ཁྲི་ཀའི་ལྷ་དཀར་བོ་ལ་རབ་གནས་བྱེད་སྐབས་སྙན་ཤལ་ངོས་སུ་བྲིས་པ'

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-09-22 11:52:02     རྩོམ་པ་པོ།   ཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་    ཀློག་ཐེངས།  


ཨོཾ་སྭ་སྟི།དྲི་མེད་མཁྱེན་པ་མཁའ་ལྟར་ཕ་མཐའ་བྲལ།།འགྲོ་ལ་རྗེས་སུ་བརྩེ་བ་པད་དཀར་འཆང་།།རྒྱལ་ཀུན་མཐུ་སྟོབས་གཅིག་གྱུར་རྡོ་རྗེ་འཛིན།།འབྲལ་མེད་བྱང་ཆུབ་བར་དུ་གཙུག་གིས་བསྟན།།ཕྲ་རགས་ཀུན་འབྱུང་ལས་དང་ཉོན་མོངས་ཀྱི།།འཆིང་བ་དམ་པོས་བཅིང་བའི་བདག་སོགས་འགྲོ།།གང་འཚམས་ཐབས་མཆོག་ཐུགས་རྗེའི་ལྕགས་ཀྱུ་ཡིས།།ཡང་དག་ལམ་ལ་བཀྲི་བར་མཛད་དུ་གསོལ།།ཁྱད་པར་བསོད་ནམས་ཞིང་མཆོག་གཟུགས་སྐུའི་རྟེན།།འབུམ་ཕྲག་དད་པས་བསྒྲུབས་པའི་དགེ་རྩ་ལ།།བརྟེན་ནས་རྒྱལ་བསྟན་ཕྱོགས་མཐར་རྒྱས་པ་དང་།།ཡིད་ཅན་ཕན་བདེ་གོང་དུ་འཕེལ་བར་ཤོག།བསྟན་འཛིན་ཞབས་བརྟན་དགེ་འདུན་སྡེ་འདི་ཡི།།ཆོས་སྤྱོད་ཉམས་ལེན་སྟོབས་དང་ཚེ་དཔལ་ལ།།ལོག་པར་འཁུ་བའི་བསམ་སྦྱོར་ཀུན་ཞི་ནས།།མཐུན་རྐྱེན་ཡར་ངོའི་ཟླ་བཞིན་གོང་འཕེལ་ཤོག།མི་ཕམ་རྒྱལ་བའི་ཉི་མ་ལ།།དར་གྱི་སྙན་ཤལ་ཕུལ་བ་ཡིས།།འདྲེན་མཆོག་བླ་མ་ཡབ་སྲས་ཀྱི།།ཐུགས་ཀྱི་དགོངས་པ་ཡོངས་རྫོགས་ཤིང་།།བཞེད་དོན་ལྷུན་གྱིས་གྲུབ་པར་ཤོག།རྒྱལ་བསྟན་དར་ཞིང་དེ་འཛིན་གྱི།།ཞབས་པད་བརྟན་ཅིང་དགེ་འདུན་རྣམས།།ཆོས་སྤྱོད་ཉམས་ལེན་ཕ་མཐར་ཕྱིན།།འགྲོ་ཀུན་བདེ་ཞིང་སྐྱིད་པར་ཤོག།རྣམ་འདྲེན་བྱམས་པ་མགོན་པོ་ཡིས།།ཆོས་ཀྱི་དགའ་སྟོན་འགྱེད་པའི་ཚེ།།འཁོར་གྱི་ཐོག་མ་ཉིད་གྱུར་ནས།།ས་ལམ་བགྲོད་པ་མཐར་ཕྱིན་ཤོག༈།སྟོབས་བཅུ་མངའ་བ་མི་ཕམ་མགོན་པོ་ལ།།དར་གྱི་སྙན་ཤལ་ཕུལ་བའི་དགེ་བ་ཡིས།།བདག་དང་མཁའ་མཉམ་ཡིད་ཅན་མ་ལུས་པ།།བཤེས་གཉེན་དམ་པས་རྗེས་སུ་འཛིན་གྱུར་ཅིག།སྲིད་པའི་འབྱོར་བ་གློག་གི་གར་མཁན་དང་།།ཚེ་འདི་མི་རྟག་འཇའ་ཚོན་ལྟར་མཐོང་ནས།།ཉིན་མཚན་ཀུན་ཏུ་དམ་ཆོས་སྒྲུབ་པ་ལ།།བརྩོན་པ་ནམ་ཡང་ལྷོད་པ་མེད་པར་ཤོག།རྣམ་དག་ཚུལ་ཁྲིམས་གཙང་མས་རྒྱུད་ཕྱུག་ཅིང་།།མི་རྟོག་གསལ་བའི་ཏིང་འཛིན་ལྷུན་གྱིས་གྲུབ།།ཆོས་རྣམས་འབྱེད་པའི་ཤེས་རབ་མིག་ཐོབ་ནས།།ཀུན་མཁྱེན་ས་ལ་འགྲོ་ཀུན་འགོད་པར་ཤོག།ཅེས་པ་འདི་ནི་ལྷ་དཀར་བོ་རབ་གནས་སྐབས་སྙན་ཤལ་ལ་འབྲི་རྒྱུར། ༧ ཐར་ཤུལ་སྐྱེ་མིང་བ་དགེ་འདུན་ཆོས་སྐྱོང་རྒྱ་མཚོས་སྦྱར་བའོ། ། ཐུབ་བསྟན་དབྱར་གྱི་ལང་ཚོ་མི་ཉམས་ཤིང་།།ལུས་ཅན་ཕན་བདེའི་ལོ་ཏོག་འཕེལ་བའི་ཕྱིར།།ཐོས་བསམ་དར་རྒྱས་གླིང་ཞེས་བྱ་བ་ཡི།།འདུས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་ཕབ།།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།