ཞབས་བརྟན་གསོལ་འདེབས་འཆི་མེད་གྲུབ་པ་ཞེས་བྱ་བ་བཞུགས་སོ། །

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-07-15 21:21:22     རྩོམ་པ་པོ།   འཇིགས་མེད་འཕྲིན་ལས་རྒྱ་མཚོ།    ཀློག་ཐེངས།  

༄༅། ། སྒྲིབ་བྲལ་ཡེ་ཤེས་མཆོག་གི་རང་བཞིན་སྐུ། ། འགྲོ་བློར་གང་འཚམས་བཞི་ལྷག་དྲུག་ཅུའི་དབྱངས། ། གཉིས་སྣང་ཀུན་ཞི་ཆོས་ཀུན་གསལ་བའི་ཐུགས། ། ཀུན་གཟིགས་རྒྱལ་བའི་དབང་པོར་གུས་ཕྱག་འཚལ། ། མཐའ་ཀླས་བདེ་གཤེགས་གསུང་གི་གསང་བའི་མཛོད། ། སོ་སོར་ཀུན་རྟོག་ཡེ་ཤེས་སྒྱུ་མའི་འཕྲུལ། ། སྣང་བ་མཐའ་ཡས་ཐུགས་རྗེའི་ཟློས་གར་ལ། ། སྙིང་ནས་མི་ཕྱེད་དད་པས་ཕྱག་བགྱིད་དོ། ། བློ་བཟང་རྒྱལ་བའི་དབང་པོ་ཙོང་ཁ་པའི།། རྣམ་དཀར་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྗེ། ། མདོ་སྔགས་བསྟན་པའི་རྒྱན་མཚན་འཛིན་པའི་དཔལ། ། སྐྱབས་མཆོག་དམ་པའི་ཞབས་ལ་རྟག་ཕྱག་འཚལ། ། མཁའ་ཁྱབ་འགྲོ་ལ་དམིགས་མེད་སྙིང་རྗེ་ཡིས། ། ཞི་བདེ་འདོད་པའི་འཆིང་བ་གཏན་སྤངས་ནས། ། གང་འདུལ་འཆར་བ་གཟུགས་སྐུའི་ཟླ་སྣང་འབུམ། ། དྭངས་པའི་ཡིད་མཚོར་རོལ་པའི་ཚུལ་འདིར་གུས། ། མགོན་ཁྱོད་དཔག་མེད་བསྐལ་པའི་སྔོན་རོལ་ནས། ། གཙང་བདེ་རྟག་བདག་དམ་པའི་ཕ་རོལ་ཏུ། ། སོན་ཀྱང་འགྲོ་ལ་སྙིང་རྗེས་ཡིད་གཅུགས་པས། ། གང་འདུལ་སྐུ་ཡི་བཀོད་པ་བསམ་ལས་འདས། ། བེེཌཱུར་ས་གཞིར་ལྷ་དབང་གཟུགས་བརྙན་བཞིན། ། དད་སོགས་དྲི་མེད་ཡོན་ཏན་གོམས་པ་ལས། ། གང་འདུལ་སྐུ་དང་ཡོན་ཏན་འཕྲིན་ལས་སོགས། ། གདུལ་བྱའི་སྐལ་བ་ཇི་བཞིན་ཤར་བས་དད། ། འབད་བརྩོན་བྲལ་ཡང་ལྷ་ཡི་རྔ་བཞིན་དུ། ། འཆད་རྩོད་རྩོམ་པའི་ལེགས་བཤད་སྒྲ་དབྱངས་ཀྱིས། ། འགྲོ་རྒྱུད་རྨོངས་པའི་རིམས་ནད་བཅོམ་དང་ལྡན། ། ཕན་དང་བདེ་བའི་དགའ་སྟོན་བཞད་ལ་འདུད། ། རང་བཞིན་གྱིས་དག་ཉོན་མོངས་བག་ཆགས་ཟད། ། གཉིས་སྣང་སྤྲོས་པ་ཉེ་བར་ཞི་བས་ཁྱབ། ། འཁོར་འདས་རོ་མཉམ་ཉིད་གཟིགས་ཡེ་ཤེས་ཀྱི། ། འཕྲིན་ལས་རྟོག་མེད་ཉིན་བཞིན་གཅིག་ཆར་སྣང་། ། དེ་སླད་གསང་གསུམ་མི་ཟད་རྒྱན་གྱི་མཛོད། ། མཚན་དཔེའི་ལང་ཚོར་སྨིན་པའི་བཅོམ་ལྡན་འདས། ། ངེས་པ་ལྔ་ལྡན་འོག་མིན་ཞིང་མགོན་བཞིན། ། བསྐལ་པའི་མཐར་ཡང་གཡོ་བ་མེད་གྱུར་ཅིག ། མཐའ་ཀླས་ཞིང་གི་སྲས་བཅས་རྒྱལ་རྣམས་ཀྱི། ། བྱིན་རླབས་འཆི་མེད་གྲུབ་པའི་བདུད་རྩི་ཡིས། ། མགོན་ཁྱོད་རྟག་བརྟན་འཇིགས་མེད་རྡོ་རྗེའི་ཁྲིར། ། མི་འགྱུར་གཡུང་དྲུང་གཤིས་སུ་བརྟན་པར་གསོལ། ། སྟེང་ཕྱོགས་ཡོན་ཏན་བཀོད་པའི་འཇིག་རྟེན་གཙོ། ། ཚེ་དང་ཡེ་ཤེས་དཔག་མེད་སྣང་བའི་མཛོད། ། བཞེད་པ་ཇི་བཞིན་འཇུག་པའི་འཕྲིན་ལས་ལ། ། ཐ་དད་བྱ་བ་ནམ་ཡང་མེད་པར་ཤོག ། རིང་ནས་བསྟན་འགྲོར་སྨན་པའི་ཐུགས་བསྐྱེད་ཀྱིས། ། བཞེད་དགུ་མ་ལུས་ལྷུན་གྱིས་འགྲུབ་པ་དང་། ། གང་གི་ཐུགས་ཀྱི་དགོངས་པ་ཇི་ལྟ་བར། ། སེམས་ཅན་རྣམས་ལའང་རྟག་ཏུ་འབྱོར་བར་ཤོག ། རྒྱལ་ཀུན་འཕྲིན་ལས་ཕུང་པོ་གཅིག་བསྡུས་པ།  །བཅོམ་ལྡན་ཏཱ་རེ་འཕགས་མའི་བྱིན་རླབས་ཀྱིས། ། ཆོས་དང་སྲིད་ཀྱི་ལེགས་ཚོགས་མ་ལུས་ཀུན། ། གེགས་མེད་བདེ་བླག་ཉིད་དུ་འགྲུབ་པར་ཤོག །གང་གི་སྐྱེ་བའི་འཕྲེང་བ་རིམ་བྱོན་གྱི། ། རྨད་བྱུང་རྣམ་ཐར་གཙང་མའི་བདེན་བྱིན་དང་། ། བསླུ་མེད་བླ་མ་ཡི་དམ་མཆོག་གསུམ་མཐུས། ། སྨོན་པའི་དོན་རྣམས་ཡིད་བཞིན་འགྲུབ་གྱུར་ཅིག ། ། །

