ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་ཀྱི་ངོ་སྤྲོད་མདོར་བསྡུས།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2019-05-18 18:15:05     རྩོམ་པ་པོ།   མི་གསལ།    ཀློག་ཐེངས།  

ལེགས་བཤད་འདི་ཉིད་རྩོམ་པ་པོ་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་ཀྱི་འཁྲུངས་ཡུལ་ནི།མདོ་སྟོད་གུང་རུའི་སའི་ཆར།བར་ཁམས་དཔའ་ཤོད་ཀྱི་མངའ་ཁོངས་རྭ་སྒྲེང་གཉིས་པར་གྲགས་པ་བྱ་ཕུད་ཅེས་པ་ཡིན་ལ་ཁོང་གཞོན་ནུའི་དུས་ནས་བྱ་ཕུད་མདོ་སྔགས་དར་རྒྱས་གླིང་དགོན་པར་རབ་ཏུ་བྱུང་།

དེ་ནས་རིམ་གྱིས་དབུས་སུ་ཕེབས་ནས་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས་ཏེ་ལུང་དང་རྟོགས་པའི་བང་མཛོད་གུང་རུ་རིན་ཆེན་བྱང་ཆུབ་བསྟེན་ཏེ།མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་མཐར་ཕྱིན་ནས་ཀུན་མཁྱེན་ཆེན་པོ་ཞེས་པའི་མཚན་སྙན་གྱིས་ཁྱབ།

དེ་རྗེས་ཙམ་རྒྱལ་དབང་མཆོག་གི་བཀས་སྒོ་མང་གི་མཁན་ཁྲིར་ཕེབས་ཤིང་འཆད་ཉན་རྒྱ་ཆེར་མཛད།ཉིད་ཀྱི་སློབ་མའི་གཙོ་བོ་གཞུང་ཁང་རབ་འབྱམས་པ་དགེ་ལེགས་ལྷུན་གྲུབ་ཅེས་སྙན་གྲགས་ཀྱིས་ས་སྟེང་ཁྱབ་པ་དེ་དང་།ཁྲི་སྟག་ལུང་བྲག་པ་བློ་གྲོས་རྒྱ་མཚོ་སོགས་སློབ་མ་མཁས་གྲགས་ཅན་ཆེས་མང་ཞིང་།ཁྱད་པར་ཁྲི་སྟག་ལུང་བྲག་པས་ཆོས་འབྱུང་གི་གསུང་བཤད་ཡི་གེར་བཀོད་པ་རྣམས་གྲྭ་ཚང་གི་ཡིག་ཆར་མཛད་དེ་འགྲོ་དོན་རྒྱ་ཆེར་འཕེལ་བ་ན་ཀུན་མཁྱེན་ཆོས་འབྱུང་ཞེས་པའི་མཚན་ཆགས།

གཙང་རྒྱལ་ཀརྨ་ཕུན་ཚོགས་རྣམ་རྒྱལ་དང་།དེའི་བུ་ཀརྨ་བསྟན་སྐྱོང་དབང་པོ་བཅས་ཀྱིས་དགེ་བསྟན་བསྣུབ་པར་འདོད་དེ་ས་རྟ་ལོའི་ཧོར་ཟླ་བདུན་པར་སེར་འབྲས་གླིང་ལོག་བཏང་སྟེ་ལྷ་ས་དང་འབྲས་སྤུངས་ཀྱི་རྒྱབ་རིར་མི་སྟོང་ཕྲག་དུ་མ་བསད་པ་སོགས་བྱས་དུས།འབྲས་སྤུངས་སུ་ཀུན་མཁྱེན་ཉིད་ཀྱིས་དཔལ་ལྡན་ལྷ་མོ་དམག་ཟོར་མའི་གཏོར་ཟོར་སྒྲུབ་པར་མཛད་དེ་ཤོ་ལ་འདེབས་པ་དང་།བྱང་དམར་ལ་བཅུག་པའི་ལས་སྦྱོར་མཛད་པས་ཡར་གཙང་སྐུར་གསུམ་ཞལ་ངོ་རྣམས་ཀྱི་མིང་བྱང་ནས་ཡར་རྒྱབ་ཞབས་དྲུང་བདུད་འདུལ་གྲགས་པའི་མཚན་ཐོག་མར་བོར་ཏེ་རྟགས་མངོན་སུམ་དུ་བྱུང་།དུས་སྐབས་དེར་ཁོང་གི་མཚན་གུང་རུའི་དབྱངས་དཔོན་མཐུ་སྟོབས་གསང་བའི་དབང་ཕྱུག་ཅེས་གྲགས།

