སྣང་མཐའི་མགོན་པོ

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2021-10-20 21:06:33     རྩོམ་པ་པོ།   ངེད་དགེ་ལུགས་དྲ་བ།    ཀློག་ཐེངས།  

      ཧྲཱིཿསྣང་མཐའི་མགོན་པོའི་ཐུགས་ཀྱི་ཀློང་ཡངས་ནས། །མི་མིན་འབྱུང་བོའི་ཆོ་འཕྲུལ་གཞོམ་པའི་ཕྱིར། །གར་དགུའི་ཉམས་ལྡན་ཁྲོ་རྒྱལ་སྐུར་བཞེངས་པ། །རྟ་མགྲིན་ལྷ་ཚོགས་འཁོར་བཅས་བསྟོད་པར་བགྱི། །བསྟན་དགྲ་མ་ལུས་ཐལ་བར་བརླག་བྱེད་ཅིང༌། །བསྟན་འཛིན་ཚུལ་བཞིན་སྐྱོང་བའི་རཱ་ཧུ་ལ། །དྲེགས་པ་ལྕམ་སྲིང་ལས་མཁན་སྲོག་བདག་དམར། །གྲི་ཐོགས་བཤན་པའི་ཚོགས་ལ་བསྟོད་པར་བགྱི། །རྒྱལ་བ་ཀུན་གྱི་མཁྱེན་བརྩེ་གཅིག་བསྡུས་པ། །འཇམ་མགོན་བླ་མ་བློ་བཟང་གྲགས་པ་ཡི། །མདོ་སྔགས་བསྟན་པའི་བཤད་སྒྲུབ་བྱ་བ་རྣམས། །དབྱར་མཚོ་ལྟ་བུར་རྒྱས་པའི་འཕྲིན་ལས་མཛོད། །འཕགས་མཆོག་སྤྲུལ་བའི་གར་གྱིས་རོལ་མཛད་པ། །གངས་ཅན་མགོན་པོ་རྒྱལ་བ་ཡབ་སྲས་དང༌། །གནམ་བསྐོས་གོང་མ་ཆོས་ཀྱི་རྒྱལ་བོ་ཡི། །ཆོས་སྲིད་མངའ་ཐང་རྒྱས་པའི་འཕྲིན་ལས་མཛོད། །ཁྱད་པར་མཁས་མང་བརྒྱ་ཕྲག་འདུས་པའི་གནས། །བྱེས་པ་གྲྭ་ཚང་དཔོན་སློབ་འཁོར་བཅས་ལ། །སྡང་དགྲའི་བསམ་སྦྱོར་ངན་པ་ཞི་བ་དང༌། །འཆད་རྩོད་རྩོམ་ལ་ནམ་ཡང་གཡེལ་མེད་ཤོག ། ཅེས་པ་འདི་ནི་སེར་བྱེས་ཀྱི་སློབ་དཔོན་བློ་བཟང་ནོར་བུས་བསྐུལ་བའི་ངོར་༧ཤཱཀྱའི་བཙུན་པ་བློ་བཟང་ཡེ་ཤེས་ཀྱིས་སྨྲས་པ་དགེ་ལེགས་འཕེལ། །
       ཧྲཱིཿཡིག་ལས་སྐྱེས་བཛྲ་ཀྲོ་དྷ་ཞེས། །ཧ་ཡ་གྲི་ཝ་བགེགས་ལ་རྔམས་པའི་ཞལ། །ཧུ་ལུ་ཧུ་ལུ་ཧཱུཾ་དང་ཕཊ་ཀྱི་སྒྲས། །ཁམས་གསུམ་དབང་དུ་སྡུད་ལ་ཕྱག་འཚལ་ལོ། །སྤྱན་རས་གཟིགས་དབང་ཐུགས་རྗེའི་ཆུ་གཏེར་ལས། །ལེགས་འཁྲུངས་མཐུ་སྟོབས་འཕྲིན་ལས་འོད་བརྒྱར་འགྱེད། །དངོས་གྲུབ་འདོད་དགུ་སྩོལ་བའི་བསམ་འཕེལ་དབང༌། །ཡེ་ཤེས་མགོན་པོའི་ཞབས་ལ་ཕྱག་འཚལ་ལོ། །བྱང་ཤར་མ་རུ་ཙེ་ཡི་དུར་ཁྲོད་ནས། །འཇམ་དཔལ་བཀའ་ཉན་གནོད་སྦྱིན་ཆེན་པོ་དང༌། །སྲིང་མོ་དཔལ་ལྡན་ལྷ་མོ་གདོང་དམར་མ། །ལས་མཁན་བཤན་པ་གྲི་ཐོགས་འཁོར་དང་བཅས། །འདིར་གཤེགས་དམ་རྫས་མཆོད་གཏོར་རྒྱ་ཆེན་བཞེས། །རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཚེ་དང་བསོད་ནམས་དཔལ་དང་འབྱོར་བ་སོགས། །ཞི་རྒྱས་དབང་དྲག་བཅོལ་བའི་འཕྲིན་ལས་མཛོད། །
    
