༅།།ཉི་མ་སྦས་བའི་ལུགས་ཀྱི་སྒྲོལ་མའི་སྨོན་ལམ་ཤིས་བརྗོད་དྲང་སྲོང་གྲུབ་བའི་ བདེན་ཚིག་ཅེས་བྱ་བ་བཞུགས་སོ།།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-01-05 20:59:26         ཀློག་ཐེངས།  

༄༅༅།།ཕྱོགས་བཅུའི་བླ་མ་རྒྱལ་བ་སྲས་བཅས་ཀྱི།།དྲི་མེད་ཡེ་ཤེས་སྦྱན་གྱིས་ཉེར་གཟིགས་ལ།།བརྩེ་བའི་སྙིང་རྗེ་ཆེན་པོས་དགོངས་ནས་ཅིང།།རྣམས་དག་སྨོན་པའི་གྲུབ་པའི་དཔང་མཛོད་ཅིག།འཕགས་ཡུལ་སངས་རྒྱས་གཉིས་པ་ཀླུ་སྒྲུབ་དང་།།ལམ་འདིའི་གྲུབ་བརྙེས་ཉི་མ་སྦས་པ་ཡི།།དགོངས་པ་བཞིན་འཕགས་མའི་ཆོ་གའི་རིམ།།འཁྲུལ་མེད་ཉམས་སུ་བསྟར་བ་འདིས་མཚོན་ཏེ།།རང་གཞན་དུས་གསུམ་དགེ་བའི་དངོས་པོ་ཀུན།།རླབས་ཆེན་བྱང་ཆུབ་སེམས་ཀྱིས་གཅིག་བསྡུས་ཏེ།།བཅོམ་ལྡན་འདས་མས་གང་ལ་དགོངས་པ་ཡིས།།བཞེད་པ་མཐའ་དག་གྲུབ་པའི་རྒྱུ་རུ་བསྔོ།།དེང་ནས་སྐྱེ་ཞིང་སྐྱེས་པའི་དལ་འབྱོར་འཕྲེང་།།རྣམ་དཀར་ལས་ཀྱི་སྲད་བུར་ལེགས་བསྟར་བ།།འཕགས་མའི་བརྩེ་ཆེན་ཕྱག་གིས་མི་གཏོང་བའི།།སྐལ་བ་བཟང་བོའི་དུས་སྟོན་ཉམས་མེད་ཤོག།ངེས་འབྱུང་མིག་གིས་འཁོར་བའི་སྐྱོན་མཚང་རིག།གཞན་ཕན་སེམས་ཀྱིས་འགྲོ་དོན་ཁུར་དུ་འཁྱེར།།ཡང་དག་ལྟ་བས་སྣང་སྟོང་མཉམ་པར་རྟོགས།།རང་གཞན་ལམ་གྱི་གཞི་རྩ་ཚུགས་གྱུར་ཅིག།གཞི་ཡི་སྐུ་གསུམ་འབྲས་བཟང་ས་བོན་ཁམས།།སྨིན་བྱེད་དབང་བཞིའི་དྲོད་གཤེར་རྟེན་འབྲེལ་གྱིས།།བསྐྱང་བའི་ལམ་གྱི་སྐུ་གསུམ་སྙེ་མའི་ཁུར།།འབྲས་བུའི་སྐུ་གསུམ་བཅུད་ཀྱིས་གང་བར་ཤོག།རྣམ་དག་དམ་ཚིག་སྡོམ་པས་གཞི་རྟེན་བཟུང།།སྣང་བ་མཆོག་དམན་ཞིང་ལ་བསོད་ནམས་དང་།སྟོང་བ་ཆོས་ཉིད་ལ་དམིགས་ཡེ་ཤེས་ཚོགས།།བསགས་བས་རིམ་གཉིས་བསྒོམ་བའི་སྣོད་གྱུར་ཅིག།སེམས་ཉིད་སྟོང་གསལ་བཻཌྰུར་མེ་ལོང་