དེ་སྐབས་རྙིང་ཕྱོགས་ནས་ཀྱང་མཚན་རིག་འཛིན་འཁོར་ལོའི་དབང་ཕྱུག་ཏུ་གསོལ།དེ་དུས་གཙང་རྒྱལ་ཀརྨ་བསྟན་སྐྱོང་དབང་པོས་དབུས་གཙང་ཡོངས་ལ་ལོ་ཉི་ཤུའི་རིང་དབང་བསྒྱུར་སྟབས་གཙང་པའི་འོག་ཏུ་བཞུགས་བཟོད་མ་བདེ་བས་མི་རིང་པར་མཁན་ཁྲི་ལས་བཤོལ་ཏེ་རང་དགོན་ཁམས་བྱ་ཕུད་ཆོས་སྡེར་བྱོན་ནས་དེར་བཀའ་པོད་ལྔ་ཡི་འཆད་ཉན་རྒྱ་ཆེར་ཡོད་མུས་ཁར་རང་བརྩམས་ཡིག་ཆ་དེ་ཉིད་འཛུགས་པར་མཛད་དེ་རྒྱས་པར་བསྐྱངས།

གཙང་པར་ལས་སྦྱོར་མཛད་པ་པོ་ལམ་པ་རབ་འབྱམས་པ་གྲུབ་པའི་དབང་ཕྱུག་བསོད་ནམས་གྲགས་པ་དང་།ཀུན་མཁྱེན་ཆོས་འབྱུང་གཉིས་ཀ་སྒོ་མང་པ་ཡིན་སྟབས་གཙང་པའི་ཞེ་ལ་ཕོག་ཏེ།མགོན་པོའི་བླ་མཚོའི་ནང་དུ་དུག་བཏབ།བླ་རིའི་མགོར་ཨརྒ་བཅགས།  ཆོས་གྲྭ་གོང་མའི་ནང་གི་མགོན་པོའི་བླ་ཤིང་ལའང་དུག་བཏབ།  ཆོས་འབྱུང་གི་ཡིག་ཆ་བསྡུས་ཏེ་ས་འོག་ཏུ་སྦས་ནས་ཡིག་ཆ་དེ་ཉིད་ལྟ་མི་ཆོག་པའི་བཅད་མཚམས་རྟིང་གནོན་བཏང་།

གནས་ཚུལ་དེ་ཁམས་ཕྱོགས་སུ་ཐོས་མཚམས་ཆོས་འབྱུང་ཉིད་གསང་སྟབས་ཀྱིས་མདོ་སྨད་ཕྱོགས་སུ་ཉེན་གཡོལ་ལ་ཕེབས་རྗེས་མི་རིང་པར་གཙང་པ་སྡེ་སྲིད་ཀྱི་དཔུང་དམག་ཁམས་བྱ་ཕུད་ཆོས་སྡེར་འབྱོར།

ཡུལ་མི་གཙོ་དྲག་མང་པོ་བསད།ཡིག་ཆ་བསྡུས་ཏེ་ཁང་པ་གཅིག་གི་ནང་བཅུག་ཅིང་སྒོ་ལ་དམ་འབྱར་བྱས།ཕྱིན་ཆད་མཚན་ཉིད་ལྟ་མི་ཆོག་པའི་བཙན་བཀའ་བཏང་།ཁང་ཐོག་གི་གསེར་འཕྲུའི་རྩེར་རྡོ་རྗེའི་རྒྱ་གྲམ་བཞག  །རྫས་ངན་དུ་མ་བསགས་ཏེ་མནན་གཏད་བྱས་པ་རྣམས་དུས་འགྱུར་བར་མཐུན་གྲུབ་ཏུ་ཡོད།

མདོ་སྨད་དུ་ཀུན་མཁྱེན་ཆོས་འབྱུང་ཉིད་མཛད་འཛིན་རིམ་གྱིས་རྒྱས་བཞིན་པའི་ངང་དགུང་ལོ་དོན་དགུ་པ་ལ་རིག་འཛིན་གྱི་སར་སྐུ་གཤེགས་ཞེས་བྱུང་བ་ཀླུ་སྒྲུབ་ཀྱི་སྲས་མཆོག་སངས་རྒྱས་བསྐྱངས་རིག་འཛིན་གྱི་གནས་སུ་གཤེགས་པར་བཤད་པ་དང་ཚུལ་མཐུན་པར་སྣང་།

སྐུ་གདུང་ཧྲིལ་པོ་གཟུངས་སུ་བཞུགས་པའི་མཆོས་རྟེན་རྗེས་སོར་ཀུན་མཁྱེན་འཇམ་བཞད་ཀྱི་སློབ་མ་རྒན་པ་བཞི་ཞེས་གྲགས་པའི་ནང་ཚན་གྱང་རོ་རྒན་པའི་བླ་བྲང་དུ་བཞུགས་སོ།  །


ཡིག་གཏག་པ། བདེ་ཆེན་མཚོ།


           རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།