      ཧཱུཾ བྷྱོཿཕོ་བྲང་མཁའ་སྤྱོད་ཙ་རིའི་གཞལ་ཡས་ནས། །ཕ་ལྟར་མགོན་པོ་ཞིང་སྐྱོང་སེང་གདོང་མཆོད། །མ་ལྟར་བྱམས་པའི་སིན་ན་ར་མ་མཆོད། །སྤུན་ལྟར་བརྩེ་བའི་པཾ་རོ་ཕོ་མོ་མཆོད། །འཁོར་ལྟར་བརྩེ་བའི་ལྷ་སྲིན་སྡེ་བརྒྱད་མཆོད། །གསོལ་ལོ་མཆོད་དོ་བསྟེན་པའི་ཡོན་ཏན་གྱིས། །ཁ་འཛིན་རྒྱབ་བརྟེན་གྱིས་ལ་སྡོངས་གྲོགས་མཛོད། །མི་མཐུན་རྐྱེན་ངན་སོལ་ལ་དགྲ་བགེགས་སྒྲོལ། །ཚེ་དཔལ་ལོངས་སྤྱོད་བཀྲ་ཤིས་འཕེལ་བ་དང༌། །གང་བཅོལ་འཕྲིན་ལས་མྱུར་དུ་འགྲུབ་པར་མཛོད། །ཅེས་པ་འདི་ནི་བདུད་འདུལ་དཔལ་གྱི་རྡོ་རྗེས་སྦྱར་བའོ། །
    
      
   
     ཀྱེ་འདོད་དགུའི་ཆར་འབེབས་རྨ་གཉན་ཡུལ་སྐྱོང་ཆེ། །ཧེད་པོ་ཁྱུང་མགོན་བདུད་འདུལ་དཔལ་འབར་བ། །འཁོར་བཅས་འདིར་བྱོན་བསང་མཆོད་རྒྱ་མཚོ་བཞེས། །བར་ཆད་ཀུན་ཟློག་བསམ་དོན་ལྷུན་འགྲུབ་མཛོད། །
      ཀྱེ་མཆོག་གསུམ་བྱིན་དང་ཆོས་དབྱིངས་བདེན་པའི་མཐུས། །ཡུལ་ལྷའི་རྒྱལ་བོ་བྲག་དཀར་མཆེད་གསུམ་དང༌། །མཐུ་སྟོབས་དབང་ཕྱུག་དཔལ་ལྡན་གླང་ཆེན་རུ། །བདེ་ཆེན་དཔལ་སྟེར་མཁའ་འགྲོ་བརྒྱ་རྩ་བརྒྱད། །མང་ཡུལ་སྐྱོང་མཛད་སྤྱི་དང་ཁྱད་པར་དུ། །ཡུལ་སྐྱོང་བཀྲ་ཤིས་དུང་གི་ཐོར་ཅོག་ཅན། །གསང་བའི་ཡུམ་ཆེན་བྱུར་དཀར་ལྷ་མོ་སོགས། །འཁོར་བཅས་གནས་ནས་ཐོགས་མེད་གཤེགས་མཛོད་ལ། །འདོད་དགུའི་གསེར་སྐྱེམས་རྒྱ་མཚོས་ཚིམ་གྱུར་ཅིག །སྤྱན་རས་གཟིགས་དབང་བླ་མའི་དམ་ཚིག་རྒྱ། །སྙིང་དབུས་སེའུ་འབྲུར་ཆོངས་ལ་སྣོད་བཅུད་ཀྱི། །དགེ་མཚན་བཀྲ་ཤིས་དཔལ་གཡང་འཕེལ་བ་ དང༌། །བསམ་དོན་ལྷུན་གྱིས་འགྲུབ་པའི་སྡོངས་གྲོགས་མཛོད། །
      ཀྱེ་མཆོག་གསུམ་བདེན་པའི་བྱིན་རླབས་བསང་མཆོད་འདི། །ལྷ་ཆེན་བཀྲ་ཤིས་དཔལ་འབར་འཁོར་བཅས་ལ། །འབུལ་ལོ་བཞེས་ནས་བསྟན་འགྲོའི་ཕན་བདེ་སྤེལ། །བར་ཆད་ཀུན་ཟློག་བསམ་དོན་ལྷུན་འགྲུབ་མཛོད། །
     

བརྒྱུད་འགོད།