ནང་།།འགགས་མེད་ཏཱཾ་ཡིག་འོད་སྣང་འཕྲོ་འདུ་ལས།།སྣང་སྟོང་འཛིན་མེད་སྒྱུ་འཕྲུལ་འཕགས་མའི་སྐུ།།གསལ་རྫོགས་བསྐྱེད་པའི་རིམ་བ་མཐར་ཕྱིན་ཤོག།རིགས་སྔགས་རྒྱལ་པོ་ཡི་གེ་བཅུ་པའི་གཟུགས།།དབང་བོའི་སྒྲོ་རྣམས་ཀུན་ལ་ལེགས་བཀོད་བས།།དབང་ཡུལ་ལས་རླུང་བཅས་པ་བྱིན་རླབས་མཐུས།།གང་སྣང་བདེ་ཆེན་རོལ་བར་འཆར་བར་ཤོག།ཚོགས་གཉིས་རང་གདངས་འཕགས་མའི་གཟུངས་ཀྱི་སྔགས།།ངག་དང་ཡིད་ཀྱི་བཟླས་པ་མཐར་སོན་པས།།མ་དག་ལས་རླུང་རང་གདངས་གནས་གྱུར་ནས།།རྒྱལ་གསུང་ཆོས་ཕུད་རྒྱ་མཚོའི་དབྱངས་རྫོགས་ཤོག།དྲན་རྟོག་སེམས་ཀྱིས་གཟུང་སྣང་སྤྲོས་པ་ཀུན།།རྨད་བྱུང་བདེ་བའི་ཚོར་བས་ལེགས་བསྡུས་ཏེ།།གཤིས་ལུགས་སྟོང་བའི་དབྱིངས་སུ་ཞུགས་པ་ཡིས།།མཐའ་དག་ཤེས་བྱའི་ཡིན་ལུགས་རྟོགས་པར་ཤོག།ཕྱི་རོལ་རིག་བཞིའི་ཕོ་ཉའི་ཆུ་སྐྱེས་དབུས།།རང་རིག་རྩ་ཁམས་རླུང་སེམས་འདུས་པ་ཡིས།།ངེས་དོན་མཁའ་འགྲོའི་གཙོ་མོའི་འཛུམ་འོད་ཀྱིས།།དཔའ་བོའི་དབང་བོ་བདེ་བས་མྱོས་ཐོབ་ཤོག།འཁྲུལ་བའི་རྟོག་ཚོགས་ཆུའི་འཛིན་གཡོ་བྱེད་པའི།།ལས་རླུང་ཟླ་ཉིའི་གོ་ལར་བགྲོད་པའི་ཤུགས།།ཐབས་ལམ་ཟབ་མོའི་སྒྲ་གཅན་གདོང་བ་ཡིས།།ཉེར་བཅད་མྱོང་སྣང་མཁའ་ལ་ཐིམ་པར་ཤོག།འཁོར་འདས་ཀུན་གྱི་རྩ་བ་རླུང་གི་ཁམས།།འབད་རྩོལ་འགྲོ་འོང་ལམ་དུ་དུབ་པའི་མཐའ།།རྩོལ་མེད་གཉུག་མའི་གནས་སུ་དག་པའི་མཐུས།།རྒྱལ་བའི་འཕྲིན་ལས་ཀུན་ལ་འབྱོར་ཤོག།གནས་སྐབས་འཕགས་མའི་ང་རྒྱལ་གསལ་སྣང་དང་།།རྒྱལ་གསུང་ཚད་མའི་གཟུངས་སྔགས་བཟླས་པའི་མཐུས།།ལས་ངན་རང་སྣང་དགྲ་གདོན་ནད་རིམ་ཀུན།།ཞི་བའི་འཕྲིན་ལས་རྒྱ་མཚོའི་རླབས་འཁྲུགས་ཤོག།ཚེ་དཔལ་པདྨ་དཀར་བོའི་འདབ་སྟོང་བཞད།།མི་ཟད་འབྱོར་བའི་སྦྲང་རྩིའི་ཁུར་གྱིས་གཏོམས།།ཐོས་བསམ་བསྒོམ་པའི་དྲི