བསྐལ་བཟང་གི་སངས་རྒྱས་སྟོང་ལ་ཕྱག་འཚལ་ཞིང་གསོལ་བ་འདེབས་པ་དགོས་འདོད་ཀུན་འབྱུང་ཞེས་བྱ་བ་བཞུགས་སོ། །

    སྤེལ་དུས།  2024-02-27 22:52:55         ཀློག་ཐེངས།  

༄༅། །མཐུན་པའི་དགེ་ཚོགས་སྨོན་ལམ་རྨད་བྱུང་ཞིང་། །

སྤྱད་པ་སྤྱོད་ཚེ་ནམ་ཡང་མཆེད་གྱུར་ལ། །

བསྐལ་བཟང་གཅིག་ལ་མཛད་པ་མཐར་ཕྱིན་པའི། །

རྫོགས་པའི་སངས་རྒྱས་སྟོང་ལ་ཕྱག་འཚལ་ལོ། །

གང་ཞིག་ཡིད་ལ་ལན་ཅིག་དྲན་པས་ཀྱང་། །

རེ་བའི་བུམ་བཟང་གཏན་འདུན་འཆི་མེད་ཀྱི། །

བདུད་རྩིས་འགེངས་མཛད་མི་ཟད་ཡོད་ཏན་གཏེར། །

རྫོགས་པའི་སངས་རྒྱས་སྟོང་ལ་ཕྱག་འཚལ་ལོ། །

མི་མཇེད་ཞིང་གི་འགྲོ་བ་མ་ལུས་པ། །

ཚད་མེད་ཐུགས་རྗེའི་ཕྱག་གིས་ཡོངས་བཟུང་སྟེ། །

ཉམ་ངའི་གཡང་ལས་སྒྲོལ་བའི་འདྲེན་པ་མཆོག། །

རྫོགས་པའི་སངས་རྒྱས་སྟོང་ལ་ཕྱག་འཚལ་ལོ། །

མ་རུངས་བདག་འདྲའི་འགྲོ་ལ་ལྷག་པར་ཡང་། །

ཐུགས་རྗེའི་འཇུག་པ་ཕུལ་དུ་བྱུང་གྱུར་བས། །

བརྩེ་བའི་ལྕགས་ཀྱུས་ནམ་ཡང་མི་གཏོང་བ། །

རྫོགས་པའི་སངས་རྒྱས་སྟོང་ལ་ཕྱག་འཚལ་ལོ། །

བཟང་བོའི་ཐུགས་བསྐྱེད་སྨོན་ལམ་ལྷན་ཅིག་བས། །

རྣམ་འདྲེན་སྔ་མའི་བསྟན་ལ་ཞུགས་པ་རྣམས། །

ཕྱི་མས་ཡོངས་སུ་སྨིན་ཅིང་གྲོལ་མཛད་པའི། །

རྫོགས་པའི་སངས་རྒྱས་སྟོང་ལ་ཕྱག་འཚལ་ལོ། །

སྐྱེ་ཞིང་སྐྱེ་བར་རྣམ་འདྲེན་དེ་དག་གི། །

བསོད་ནམས་བརྒྱས་མཚན་བལྟ་བས་མི་ངོམས་སྐུ། །

མིག་གི་ལམ་དུ་ནམ་ཡང་མི་འབྲལ་ཞིང་། །

བཀའ་བཞིན་བསྒྲུབས་པས་མཉེས་པ་ལྷུར་བྱེད་ཤོག། །

གསང་བ་ཀུན་ལ་ལྐོག་ཏུ་མ་གྱུར་བའི། །

སྤྱན་ལྡན་སྲས་ཀྱི་ཐུ་བོར་འགྱུར་བ་དང་། །

ཆོས་ཚུལ་མཐའ་དག་བཤད་དང་སྒྲུབ་པ་ཡིས། །

རྒྱལ་བའི་དགོངས་པ་ཇི་བཞིན་འཛིན་པར་ཤོག །

གསེར་གྱི་མདོག་ཅན་འཁོར་ལོས་སྤྲས་བའི་ཕྱག །

སྤྱི་བོར་བཞག་སྟེ་འཛུམ་པའི་མདངས་དང་བཅས། །

ཚངས་པའི་དབྱངས་ཀྱིས་བླ་མེད་བྱང་ཆུབ་ཏུ། །

ལུང་བསྟན་པ་ཡང་བདག་གིས་མྱུར་ཐོབ་ཤོག །

ཅེས་བསྐལ་བཟང་གི་སངས་རྒྱས་སྟོང་ལ་ཕྱག་འཚལ་ཞིང་གསོལ་བ་འདེབས་པ་དགོས་འདོད་ཀུན་འབྱུང་ཞེས་བྱ་བ་འདི་ནི། གཙང་སྒར་ནས་གཞུང་བརྒྱ་སྨྲ་བའི་ཁྱུ་མཆོག་དགེ་བཤེས་འཇམ་དབྱངས་དོན་གྲུབ་ཀྱིས།འདི་ལྟ་བུ་ཞིག་དགོས་ཞེས་འཕྲིན་ཡིག་གི་ལམ་ནས་བསྐུལ་མ་ནན་ཏན་ཏུ་བྱུང་བར་བརྟེན།གསེར་ཁང་རི་ཁྲོད་པ་༧བློ་བཟང་བསྟན་འཛིན་རྒྱ་མཚོས་བསྒྲིགས་པ་དགེ་ལེགས་འཕེལ།འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེའི་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག ། ཛ་ཡནྟུ། །

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།