དམ་ཅན་གྱི་བསང་ཡིག

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2021-10-20 21:11:00     རྩོམ་པ་པོ།   མི་གསལ།    ཀློག་ཐེངས།  

 ཧྲཱིཿམཐུ་སྟོབས་ནུས་པའི་དཔུང་གིས་རྒྱལ་བའི་བསྟན། །བསྲུང་མཛད་དམ་ཅན་ཆེན་པོ་རྡོ་རྗེ་ལེགས། །མཆེད་འཁོར་སུམ་བརྒྱ་དྲུག་ཅུ་བཅས་པ་རྣམས། །འཁོར་བཅས་གནས་ནས་ཐོགས་མེད་ད་ཚུར་བྱོན། །མདུན་དུ་ཕ་བོང་ལོང་བུའི་སྐུ་མཁར་ནང༌། །འཇའ་ཚོན་སྣ་ལྔའི་གུར་ཁྱིམ་ཕིབས་པའི་དབུས། །འཇིགས་རུང་བཟོད་པར་དཀའ་བའི་གཞལ་ཡས་ནང༌། །དགྱེས་པར་བཞུགས་ལ་བཅོལ་བའི་འཕྲིན་ལས་མཛོད། །ཕྱི་དང་ནང་དང་གསང་བའི་མཆོད་པ་དང༌། །ཚོགས་དང་གཏོར་མ་བསྟེན་པའི་དམ་རྫས་རྣམས། །དངོས་བཤམས་ཡིད་ཀྱིས་སྤྲུལ་ནས་ལེགས་འབུལ་ན། །བཞེས་ལ་རྣལ་འབྱོར་བདག་གི་སྡོང་གྲོགས་མཛོད། །ཉིན་བྱེད་ཀྱིས་འཁྱུད་དབང་སྔོན་ལྷུན་པོ་ལ། །ཐུན་མཚམས་དབུ་སྐྲ་སྨ་ར་དམར་སེར་འབར། །གློག་སྟོང་འགྱུ་འདྲའི་དམར་ཟླུམ་སྤྱན་གསུམ་བགྲད། །གངས་རི་ལ་འགྲན་མཆེ་བ་དགྲ་ལ་གཙིགས། །གཡས་པ་གནམ་ལྕགས་ཐོ་ཆེན་མཁའ་ལ་འཕྱར། །གཡོན་པ་འཐོར་རླུང་འཚུབ་པའི་སྦུད་པ་འཛིན། །དར་ནག་འཇོལ་བེར་རིན་ཆེན་སྐ་རགས་བཅིང༌། །སག་ལྷམ་གྱོན་ནས་ར་སྐྱེས་སྟེང་འགྱིངས་པའི། །དམ་ཅན་སྐྱེས་བུ་ཆེན་པོ་ཁྱོད་ཉིད་ཀྱིས། །སློབ་དཔོན་པདྨའི་ཐོད་ཕྲེང་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་ཇི་བཞིན་དུ། །ཀུན་མཁྱེན་རྒྱལ་བའི་བསྟན་པ་བསྲུང་བ་དང༌། །ཁྱད་པར་རིགས་སྔགས་འཆང་བ་འདུས་པའི་སྡེ། །བཤད་དང་སྒྲུབ་པའི་བྱ་བ་རབ་འཕེལ་ཞིང༌། །བདག་སོགས་རྣམས་ཀྱི་བར་ཆད་མི་མཐུན་ཕྱོགས། །ཞི་ཞིང་བསམ་པའི་དོན་ཀུན་གྲུབ་པར་མཛོད། །

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།