་བཟང་རྫོགས་པ་ཡི།།རྒྱས་པའི་འཕྲིན་ལས་དགའ་ཚལ་དར་བར་ཤོག།དབང་བྱེད་འཁྲིལ་ལྡེམ་ཨུཏྤལ་དམར་བོའི་མདངས།།སྲིད་གསུམ་དྲེགས་ལྡན་སྙིང་གི་བཅུད་དྲང་ཞིང་།།འཁོར་འདས་རྒྱལ་པོ་གཉུག་སེམས་བྲན་བྱེད་པའི།།དབང་གི་འཕྲིན་ལས་དམར་འོད་འབར་བར་ཤོག།བསྟན་ལ་སྡང་བའི་མ་རུངས་གླང་པོ་འབུམ།།དྲག་སྔགས་གད་མོ་གཅིག་གིས་སྐད་ཅིག་ལ།།བརླག་བྱེད་བསྟན་དང་བསྟན་འཛིན་བསྲུང་བའི་གུར།།དྲག་པོའི་འཕྲིན་ལས་མཐུ་ནུས་རྩལ་རྫོགས་ཤོག།ནམ་ཞིག་འབྱུང་བའི་འདུ་འཕྲོད་གྱེས་བའི་ཚེ།།བརྩེ་ལྡན་འཕགས་མའི་ཞལ་བཟང་མངོན་གྱུར་ཏེ།།མི་འཇིགས་སྐྱབས་ཀྱི་ཕྱག་རྒྱ་སྤྱི་བོར་བཞག།བུ་བུམ་འཇིགས་གསུང་གིས་དབུགས་འབྱིན་ཤོག།བར་དོའི་སྣང་མུན་ལམ་དུ་འཁྱམས་པའི་དུས།།ཐུགས་རྗེས་འོད་དཀར་སྣང་བས་ལམ་སྟོན་ཅིང་།།བྱམས་ལྡན་མཁྱོད་མ་དང་སྲིང་མོ་ཡི།།རྣམ་བས་བསུས་ཏེ་བརྩེ་བས་འཁྲིད་པར་ཤོག།གང་དུ་སྐྱེས་ན་འདི་ཕྱིའི་དོན་འགྲུབ་པའི།།གནས་དེ་འཁྲུལ་མེད་སྤྱན་གྱིས་ལེགས་གཟིགས་ནས།།གནས་དེར་ཁྲིད་ཅིང་རྒྱལ་བའི་ཡུམ་ཁྱོད་ཀྱིས།།ཐེག་པ་མཆོག་གི་བཤེས་གཉེན་མཛད་པར་ཤོག།མདོར་ན་སྲས་བཅམ་རྒྱལ་བའི་ཡུམ་གཅིག་བུ།།ཁྱོད་ཀྱིས་འབྲལ་མེད་རྗེས་སུ་འཛིན་པ་དང་།།མཁའ་ཁྱབ་ཕྱོགས་བཅུའི་དྲིན་ཅན་འགྲོ་བ་ཀུན།།གཏན་བདེར་འཁྲིད་ལ་ཁྱོད་དང་མཚུངས་པར་ཤོག།༈།།རབ་ཡངས་ཕྱོགས་ཀྱི་འཁོར་ལོ་ཀུན་ཁྱབ་པའི།།འཕགས་མའི་ལྷ་ཚོགས་རབ་དཀར་ཆུ་འཛིན་ཀློང་།།ཤིས་བརྗོད་འདེན་ཚིག་འབྲུག་སྒྲའི་དབྱངས་དར་བཅས།།དགེ་ལེགས་མེ་ཏོག་གསར་བའི་གྲུ་ཆར་འབེབས།།རྒྱལ་ཀུན་འཕྲིན་ལས་ཉི་མ་བྱེ་བའི་འོད།།སྒྲུབ་གཞུང་གོ་ལར་འདྲེན་པའི་ཁ་ལོ་པ།།ཐུགས་བསྐྱེད་སྐྱ་རེངས་འོད་ཅན་ཉི་མ་སྤས།།རྣམ་རྒྱལ་ཞབས་དང་ཇོ་བོ་ཆེན་པོ་སོགས།།སྤྱི་དང་