རྡོ་རྗེ་འཇིགས་བྱེད་དོ་སྙམ་དུ་ངེས་པ་ཤུགས་ཅན་བསྐྱེད་པ་ལ་འཇོག་པའི་ང་རྒྱལ་བརྟན་པར་བྱེད་པ་གཉིས་ཀ་བསྒོམ་པར་བྱ་བ་ནི་རྒྱ་ཆེ་བ་ལ་བསླབ་པའོ། །སྒོམ་པ་བོ་དང་བསྒོམ་བྱ་དང་བསྒོམས་རྣམས་བརྟགས་ན་ཡང་དག་པར་ཅིར་ཡང་མ་གྲུབ་བཞིན་དུ་སྣང་བ་སྒྱུ་མ་ལྟ་བུའི་དོན་ལ་འཇོག་པའི་དེ་ཁོ་ན་ཉིད་ཀྱི་སྤྱོར་བ་ལ་མཉམ་པར་འཇོག་པ་ནི་དམིགས་པ་ལྷའི་སྐུ་ལ་དམིགས་ནས་རྣམ་པ་རང་བཞིན་མེད་པར་ངེས་པའི་རྒྱུན་སྐྱོང་བ་ཡིན་པས་ཟབ་པ་དང་རྒྱ་ཆེ་བ་གཉིས་ཀ་ལ་སློབ་པ་སྟེ་དེ་དག་ནི་རགས་པ་ལ་སེམས་འཛིན་པའོ། །དེ་ལྟར་བསྒོམ་པ་ལ་བྱིང་བ་དང་རྒོད་པ་བསལ་བའི་ཕྱིར་སྟེང་ངམ་འོག་གི་སྣ་རྩེར་ཟླ་བ་ལ་གནས་པའི་རྡོ་རྗེ་སྔོན་པོ་ཡུངས་ཀར་གྱི་འབྲུ་ཚད་ཙམ་ལ་སེམས་བཟུང་ནས་བརྟན་པ་ན་དེ་ལས་ཕྱག་མཚན་མང་བོ་སྤྲོ་ཞིང་སླར་ཡང་རྩ་བའི་མཚན་མ་ལ་སྡུད་པ་ནི་ཕྲ་མོ་ལ་སེམས་འཛིན་པ་ཡིན་ཏེ་སེམས་བཟུང་བའི་རིམ་པའོ། །

ཞལ་དགུ་ནི་གསུང་རབ་ཡན་ལག་དགུ། རྭ་གཉིས་ནི་བདེན་པ་གཉིས། ཕྱག་སོ་བཞི་དང་སྐུ་གསུང་ཐུགས་ཏེ་སོ་བདུན་ནི་བྱང་ཕྱོགས་སོ་བདུན། ཞབས་བཅུ་དྲུག་ནི་སྟོང་ཉིད་བཅུ་དྲུག མཚན་མ་གྱེན་དུ་འགྲེང་བ་ནི་བདེ་བ་ཆེན་པོ་རྒྱས་པ། མི་ལ་སོགས་པ་ནི་དངོས་གྲུབ་བརྒྱད་དང༌། བྱ་རྒོད་ལ་སོགས་པ་ནི་དབང་ཕྱུག་བརྒྱད་དག་པ་ཡིན་ལ། གཅེར་བུ་ནི་སྒྲིབ་གཡོག་མེད་པ་དང༌། སྐྲ་གྱེན་དུ་བརྫེས་པ་ནི་མྱ་ངན་ལས་འདས་པའི་གོ་འཕང་སྟོན་པའོ། །དེ་དག་གི་དོན་མདོར་བསྡུ་ན། གཏན་ལ་དབབ་པའི་གཞི་གསུང་རབ་ཡན་ལག་དགུའི་བརྗོད་བྱ་ཀུན་རྫོབ་སྒྱུ་མ་དང་དོན་དམ་ནམ་མཁའ་ལྟ་བུ་ཁོང་དུ་ཆུད་པའི་ལམ་བྱང་ཕྱོགས་སོ་བདུན་ཡིན་ལ། ལམ་དེའི་གཙོ་བོ་དོན་དམ་རྟོགས་པ་ལ་ནི། སྟོང་ཉིད་བཅུ་དྲུག་གི་རྟོགས་པ་ཡོད་དེ། དེ་ཡང་ཐབས་བདེ་བ་ཆེན་པོ་དང་དབྱེར་མེད་པར་ཞུགས་པའོ། །ལམ་དེས་བགྲོད་པའི་འབྲས་བུ་དངོས་གྲུབ་ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པ་གཉིས་ཀྱི་གཙོ་བོ་ནི་སྒྲིབ་པ་ཟད་པའི་མྱང་འདས་སོ། །ཞེས་རྡོ་རྗེ་འཇིགས་བྱེད་ཀྱི་རྣམ་པར་ཤར་བའི་སྐུས་དེ་ལྟར་མཚོན་པ་གོ་བར་བྱེད་པའོ། །ཞེས་དག་པ་དྲན་བར་བྱ། འཕྲེང་བ། ཧྲཱིཿཥྚཱིཿས་བསང༌། སྭ་བྷཱ་ཝས་སྦྱངས། ཕྲེང་བ་མི་དམིགས་པ་སྟོང་བ་ཉིད་དུ་གྱུར། སྟོང་བའི་ངང་ལས་ཕྲེང་རྡོག་རྣམས་རེ་རེ་ནས་པད་ཉིའི་སྟེང་དུ་ཧཱུཾ་ཡིག་ཡོངས་སུ་གྱུར་བ་ལས་དཔལ་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པ་གཡོན་བརྐྱང་གིས་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པར་གྱུར། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་དང་དབང་ལྷ་སྤྱན་དྲངས། ཡེ་ཤེས་པ་ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་གྱུར། དབང་ལྷས་དབང་བསྐུར་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། ཨོཾ་ཡ་མཱནྟ་ཀ་ཨརྒྷཾ། པཱ་དྱཾ། གནྡྷེ། པུཥྤེ། ངྷཱུ་པེ། ཨཱ་ལོ་ཀེ། ནཻ་ཝི་དྱ། ཤཔྟ་པྲ་ཏཱི་ཙྪ་ཧཱུཾ་སྭཱ་ཧཱ། ཨོཾ་ཡ་མཱནྟ་ཀ་ཧཱུཾ་ཕཊ། སྙིང་བོ་ལ། ཨོཾ་ཨཱཿཧཱུཾ། ཞེས་བཏགས་པའི་ནང་མཆོད་འབུལ། གཟུགས་མཆོག་མཆོག་ཏུ་དྲག་པོ་ཆེ། །དཔའ་བོ་མཆོག་གི་སྤྱོད་ཡུལ་ཅན། །གདུལ་དཀའ་འདུལ་བའི་དོན་མཛད་པ། །རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལ། །ཨོཾ་ཡ་མཱནྟ་ཀ་ཧཱུཾ་ཕཊ། ཉེར་གཅིག་གམ་ཅི་འགྲུབ་བཟླ། དཔལ་རྡོ་རྗེ་འཇིགས་བྱེད་འོད་དུ་ཞུ་བ་ལས་བྱུང་བའི་བགྲང་ཕྲེང་ཁྲག་འཛག་པའི་མི་མགོའི་ཕྲེང་བའི་རྣམ་པར་གྱུར་བར་བསམ། ཅེས་བགྲང་འཕྲེང་བྱིན་བརླབས་བྱ། ཨོཾ་ཨ་ར་པ་ཙ་ན་ངྷཱིཿཞེས་ཐོག་མར་འཇམ་དབྱངས་ཞི་བའི་སྔགས་བཟླས་ཏེ། ཨོཾ་ཡ་མ་རཱ་ཛཱ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡཀྵེ་ཡ། ཡཀྵེ་ཡ་ཙྪ་ནི་རཱ་མ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་པའི་རྩ་སྔགས། ཨོཾ་ཧྲཱིཿཥྚཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཅེས་པའི་ལས་སྔགས། ཨོཾ་ཡ་མཱནྟ་ཀ་ཧཱུཾ་ཕཊ། ཅེས་པའི་སྙིང་བོ་རྣམས་ཅི་འགྲུབ་རེ་བཟླས་མཐར།ཨོཾ་ཡ་མཱནྟ་ཀ་ས་མ་ཡ། མ་ནུ་པཱ་ལ་ཡ། ཡ་མཱནྟ་ཀ་ཏྭེ་ནྭ་པ་ཏིཥྛ།ཞེས་པ་ནས། སརྦ་ཏ་ཐཱ་ག་ཏ་ཡ་མཱནྟ་ཀ་མཱ་མེ་མུཉྩ། ཡ་མཱནྟ་ཀ་བྷཱ་བ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿཧཱུཾ་ཕཊ། ཅེས་གཤིན་རྗེས་གཤེད་ཀྱི་ཡིག་བརྒྱ་བཟླ། ཨོཾ་ཧྲཱིཿཥྚཱིཿཧཿཨོཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཝི་ཀྲི་ཏཱ་ན་ན་དུཥྚཾ་ས་ཏྭ་ད་མ་ཀ་ག་ག