ཅེས་རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་རྡོ་རྗེ་སེམས་དཔའ་པཎ་ཆེན་ཐམས་ཅད་མཁྱེན་པའི་ཡང་སྤྲུལ༧བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའི་ཞབས་པད་རིང་དུ་བརྟན་ཅིང་བཞེད་དོན་གེགས་མེད་བདེ་བླག་ཏུ་འགྲུབ་པའི་གསོལ་འདེབས་སྨོན་ཚིག་འདི་ལྟ་བུ་ཞིག་དགོས་ཞེས༧གང་གི་འཕྲིན་ལས་ཀྱི་ཞབས་འདེགས་པ་ནང་སྒང་སྐུ་ངོ་ལྷན་རྒྱས་ནས་དངོས་སྐྱེས་དང་བཅས་བསྐུལ་པ་དང་། རང་གིས་ཀྱང་དད་མོས་ཀྱིས་མཚམས་སྦྱར་ཏེ། སྙོམས་ལས་པ་འཇིགས་མེད་འཕྲིན་ལས་རྒྱ་མཚོས་སྟོད་འགྲེལ་ལྟར་ན། ཉི་སྒྲོལ་བྱེད་ཅེས་པ་ཤིང་སྤྲེལ་ནག་ཟླའི་ཡར་གྱི་ཚེས་གཅིག་ལ་རང་སྤྱིལ་དམ་ཆོས་དགའ་ཚལ་ནས་གུས་པས་གསོལ་བ་བཏབ་པའོ། །

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།