རྗེ་ཕུན་ཚོགས་དར་རྒྱས་ཀྱི་ཚེ་རབས་རྗེས་འཛིན་གྱི་སྨོན་ཚིག་དོན་གཉིས་དཔལ་སྟེར་ཞེས་བྱ་བ་བཞུགས་སོ། །

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2019-05-18 18:13:55     རྩོམ་པ་པོ།   བློ་གསལ་རྒྱ་མཚོ།    ཀློག་ཐེངས།  

微信图片_20190518180015.jpg

༄༅། །ཕུན༵་ཚོག༵ས་མཁྱེན་པའི་ཡལ་འདབ་རབ་ཏུ་ཡངས། །

ལུང་རྟོགས་ཡོན་ཏན་འབྲས་བུའི་ཁུར་གྱིས་དུད། །

གཞན་ཕན་འཕྲིན་ལས་མཆོག་ཏུ་ད༵ར་ཞིང་རྒྱས༵། །

མཚུངས་མེད་དགེ་བའི་བཤེས་ལ་གསོལ་བ་འདེབས། །

རྒྱལ་ཀུན་ཐུགས་བཅུད་བློ་བཟང་རྒྱལ་བ་ཡི། །

བཤད་སྒྲུབ་ཆོས་ཀྱི་སྲིད་ལ་དབང་བསྒྱུར་ཞིང་། །

དམ་ཆོས་བདུད་རྩིས་སྐལ་ལྡན་ཚིམ་མཛད་པའི། །

སྐྱབས་གཅིག་རྗེ་བཙུན་བླ་མར་གསོལ་བ་འདེབས། །

རྒྱ་ཆེན་ཕུན༵་ཚོག༵ས་ཕ་མཐའ་མི་མངོན་ཞིང་། །

མཁྱེན་བརྩེ་ནོར་བུའི་མཛོད་ཀྱིས་ཡོངས་སུ་གཏམས། །

གཞན་ཕན་རླབས་ཕྲེང་མཁའ་ལ་རྟག་ཏུ་རྩེན། །

འཕྲིན་ལས་དར༵་ཞིང་རྒྱས༵་ལ་གསོལ་བ་འདེབས། །

གསུང་རབ་སྦྲང་རྩིའི་དགའ་སྟོན་བཅུད་འཆང་ཞིང་། །

མཐའ་ཡས་ཤེས་བྱར་མཁྱེན་པའི་འདབ་མ་རྒྱས། །

སྐལ་ལྡན་རྐང་དྲུག་ཚོགས་ཀྱི་རོལ་བའི་གཞི། །

བཤེས་གཉེན་པད་མའི་དགའ་ཚལ་ཡང་ཡང་དྲན། །

ཉིན་མཚན་ཀུན་ཏུ་ཁྱོད་སྐུ་དྲན་པའི་བློ། །

སྙིང་གི་དཀྱིལ་དུ་ལྷན་སྐྱེས་བཞིན་གྱུར་ན། །

ཚེ་རབས་ཕྲེང་བར་ཐུགས་རྗེའི་ལྕགས་ཀྱུ་ཡིས། །

གཏོང་ངམ་མི་གཏོང་བྱམས་ལྡན་མགོན་ལ་རག །

ཇི་སྲིད་ནམ་མཁའ་མ་འཛད་དེ་སྲིད་དུ། །

ཁྱོད་ཉིད་གཅིག་ཆོག་སྐྱབས་སུ་རེ་བས་ན། །

ཐུགས་རྗེའི་ལྕགས་ཀྱུས་ནམ་ཡང་མི་གཏོང་བར། །

ལེགས་གསུང་བདུད་རྩིས་རྟག་ཏུ་སྐྱོང་བར་མཛོད། །

མདོར་ན་བཤེས་གཉེན་དམ་པས་རྗེས་བཟུང་མཐུས། །

ཐོས་བསམ་སྒོམ་པའི་བྱ་བ་མཐར་ཕྱིན་ནས། །

རྟག་ཏུ་སེམས་ཅན་ཀུན་དོན་བསྒྲུབ་པའི་ཕྱིར། །

བཤད་སྒྲུབ་བསྟན་པ་རྒྱས་པར་བྱེད་ནུས་ཤོག །

ཡངས་པའི་ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་སུ། །

འགྲོ་ཀུན་དགེ་ལ་གཞོལ་བའི་ཉིན་བྱེད་ཀྱིས། །

བདེ་སྐྱིད་པད་མོའི་ཚལ་ཡངས་རབ་བཞད་ནས། །

བཀྲ་ཤིས་རྒྱ་མཚོས་ཕྱོགས་ཀུན་ཁྱབ་གྱུར་ཅིག །

            ཅེས་ཚེ་རབས་སུ་རྗེས་སུ་འཛིན་པའི་སྨོན་ཚིག་དོན་གཉིས་དཔལ་སྟེར་ཞེས་བྱ་བ་འདི་ཡང་དམ་པ་གང་གི་ཐུགས་སྲས་ལྔ་རིག་སྤྱན་ཡངས་སྦྱིན་པ་དར་རྒྱས་དང་།  ལུང་རིགས་སྨྲ་བ་དགེ་འདུན་འཇིགས་མེད།  རིགས་སྨྲའི་ཁྱུ་མཆོག་དགེ་འདུན་ཐབས་མཁས་རྣམས་ཀྱིས་བསྐུལ་པའི་ངོར་༧ སྤྲང་བཙུན་བློ་གསལ་རྒྱ་མཚོས་ཤར་མར་བྲིས་པ་ཛ་ཡནྟུ། །      ། །

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།