དགེ་འདུན་འདུས་པའི་གཡང་འགུགས། །

    སྤེལ་དུས།  2018-03-19 08:02:27         ཀློག་ཐེངས།  

         ༄༅། །རབ་འབྱམས་ཚོགས་གཉིས་ཆུ་གཏེར་ལམ་བསྟེན་ནས། །སྐུ་བཞིའི་ནོར་བུའི་མཛོད་ལ་མངའ་བརྙེས་པ། །འཁོར་དབུལ་དུང་རྣམས་སྐྱབས་འོས་དེད་དཔོན་ཆེ། །བླ་མ་ལྷ་ཡིས་འདོད་དོན་མྱུར་སྒྲུབ་གསོལ། །གྲོང་བའི་དུ་བརྫེས་བཙན་དུག་མ་འདྲེས་ཤིང་། །ཆོས་བརྒྱད་སྣ་མའི་མེ་ཏོག་མཚར་དུ་མངར། །ཕན་བདེའི་ངད་དང་འཐུལ་བའི་སྐྱེད་ཚལ་འདིར། །ཐར་འདོད་བཅུད་འཛིན་འདུ་བའི་ཕྱྭ་གཡང་སྩོལ། །མི་བྱེད་དགུ་བྱེད་གསོད་པོ་མི་རྒྱུ་ཞིང་། །ལོག་པར་འཁུ་བའི་འཇབ་བུས་དབེན་པ་ཡི། །སྨན་ལྗོངས་བག་ཕེབས་འདི་ན་སྐལ་ལྡན་གྱི། །ས་ལུས་དཔག་མེད་འདུ་བའི་ཕྱྭ་གཡང་སྩོལ། །སྙིགས་དུས་འཁྲུག་ལོང་རྩུབ་མོས་མི་འཚེ་ཞིང་། །ལྟ་ངན་བློན་ཀུན་རྣམས་ཀྱང་དབང་མི་ནུས། །རྩེ་གཅིག་སངས་རྒྱས་ལམ་ལ་མངོན་གཞོལ་བའི། །དགེ་འདུན་བགྲང་ཡས་འདུ་བའི་ཕྱྭ་གཡང་སྩོལ། །དུལ་སོགས་བསླབ་པའི་མཚན་ལྡན་དགེ་བའི་བཤེས། །གཟུར་གནས་ལ་སོགས་ཉན་པའི་སྣོད་རུང་བ། །མ་བུའི་འབྲེལ་བཞིན་ནམ་ཡང་བྲལ་མེད་པར། །འཆད་ཉན་ཚུལ་བཞིན་གྲུབ་པའི་ཕྱྭ་གཡང་སྩོལ། །རབ་མང་ཐོས་པའི་རྩ་བ་རབ་བརྟན་ཅིང་། །རབ་འཇམ་བསམ་པའི་མེ་ཏོག་ཁ་ཕྱེ་བ། །རབ་ལེགས་སྒོམ་པའི་སྙེ་མ་གཡུར་ཟ་བའི། །སྐལ་བཟང་སྡོང་བུ་འདུ་བའི་ཕྱྭ་གཡང་སྩོལ། །བྱིང་རྨུགས་བྲལ་བའི་དྲན་ཤེས་གོ་ཁྲབ་གྱོན། །དཔྱད་འཇོག་ཟུང་འབྲེལ་གྲི་ཕུབ་དགྲ་ཐབས་ཀྱིས། །བདེན་འཛིན་ཆོམ་རྐུན་སྡེ་བཅས་མཐར་བྱེད་པའི། །རྣལ་འབྱོར་དཔའ་བོ་འདུ་བའི་ཕྱྭ་གཡང་སྩོལ་། །ཆོས་མཐུན་འབྱོར་བ་མི་ཟད་ཆུ་བོའི་གཏེར། །ཆོས་བཞིན་སྒྲུབ་པའི་འདུས་སྡེ་ཀུ་མུད་གཉེན། །ཆོས་ཀྱི་སྦྱིན་བདག་དད་ལྡན་ས་མོས་གསུམ །།གནས་འདིར་གཅིག་ཆར་འཕེལ་པའི་ཕྱྭ་གཡང་སྩོལ། །བསླུ་མེད་མཆོག་གསུམ་ཐུགས་རྗེའི་ཉིན་བྱེད་དང་། །དམ་ལྡན་ཆོས་སྲུང་ནུས་པའི་དག་བྱེད་དང་། །བདག་སོགས་རྣམ་དཀར་དགེ་བའི་ས་བོན་མཐུས། །འབྲས་བུ་སྨོན་བཞིན་གྲུབ་པའི་ཕྱྭ་གཡང་སྩོལ། །ཆོས་ཀྱི་མདུན་ས་དཔལ་ཆེན་ནོར་བུ་འདི། །སྲུང་མ་འདས་དང་མ་འདས་ཁྱེད་རྣམས་ཀྱི། །སྔོན་གྱི་དམ་བཅས་དྲན་ནས་དུས་ཀུན་ཏུ། །འདོད་དོན་གྲུབ་པའི་འཕྲིན་ལས་ཅིས་ཀྱང་མཛོད། །གྲུབ་པའི་དབང་ཕྱུག་དཔལ་ལྡན་བླ་མ་དང་། །བསླུ་བ་མེད་པའི་སྐྱབས་གནས་དཀོན་མཆོག་གསུམ། །ཐུབ་བསྟན་སྲུང་མ་གནས་གསུམ་མཁའ་འགྲོའི་ཚོགས། །དབྱེར་མེད་ཞབས་གྱི་པདྨོར་བཀའ་དྲིན་དང་། །སྲས་བཅས་རྒྱལ་བའི་རྣམ་དཀར་དགེ་ཚོགས་ཀྱིས། །ཚུལ་བཞིན་གྲུབ་ལ་མཐུན་པའི་བསམ་པ་ཡིས། །ཐུབ་བསྟན་རྒྱ་མཚོ་དཔལ་དེ་ཡུན་རིང་དུ། །གནས་ཞིང་འཕྲིན་ལས་ཕྱོགས་བཅུར་རྒྱས་པར་ཤོག །གནས་འདིར་བྱིན་རླབས་དཔལ་འབྱོར་སླར་རྒྱས་ཤིང་། །བསམ་འབྱོར་ངན་པའི་གདུག་རྩུབ་ཞི་བ་དང་། །བསླབ་གསུམ་རྣམ་པར་དག་པའི་ཁུར་འཁྱེར་པའི། །དགེ་འདུན་ཚོགས་ཀྱིས་བཀང་བའི་བཀྲ་ཤིས་ཤོག །བསླབ་པ་གསུམ་ལྡན་ངུར་སྨྲིག་འཛིན་པ་ཡི། །འདུས་པའི་ཚོགས་ཀྱིས་གནས་འདིར་ཡོངས་གང་ཞིང་། །རྟག་ཏུ་བཤད་སྒྲུབ་བྱ་བས་སྲིད་མཐའི་བར། །ཐུབ་བསྟན་ཕྱོགས་བཅུར་རྒྱས་པའི་བཀྲ་ཤིས་ཤོག །

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།