ཨོཾ་ཀུ་མ་རཱ་རཱུ་པི་ཎེ་ཛཿཛཿཧཱུཾ་ཕཊ། ཨོཾ་ཧྲཱིཿཧཱཿཧེ་ཕཊ། ཨོཾ་ཏཱིབྟ་ལོ་ཙ་ནི་ཝི་ཀྲི་ཏཱ་ན་ན་མ་ཧཱ་ཨཊྚ་ཊྚ་ཧཱ་ས་ན་དི་ནི་དཱིབྟ་ཡེ་སྭཱཧཱ། ཨོཾ་བཛྲ་ནཻ་ཝི་དྱཱ་ཨཱཿཧཱུཾ་སྭཱཧཱ། ཨོཾ་བཛྲ་ཤཔྟ་ཨཱཿཧཱུཾ། ཨོཾ་ཧྲཱིཿཥྚཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ། ཞེས་ཕྱི་ནང་གི་མཆོད་པ་འབུལ། དེ་ནས་གཏོར་མ་ལ་ཆང་ཆུ་ནང་མཆོད་གསུམ་གྱིས་རིམ་པ་བཞིན་བྲན་ལ་སྔར་གྱི་ནང་མཆོད་བྱིན་རླབས་ལྟར་བྱིན་རླབས་བྱ། མདུན་དུ་སྐད་ཅིག་གིས་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གསལ་ལ་ཡོངས་སུ་རྫོགས་པར་གྱུར། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་གྱུར། རང་གི་ཐུགས་ཀའི་ཧཱུཾ་སྔོན་པོའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས་ཕྱོགས་སྐྱོང་བཅོ་ལྔ་འཁོར་དང་བཅས་པ་བཀུག་ཏེ་ཕྱོགས་མཚམས་རྣམས་སུ་འཁོད་པ་སྐད་ཅིག་གིས་འོད་གསལ་དུ་བཅུག་པ་ལས་དཔལ་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པའི་སྐུར་བཞེངས་པར་གྱུར། གཏོར་མགྲོན་གཉིས་ཀ་ལ་ཐུན་མོང་དུ། ཧཱུཾ ་ཞེས་བརྗོད་པས།འཇིག་རྟེན་ལས་འདས་པའི་མགྲོན་རྣམས་ཀྱི་ལྗགས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དཀར་བོ་འོད་ཀྱི་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར་བར་བསམ་ཏེ། ཨོཾ་ཧྲཱིཿཥྚཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། བཛྲ་བྷཻ་ར་བ་ཡ་ཨ་ངྷི་པ་ཏི་ཨི་མཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པ་བདུན་ནམ་གསུམ་གྱིས་དབུལ། ཨོཾ་ཧྲཱིཿཥྚཱིཿཧཿསོགས་ཀྱིས་མཆོད། ཨོཾ་ཧྲཱིཿཥྚཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ། བཏགས་པས་ཕྱི་ནང་གི་མཆོད་པས་མཆོད། གཉིས་མེད་ཐུན་མོང་མ་འམ། གཟུགས་མཆོག་མཆོག་ཏུ་དྲག