རྗེ་བླ་མའི་བསྟན་པ་དང་མཇལ་བའི་སྨོན་ལམ་བཞུགས་སོ། །

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-07-26 21:45:34     རྩོམ་པ་པོ།   རཏྣ་དྷྭ་ཛ།    ཀློག་ཐེངས།  

ཨོཾ་བདེ་ལེགས་སུ་གྱུར་ཅིག  །ཕྱོགས་བཅུར་བཞུགས་པའི་རྒྱལ་བ་སྲས་བཅས་ཀྱིས།  ། བདག་གིས་དུས་གསུམ་བསགས་པའི་དགེ་བ་རྣམས།  །ཟླ་གྲོགས་དམ་པར་བཟུང་ནས་སྒྲུབ་པའི་ལམ།  །བློ་བཟང་རྒྱལ་བའི་བསྟན་དང་མཇལ་བར་ཤོག  ། རང་ཉིད་ཡལ་བོར་མར་གྱུར་འགྲོ་བ་ཀུན།  །  སྡུག་བསྔལ་ཀུན་བྲལ་བདེ་ལ་འགོད་པའི་ཕྱིར །  །སེམས་བསྐྱེད་ཕྱིན་དྲུག་བསམ་སྦྱོར་ཚང་བའི་ལམ། །བློ་བཟང་རྒྱལ་བའི་བསྟན་དང་མཇལ་བར་ཤོག   ། རྣམ་དག་སྡོམ་བསྟེན་མི་མཐུན་ཕྱོགས་ལས་བསྲུངས།   །ཉམས་པ་ཕྱིར་བཅོས་ཚུལ་བཞིན་སྒྲུབ་པ་སོགས།  །འདུལ་བའི་སྡེ་སྣོད་གདམས་པར་འཁྱེར་བའི་ལམ།།བློ་བཟང་རྒྱལ་བའི་བསྟན་དང་མཇལ་བར་ཤོག  །  ཕུང་ཁམས་སྐྱེ་མཆེད་ཀུན་བྱང་ཡུལ་ཡུལ་ཅན།  ། ཟག་བཅས་ཟག་མེད་བདེན་བཞིའི་གནད་ལ་མཁས།  །སྙོམས་འཇུག་དག་བྱེད་ཤེས་བཅུ་རྫོགས་པའི་ལམ།  །བློ་བཟང་རྒྱལ་བའི་བསྟན་དང་མཇལ་བར་ཤོག  ། བརྒྱ་དང་དོན་གསུམ་སྦྱོར་བཞིའི་ཉམས་ལེན་གྱིས།  །རྣམ་པ་ཀུན་མཁྱེན་གཞི་ལམ་སྦྱངས་བྱས་ཏེ།  ། ཞི་ལྷག་མཐར་ཕྱིན་དོན་གཉིས་སྒྲུབ་པའི་ལམ།  །བློ་བཟང་རྒྱལ་བའི་བསྟན་དང་མཇལ་བར་ཤོག  ། རྟོག་ཀེའི་ཚིག་དོན་ཡང་དག་ལྟར་སྣང་གིས།  ། གནས་གསུམ་དོན་ལ་འཁྲུལ་བ་ཀུན་བསལ་ཏེ།  །བཤད་སྒྲུབ་གོམས་པ་རབ་ཀྱི་མཐར་ཕྱིན་ལམ།།བློ་བཟང་རྒྱལ་བའི་བསྟན་དང་མཇལ་བར་ཤོག  ། རྒྱལ་ཀུན་སྐུ་གསུམ་གསང་བ་རྒྱན་གྱི་མཛོད །  །བདེ་སྟོང་མཆོག་གི་རོལ་བར་སྡོམ་པའི་གནད།  །ཕྱི་ནང་གཞན་གསུམ་དག་པའི་འཁོར་ལོར་མཉམ།   །བློ་བཟང་རྒྱལ་བའི་བསྟན་དང་མཇལ་བར་ཤོག  ། ཕྱི་ནང་གསང་བའི་གཤིན་རྗེ་དྲུངས་ཕྱུང་སྟེ།  ། སྐྱེ་ཤི་བར་དོ་རྒྱལ་བའི་སྐུ་གསུམ་དུ།  །བསྒྱུར་བའི་སྒྱུ་ལུས་འོད་གསལ་ཟུང་འཇུག་ལམ།  །བློ་བཟང་རྒྱལ་བའི་བསྟན་དང་མཇལ་བར་ཤོག། མདོར་ན་མདོ་སྔགས་ལུང་རྟོགས་མ་ལུས་པ །  །ཐུན་གཅིག་ལ་ཡང་གྲུ་བཞི་ལམ་འཁྱེར་ཤིང་ །  །འགྲན་ཟླ་ཀུན་བྲལ་བྱང་ཆེན་སྒྲུབ་པའི་ལམ །  ། བློ་བཟང་རྒྱལ་བའི་བསྟན་དང་མཇལ་བར་ཤོག། ཚེ་རབ་ཀུན་ཏུ་སྐྱབས་གསུམ་འདུས་པའི་དངོས།  །ཐེག་མཆོག་བཤེས་ཀྱིས་དགྱེས་བཞིན་རྗེས་བཟུང་སྟེ །  །གསུང་གི་བདུད་རྩིས་བློ་བཟང་རྒྱལ་བའི་བསྟན།  །འཛིན་སྐྱོང་སྤེལ་ལ་ཟླ་དང་བྲལ་བར་ཤོག།     །། ཅེས་པ་འདི་ནི །  ལུང་དང་རིགས་པ་སྨྲ་བ་དཀའ་བཅུ་བསྟན་པ་རྒྱལ་མཚོས།   །རྗེ་བླ་མ་རང་ལུགས་ལ་མཆོག་ཏུ་དད་པས་བསྐུལ་བའི་ངོར༧ རཏྣ་དྷྭ་ཛས་བྲིས་བའོ ། །     །།འདིས་ཀྱང་རྒྱལ་བའི་བསྟན་པ་ཡུན་རིང་དུ་གནས་བར་གྱུར་ཅིག།    །། སརྦ་མངྒ་ལཾ །།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།