སྒོས་ཀྱི་སྨིན་བྱེད་དཀའ་བབ་པའི།།རྩ་བ་བརྒྱུད་པའི་བླ་མ་མཆོག་རྣམས་ཀྱི།།བྱིན་རླབས་དབྱར་དུས་ཐོག་མའི་འབྲུག་གི་སྒྲས།།དགེ་ལེགས་དུས་སྟོན་འདྲེན་པའི་བཀྲ་ཤིས་ཤོག།རིང་ནས་འགྲོ་ལ་ཕན་དགོགས་བྱ་བའི་ཁུར།།ཡོངས་གྲུབ་ཡེ་ཤེས་རང་འོད་མ་རྒད་ཁམས།།སྔོ་ལྗང་ཨུཏྤལ་སྦྱན་རས་གཡོ་བ་མོ།།རྒྱལ་ཡུམ་བཅོམ་ལྡན་འདས་མའི་བཀྲ་ཤིས་ཤོག།ལྷ་སྔགས་ཞི་ཁྲོའི་བཀོད་པ་ཉི་ཤུ་གཅིག།རབ་འབྱམས་འཕྲིན་ལས་གཡས་འཁྱིལ་པའི་སྤུབ།།ཐུབ་པའི་བདེན་གསུང་དབུགས་ཀྱིས་བཞད་པའི་དབྱངས།།སྲིན་གསུམ་རྣ་བར་སྙན་པའི་བཀྲ་ཤིས་ཤོག།རིགས་ཅན་སོ་སོའི་ཁམས་བཞིན་རྒྱུད་སྡེ་བཞིའི།།དགོངས་པར་རྒྱུད་དོན་སོ་སོར་བཀྲལ་བ་ལྟར།།ཚུལ་བཞིན་སྒྲུབ་བའི་འཕགས་ཚོགས་དགེ་འདུན་སྡེའི།།འཕྲིན་ལས་ས་སྟེང་ཁྱབ་པའི་བཀྲ་ཤིས་ཤོག།ཏྰ་རེ་འཕགས་མ་རྒྱལ་བསྟན་བསྲུང་བའི་སླད།།མི་བསྲུན་གཤེད་དུ་བརྫུས་བ་མཁའ་འགྲོའི་གཙོ།།སྲིད་གསུམ་བདག་མོའི་འཕྲིན་ལས་འཐོར་རླུང་གིས།།འགལ་རྐྱེན་ཕ་མཐར་སྐྲོད་པའི་བཀྲ་ཤིས་ཤོག།རྒྱལ་བསྟན་ཀུན་བཟང་ཉི་མ་འཆར་མུབ་བྲལ།།བསྟན་འཛིན་སྐུ་ཚེ་ཟླ་བ་མར་ངོ་མེད།།སྤྱིན་བདག་སྟོགས་འབྱོར་རྒྱུ་སྐར་གྲངས་ཀྱིས་དབེན།།དགེ་མཚན་འདི་གསུན་སྲིད་ན་གསལ་གྱུར་ཅིག།དེ་ལྟར་འཕགས་མའི་སྨོན་ལམ་ཤིས་བརྗོད་ནི།།དྲང་སྲོང་གྲུབ་པའི་བདེན་ཚིག་ཅེས་བྱ་བ།།སྲིད་ཞིའི་གཙུགས་རྒྱན་ཐུའུ་བཀྭན་ཧུ་ཐོག་ཐུའི།།ཡོངས་འཛིན་མིང་ཅན་དེ་ཡིས་ཐོགས་མེད་སྨྲས།།ཡི་གེའི་བྱེད་པོ་སྔགས་འཆང་དབང་པོ་ཆེ།།རིན་ཆེན་བཀྲ་ཤིས་ཞེས་བྱ་བགྱིས་བསྟེ།།ཚུལ་འདི་གང་གིས་སྒྲུབ་རྣམས་སྨོན་པའི་དོན།།ཇི་འཞིན་འགྲུབ་པའི་དགེ་ལེགས་འཕགས་མས་སྩོལ།།  །།བཀྲ་ཤིས།།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།