་པོ་ཆེ། །དཔའ་བོ་མཆོག་གི་སྤྱོད་ཡུལ་ཅན། །གདུལ་དཀའ་འདུལ་བའི་དོན་མཛད་པ། །རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལ་བསྟོད། །ཕྱོགས་སྐྱོང་འཁོར་དང་བཅས་པ་རྣམས་ཀྱི་ལྗགས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དཀར་བོ་འོད་ཀྱི་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར་པར་བསམ་ལ། ཨོཾ་ཡ་མ་རཱ་ཛཱ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡཀྵེ་ཡ། ཡཀྵེ་ཡ་ཙྪ་ནི་རཱ་མ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་བརྗོད་པས་ཀྱང་བྱིན་གྱིས་རླབས་ལ། ཨོཾ་བྷུ་ཙ་ར་ནཾ། ཡ་བཱ་ཏཱ་ལ་ཙ་ར་ཡ། མཱན་ཁེ་ཙ་ར་ཡ། ཏ་བཱུར་བ་ནི་གཱ་ནཾ། ཀ་དཀྵི་ཎ་དཱི་ག་ཡ། ཧཱུཾ་པཤྩི་མ་ནཾ། ཕཊ་ཨུད་ཏ་ར་ཏི་གཱ་ཡ། ཨོཾ་ཨི། ཧྲཱིཿཡ། ཥྚཱིཿབ། ཝི་ཀྵི། ཀྲི་ཀོ ཏཱ་ཨེ། ན་ཨ། ན་དེ། ཧཱུཾ་བྷྱོཿཕཊ་སརྦ་བྷུ་ཏེ་བྷྱཿཞེས་པ་གསུམ་གྱིས་དབུལ། ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ། པཱ་དྱཾ། གནྡྷེ། པུཥྤེ། ངྷཱུ་པེ། ཨཱ་ལོ་ཀེ། ནཻ་ཝི་དྱ། ཤཔྟ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨོཾ་ཨཱཿཧཱུཾ། ཞེས་བརྗོད་དེ་ཕྱོགས་སྐྱོང་འཁོར་བཅས་ལ་དབུལ། བཅོམ་ལྡན་ཆོས་རྗེ་འཇམ་དབྱངས་སྤྱན་ལམ་དུ། །བདུད་འདུལ་བསྟན་པ་བསྲུང་བར་ཞལ་བཞེས་པ། །ལས་ཀྱི་གཤིན་རྗེ་མ་མོ་མཁའ་འགྲོ་མ། །འབྱུང་བོ་རོ་ལངས་ཅི་བགྱི་བཀའ་ཉན་ཚོགས། །ཕྱི་ནང་སྐྱོང་བའི་དམ་ཅན་མ་ལུས་ལ། །བདག་ནི་རེ་བའི་སེམས་ཀྱིས་འདུད་ཅིང་མཆིས། །ཕྱོགས་སྐྱོང་འཁོར་དང་བཅས་པ་རྣམས་ཀྱིས་བདག་གི་དམ་པའི་ཆོས་དགེ་བ་སྒྲུབས་བའི་བྱ་བ་མཐར་ཕྱིན་པ་དང༌། དེའི་བར་ཆད་ཐམས་ཅད་ཞི་བའི་འཕྲིན་ལས་མཛོད་ཅིག ། ཅེས་མཆོད་ཅིང་བསྟོད་དེ་འཕྲིན་ལས་བཅོལ། ལོང་མེད་ཚེ་གཏོར་འབུལ་བསྡུས་པ་བྱེད་ན། རང་གི་ཐུགས་ཀའི་ཧཱུཾ་ནག་པོའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས་ལྷོ་ཕྱོགས་རིམ་པ་བདུན་གྱི་ས་འོག་གཤིན་རྗེའི་གྲོང་ཁྱེར་སྒོ་མེད་ལྕགས་མཁར་བཅུ་དྲུག་གི་ནང་ནས་དམ་ཅན་ཆོས་རྒྱལ་ཡབ་ཡུམ་འཁོར་