ཀ་དག་ལྷན་སྐྱེས་མ།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2021-10-20 21:05:25     རྩོམ་པ་པོ།   ངེད་དགེ་ལུགས་དྲ་བ།    ཀློག་ཐེངས།  

   ཧྲཱི་ཀ་དག་ལྷན་སྐྱེས་བདེ་ཆེན་རོལ་བ་ལས། །དམ་རྫས་སྤྱན་གཟིགས་མཆོད་གཏོར་བསམ་མི་ཁྱབ། །དངོས་སུ་བཤམས་དང་ཡིད་ཀྱིས་སྤྲུལ་བ་ཡིས། །མཐའ་ཡས་ཞིང་ཀུན་ཡོངས་སུ་གང་གྱུར་ཅིག །དམར་ནག་གྲུ་གསུམ་འབར་བའི་ཀློང་དཀྱིལ་ནས། །ཡང་གསང་ལྷ་དགུ་ལས་བྱེད་གིང་ཆེན་ལྔ། །གཟའ་གདོང་བག་ཙེ་ལྕམ་སྲིང་གྲི་ཐོགས་བརྒྱད། །ཡུལ་ལྷ་གཞི་བདག་འཁོར་བཅས་གནས་འདིར་བྱོན། །རྩ་བརྒྱུད་བླ་མ་ཡང་གསང་ལྷ་དགུ་དང༌། །ཞི་ཁྲོ་གནས་གསུམ་དཔའ་བོ་མཁའ་འགྲོའི་ཚོགས། །འཁོར་དང་བཅས་ལ་གུས་པས་རབ་བཏུད་ནས། །དགྱེས་པ་བསྐྱེད་ཕྱིར་མཆོད་སྤྲིན་རྒྱ་མཚོས་མཆོད། །བདག་ཅག་ཉོན་མོངས་བག་མེད་དབང་གྱུར་པས། །བླ་མ་ཡི་དམ་སྲུང་མའི་ཚོགས་རྣམས་ཀྱི། །སྐུ་གསུང་ཐུགས་དང་འགལ་བ་ཅི་བགྱིས་པ། །སྙིང་ནས་བཤགས་ཤིང་ཚངས་པ་བསྩལ་དུ་གསོལ། །མཚམས་སྤྲིན་ལ་འཁུ་གཡག་རོག་རྟ་མཆོག་དང༌། །བྱ་ཁྱི་ལྕེ་སྤྱང་བླ་མེད་རྟེན་མཆོག་འདིས། །རྩ་བརྒྱུད་བླ་མ་པདྨ་ཁྲོ་རྒྱལ་དང༌། །གཟའ་གདོང་བག་ཙེ་ལྕམ་སྲིང་ཐུགས་དམ་བསྐང༌། །ཐུགས་དམ་བསྐངས་ཤིང་ཉམས་ཆག་སོས་གྱུར་ནས། །མཁས་མང་བྱེས་པ་གྲྭ་ཚང་དཔོན་སློབ་ཀྱི། །ཆོས་མཐུན་བྱ་བ་ཡིད་བཞིན་འགྲུབ་པར་མཛོད། །དམ་ཉམས་བསྒྲལ་བའི་ཤ་ཁྲག་གཏོར་ཚོགས་དང༌། །རཀྟ་སྨན་ཕུད་གསེར་སྐྱེམས་མཆོད་པ་འདི། །པདྨ་ཡང་གསང་ཆོས་སྐྱོང་འཁོར་བཅས་ལ། །དད་པས་འབུལ་ལོ་བརྩེ་བའི་དགྱེས་བཞིན་བཞེས། །
 


བརྒྱུད་འགོད།