སེམས་ཉིད་འཕྲིན་ལས་མ། །

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-03-19 08:05:12         ཀློག་ཐེངས།  

032.JPG

 
     ༄༅། །བྷྱོཿསེམས་ཉིད་འཕྲིན་ལས་རྣམ་བཞིའི་ཁྱད་པར་ནི། །སེམས་ཉིད་ཀུན་ན་མེད་ཅིང་སེམས་ཀྱང་མེད། །དོན་དམ་དབྱེར་མེད་ཁ་དོག་གཟུགས་ཀྱང་མེད། །རྫུ་འཕྲུལ་སྒྱུ་མ་ཙམ་དུ་རང་གི་སེམས། །མཐུན་པར་བསྟན་པ་ཞི་བའི་དཔལ་ལྷ་མོ། །ཞི་མཛད་ཞི་འགྱུར་ཞི་བའི་ངང་ཚུལ་ཅན། །ཞི་བའི་འཁོར་གྱིས་བསྐོར་པའི་གཙོ་མོ་ནི། །རྟགས་ཀྱི་སྐུ་མདོག་དཀར་མོ་ཤིན་ཏུ་དྭངས། །ཀུན་ཏུ་ཞི་མཛད་མ་ལ་ཕྱག་འཚལ་ལོ། །བདག་གི་ནད་གདོན་བར་ཆད་ཞི་བར་མཛོད། །བྷྱོཿསེམས་ཉིད་འཕྲིན་ལས་རྣམ་བཞིའི་ཁྱད་པར་ནི། །སེམས་ཉིད་ཀུན་ན་མེད་ཅིང་སེམས་ཀྱང་མེད། །དོན་དམ་དབྱེར་མེད་ཁ་དོག་གཟུགས་ཀྱང་མེད། །རྫུ་འཕྲུལ་སྒྱུ་མ་ཙམ་དུ་རང་གི་སེམས། །མཐུན་པར་བསྟན་པ་རྒྱས་བའི་དཔལ་ལྷ་མོ། །རྒྱས་མཛད་རྒྱས་འགྱུར་རྒྱས་བའི་ངང་ཚུལ་ཅན། །རྒྱས་བའི་འཁོར་གྱིས་བསྐོར་པའི་གཙོ་མོ་ནི། །རྟགས་ཀྱི་སྐུ་མདོག་སེར་མོ་ཤིན་ཏུ་བརྗིད། །ཀུན་ཏུ་རྒྱས་མཛད་མ་ལ་ཕྱག་འཚལ་ལོ། །བདག་གི་ཚེ་དང་བསོད་ནམས་རྒྱས་པར་མཛོད། །བྷྱོཿསེམས་ཉིད་འཕྲིན་ལས་རྣམ་བཞིའི་ཁྱད་པར་ནི། །སེམས་ཉིད་ཀུན་ན་མེད་ཅིང་སེམས་ཀྱང་མེད། །དོན་དམ་དབྱེར་མེད་ཁ་དོག་གཟུགས་ཀྱང་མེད། །རྫུ་འཕྲུལ་སྒྱུ་མ་ཙམ་དུ་རང་གི་སེམས། །མཐུན་པར་བསྟན་པ་དབང་གི་དཔལ་ལྷ་མོ། །དབང་མཛད་དབང་འགྱུར་དབང་གི་ངང་ཚུལ་ཅན། །དབང་གི་འཁོར་གྱིས་བསྐོར་པའི་གཙོ་མོ་ནི། །རྟགས་ཀྱི་སྐུ་མདོག་དམར་མོ་ཤིན་ཏུ་ཆགས། །ཀུན་ཏུ་དབང་མཛད་མ་ལ་ཕྱག་འཚལ་ལོ། །ཁམས་གསུམ་སེམས་ཅན་ཐམས་ཅད་དབང་དུ་བསྡུས། །བྷྱོཿསེམས་ཉིད་འཕྲིན་ལས་རྣམ་བཞིའི་ཁྱད་པར་ནི། །སེམས་ཉིད་ཀུན་ན་མེད་ཅིང་སེམས་ཀྱང་མེད། །དོན་དམ་དབྱེར་མེད་ཁ་དོག་གཟུགས་ཀྱང་མེད། །རྫུ་འཕྲུལ་སྒྱུ་མ་ཙམ་དུ་རང་གི་སེམས། །མཐུན་པར་བསྟན་པ་དྲག་པོའི་དཔལ་ལྷ་མོ། །དྲག་མཛད་དྲག་འགྱུར་དྲག་པོའི་ངང་ཚུལ་ཅན། །དྲག་པོའི་འཁོར་གྱིས་བསྐོར་པའི་གཙོ་མོ་ནི། །རྟགས་ཀྱི་སྐུ་མདོག་ནག་མོ་ཤིན་ཏུ་རྔམ། །ཀུན་ཏུ་དྲག་མཛད་མ་ལ་ཕྱག་འཚལ་ལོ། །བདག་གི་ནད་གདོན་དགྲ་བགེགས་དྲག་པོས་སྒྲོལ། །བྷྱོཿཁྱོད་ཀྱི་རང་བཞིན་ཅིར་ཡང་མ་གྲུབ་ཀྱང། །འདི་ལྟར་མཚན་ཉིད་ཅིར་ཡང་སྣང་བ་ཡིས། །འཕྲིན་ལས་རྣམ་བཞིས་འགྲོ་དོན་མཛད་པ་ལ། །བདག་གིས་བསྒྲིམས་ཏེ་རབ་ཏུ་བསྟོད་བགྱིད་ན། །བདག་ཀྱང་ལས་བཞིའི་རང་བཞིན་ལྷུན་འགྲུབ་སྟེ། །ཁྱོད་ལྟར་འགྲོ་བའི་དོན་ལ་བརྩོན་པར་ཤོག །

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།