དང་བཅས་པ་སྐད་ཅིག་གིས་སྤྱན་དྲངས། རྒྱས་བསྡུས་གཉིས་ཀ་ལ་ཐུན་མོང་དུ།ཆོས་ཀྱི་རྒྱལ་བོ་ཡབ་ཡུམ་འཁོར་དང་བཅས་པ་རྣམས་ཀྱི་ལྗགས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དམར་བོ་འོད་ཀྱི་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཨོཾ་ཀཱ་ལ་རཱུ་བ་སརྦ་བིགྷྣན་ཤ་ཏྲུཾ་མཱ་ར་ཡ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུཾ་ཕཊ། ཞེས་ལན་བདུན། ཨོཾ་ཙ་མུཎྚི་ཡ་བ་ཏི་ལ་སོགས་པའི་གཤིན་རྗེ་ཕོ་མོའི་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་ཨེ་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཅེས་གསུམ་མམ་བདུན་གྱིས་ཕུལ་ནས། ཨོཾ་ཀཱ་ལ་རཱུ་བ་ས་བ་རི་ཝཱ་ར་ཨརྒྷཾ། པུཥྤེ། དྷཱུ་བེ། དཱཾ་བེ། གནྡྷེ། ནཻ་ཝིདྱེ། ཤཔྟ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། ཀཱ་ལ་རཱུ་བའི་ཞལ་དུ་ཨོཾ་ཨཱཿཧཱུཾ། ཙ་མུཎྚི་ཡ་བ་ཏི་ལ་སོགས་པའི་གཤིན་རྗེ་ཕོ་མོའི་ཚོགས་འཁོར་དང་བཅས་པXཞེས་ཕྱི་ནང་གི་མཆོད་པའི་མཆོད། འཇམ་དཔལ་བཀའ་ཉན་བསྟན་སྲུང་ནི། །དམ་ཅན་ཆོས་ཀྱི་རྒྱལ་བོ་སྟེ། །ཞལ་གཅིག་ཕྱག་གཉིས་འཇིགས་གཟུགས་ཅན། །མགོན་པོ་ཁྱོད་ལ་བདག་བསྟོད་དོ། །ཧཱུཾ་སྟོབས་ཆེན་གཤིན་རྗེསXབཞིན་སྐྱོངས་པར་མཛོད། །

དེ་ནས་གཏང་རག་གི་མཆོད་པ་བྱིན་རླབས་ནི། ཨོཾ་ཧྲཱིཿཥྚཱིཿས་བསང༌།སྭ་བྷཱ་ཝས་སྦྱངས།སྟོང་བ་ཉིད་དུ་གྱུར།སྟོང་བའི་ངང་ལས་ཨཱཿལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུཾ་ཧཱུཾ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། དྲི། མེ་ཏོག ཅེས་བ་ནས་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར། ཨོཾ་ཨརྒྷཾ་ཨཱཿཧཱུཾ། ཨོཾ་པཱདྱཾ་ཨཱཿཧཱུཾ། ཨོཾ་གནྡྷེ་ཨཱཿཧཱུཾ། ཨོཾ་པུཥྤེ་ཞེས་བ་ནས་ཨོཾ་ཤཔྟ་ཨཱཿཧཱུཾ། གིས་བྱིན་གྱིས་རླབས། ཨོཾ་ཡ་མཱནྟ་ཀ་ས་པཱ་རི་ཝཱ་ར་ཨརྒྷཾ། པཱདྱཾ། གནྡྷེ། པུཥྤེ། ཞེས་པ་ནས་ཤཔྟ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། ཨོཾ་ཧྲཱིཿཥྚཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ། ཞེས་ཕྱི་ནང་གིས་མཆོད་པ་ཕུལ། གཟུགས་མཆོག་མཆོག་ཏུ་དྲག་པོ་ཆེ། །དཔའ་བོ་མཆོག་གི་སྤྱོད་ཡུལ་ཅན། །གདུལ་དཀའ་འདུལ་པའི་དོན་མཛད་པ། །རྡོ་རྗེའཇིགས་བྱེད་ལ་ཕྱག་འཚལ། །བསྟོད་པར་འོས་ལ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱིས། །ལུས་བཏུད་པ་ཡི་རྣམས་པ་ཀུན། །མཆོག་ཏུ་དད་པས་བསྟོད་པར་བགྱི། །དགེ་བ་འདི་ཡིས་མྱུར་དུ་བདག །འཇམ་དཔལ་དཔའ་བོ་འགྲུབ་གྱུར་ནས། །འགྲོ་བ་ཀུན་ཀྱང་འཇམ་དབྱངས་ཀྱི། །གོ་འཕང་མཆོག་ལ་འགོད་པར་ཤོག །

རྣམ་དག་བསམ་པས་ཚུལ་འདིར་འབད་པ་ལས། །བྱུང་བའི་དགེ་བས་མཐའ་ཡས་འགྲོ་བ་རྣམས། །སྐྱེ་ཞིང་སྐྱེ་བར་འཇམ་དབྱངས་ཞི་ཁྲོ་ཡིས། །འབྲལ་བ་མེད་པར་རྗེས་སུ་འཛིན་གྱུར་ཅིག །ཅེས་སྨོན་ལམ་བསྡུས་པ་བྱ། དེ་ནས། ཨོཾ་ཡ་མཱནྟ་ཀ་ས་མ་ཡ། ཞེས་པ་ནས། ཨཱཿཧཱུཾ་ཕཊ། ཞེས་གཤིན་རྗེའི་གཤེད་ཀྱི་ཡིག་བརྒྱ་ལན་གསུམ་བརྗོད། གང་ཡང་བདག་བློ་རྨོངས་པ་ཡིས། །ཉེས་བྱས་ཅུང་ཟད་གང་བགྱིས་པ། །གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། །མགོན་ཁྱོད་དེ་ཀུན་བཟོད་པར་མཛོད། །མ་རྙེད་ཡོངས་སུ་མ་ཤེས་དང༌། །གང་ཡིན་ནུས་པ་མ་མཆིས་པས། །འདིར་ནི་བྱ་བ་གང་བགྱིས་པ། །དེ་ཀུན་ཁྱེད་ཀྱིས་བཟོད་མཛོད་རིགས། །ལྷག་པ་དང་ནི་ཆད་པ་དང༌། །ཆོ་གའི་ཡན་ལག་ཉམས་པ་དང༌། །བདག་གིས་བརྗེད་ངེས་ཅི་མཆིས་པ། །དེ་ཡང་བཟོད་པར་མཛད་དུ་གསོལ། །བདག་ལ་དངོས་གྲུབ་མཆོག་སྩོལ་ལེགས། །ཏིང་འཛིན་ཀུན་གྱི་འབྲས་བུ་སྩོལ། །སེམས་ཅན་ཀུན་ལ་ཅི་འདོད་པའི། །དངོས་གྲུབ་བླ་ན་མེད་པར་སྩོལ། །ཞེས་གཏོར་མགྲོན་རྣམས་ལ་ནོངས་པ་བཟོད་པར་གསོལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨོཾ་ཨཱཿབཛྲ་མུཿཞེས་པས། འཇིག་རྟེན་ལས་འདས་པའི་མགྲོན་གྱི་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་བདག་ཉིད་ལ་ཐིམ། མགྲོན་གཞན་རྣམས་རང་གནས་སུ་གཤེགས་པར་གྱུར། ཅེས་པའི་གཏོར་མགྲོན་གཤེགས་གསོལ་བྱ། དེ་ནས། དུར་ཁྲོད་སྲུང་འཁོར་དང་བཅས་པ་གཞལ་ཡས་ཁང་ལ་ཐིམ། གཞལ་ཡས་ཁང་རང་ལ་ཐིམ། རང་དམ་ཚིག་སེམས་དཔའ་ཡེ་ཤེས་སེམས་དཔའ་ལ་ཐིམ། ཡེ་ཤེས་སེམས་དཔའ་ཏིང་ངེ་འཛིན་སེམས་དཔའ་ལ་ཐིམ། ཏིང་ངེ་འཛིན་སེམས་དཔའི་ཧཱུཾ་གི་ཞབས་ཀྱུ་ཨུ་ནི་ཧ་ལ། ཧ་ནི་ཧའི་མགོ་བོ་ལ། མགོ་བོ་ཟླ་ཚེས་ལ། ཟླ་ཚེས་ཐིག་ལེ་ལ། ཐིག་ལེ་ནཱ་ད་ལ་ཐིམ། ནཱ་ད་ཡང་མི་དམིགས་པ་སྟོང་བ་ཉིད་དུ་གྱུར། སྟོང་བའི་ངང་ལས་རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པས་སྐུར་བཞེངས་པའི་དེའི། མིག་ཏུ་ཀྵིཾ། རྣ་བར་ཛྲིཾ། སྣར་ཁཾ། ལྕེར་རཾ། དཔྲལ་བར་ཀཾ ལྟེ་བར་སཾ། སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པར་གྱུར། ཤིས་པ་བརྗོད་པ་ནི།འཕྲིན་ལས་རྣམ་བཞིས་གདུག་པ་འདུལ་མཛད་པའི། །རྡོ་རྗེ་འཇིགས་བྱེད་རྩ་རྒྱུད་བླ་མ་ལ། །ལེགས་ཚོགས་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །བདག་ཅག་རྣམས་ལ་རྟག་ཏུ་བདེ་ལེགས་ཤོག །ཞེ་སྡང་འདུལ་ཕྱིར་སྲིན་པོ་ཁྲོས་པའི་སྐུ། །བདུད་ལས་རྣམ་རྒྱལ་འཇིགས་བྱེད་དཔའ་བོ་ལ། །ལེགས་ཚོགས་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །བདག་ཅག་རྣམས་ལ་རྟག་ཏུ་བདེ་ལེགས་ཤོག །རྣམ་དག་བདེ་ཆེན་རོལ་བ་ལས་བྱུང་བའི། །རྟེན་གྱི་གཞལ་ཡས་སྲུང་འཁོར་བཅས་པ་ལ། །ལེགས་ཚོགས་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །བདག་ཅག་རྣམས་ལ་རྟག་ཏུ་བདེ་ལེགས་ཤོག །ཡེ་ཤེས་མགོན་པོ་ཆོས་ཀྱི་རྒྱལ་བོ་དང༌། །དམག་ཟོར་རྒྱལ་མོ་རྒྱལ་ཆེན་རྣམ་ཐོས་སྲས། །ལྷ་ཆེན་གུར་དང་དཔལ་མགོན་ཞལ་བཞི་སོགས། །བཀའ་སྡུད་ཆོས་སྐྱོང་རྣམས་ཀྱི་བཀྲ་ཤིས་ཤོག །འཇམ་དབྱངས་བཀའ་སྡོད་དམ་ཅན་རྒྱ་མཚོ་ལ། །བསྙེན་བསྒྲུབ་མཆོད་བསྟོད་ཚུལ་བཞིན་བགྱིས་པ་ཡིས། །དགེ་མཚན་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །བགེགས་དཔུང་ཕྱེ་མར་འཐག་པའི་བཀྲ་ཤིས་ཤོག །ཅེས་ཤིས་བརྗོད་ཀྱིས་མཐར་བརྒྱན་པར་བྱའོ། །

གསལ་འདེབས།     
       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་འགོད་དག་པར་ཞུ།     

       རྩོམ་ཁུངས། དགེ་ལུགས་པའི་དྲ་བ།
      རྩོམ་འདིའི་སྦྲེལ་ཐག
http://www.tb1025.cn


བརྒྱུད་འགོད།