པན་ཆེན་རིན་པོ་ཆེ་ཞབས་བརྟན་གསོལ་འདེབས་བཞུགས་སོ། །

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-03-19 08:00:07         ཀློག་ཐེངས།  

 

0752f0b615ab810e9f53a58f644605c3.jpg

         ༄༅། །རྒྱལ་བ་ཀུན་གྱི་སོར་རྟོག་ཡེ་ཤེས་མཆོག །བཞིན་ལག་གཟུགས་སྐུའི་གར་གྱི་རྣམ་རོལ་པ། །བཅོམ་ལྡན་ཚེ་མཐའ་ཡས་པའི་གསང་གསུམ་གྱི། །དགེ་ལེགས་དཔལ་གྱི་ཤིས་པ་སྦྱིན་གྱུར་ཅིག།དབང་ཕྱུག་བརྒྱད་དང་མི་འཇིགས་རྣམ་པ་བཞི། །མཚོན་བྱེད་གདོང་ལྔས་བཏེགས་པའི་ཁྲི་འཕང་རྩེར། །པད་མ་ཉི་ཟླས་བརྒྱན་པའི་གདན་སྟེང་དུ། །རྗེ་བཙུན་བླ་མ་དགྱེས་བཞིན་བཞུགས་སུ་གསོལ། །རྨད་བྱུང་ཐུགས་བསྐྱེད་གངས་རི་ལས་འོངས་པའི། །གྲངས་མེད་ཚོགས་གཉིས་ཆུ་གཏེར་བསྲུབས་པ་ལས། །ཕུལ་བྱུང་བདེ་ལྡན་ཞིང་གི་དཔལ་གྱུར་པ། །མཚུངས་བྲལ་དཔལ་ལྡན་བླ་མར་གུས་ཕྱག་འཚལ། །དངོས་བཤམས་ཡིད་ཀྱི་མཆོད་སྤྲིན་འབུལ་བ་དང་། །སྒོ་གསུམ་སྡིག་བཤགས་དགེ་ལ་རྗེས་ཡི་རངས། །ཟབ་རྒྱས་ཆོས་ཀྱི་སྒོ་འཕར་ཡོངས་ཕྱེ་ནས། །ཞབས་ཟུང་རྡོ་རྗེའི་ཁམས་བཞིན་བརྟན་པར་གསོལ། །བློ་བཟང་རྒྱལ་བ་གཉིས་པ་ཇི་བཞིན་དུ། །འགྲོ་ཀུན་བྱམས་པའི་ལྕགས་ཀྱུས་མི་གཏོང་བའི། །འཕྲིན་ལས་ལྷུན་གྲུབ་སྣང་མཐའི་སྒྱུ་འཕྲུལ་གར། །ཆོས་ཀྱི་རྒྱལ་པོའི་ཞབས་ལ་གསོལ་བ་འདེབས། །བློ་གྲོས་བཟང་པོའི་དཀྱིལ་འཁོར་ཡོངས་རྫོགས་ཤིང་། །དམིགས་མེད་བརྩེ་དང་བྱམས་པས་ལེགས་བསྐྲུན་པའི། །ལྷུན་གྲུབ་མཛད་བཟང་ནམ་མཁའི་རྗེས་འགྲོ་བ། །ཆོས་ཀྱི་རྒྱལ་པོའི་ཞབས་ལ་གསོལ་བ་འདེབས། །བློ་བཟང་ཐུགས་ལ་ཆོས་ཀུན་རང་བཞིན་གསལ། །བྱམས་པའི་སྤྱན་གྱིས་འགྲོ་ལ་རྟག་ཏུ་གཟིགས། །རྨད་བྱུང་འཕྲིན་ལས་ལྷུན་གྱིས་གྲུབ་པའི་དཔལ། །ཆོས་ཀྱི་རྒྱལ་པོ་བསྐལ་བརྒྱར་ཞབས་བརྟན་ཤོག །བྱམས་བརྩེ་སྤྱན་རས་གཟིགས་ཀྱི་རྗེས་འགྲོ་ཞིང་། །མཁྱེན་རབ་བརྟན་པའི་འཁོར་ལོར་འགྲན་པ་དང་། །མཐུ་ནུས་གསང་བའི་བདག་པོ་དང་མཚུངས་པའི། །མཆོག་སྤྲུལ་དཔག་བསམ་ལྗོན་པ་ཞབས་བརྟན་ཤོག །སྔོན་བྱོན་སྣང་མཐའི་འཁྲུངས་རབ་རིམ་བྱོན་བཞིན། །མགོན་ཁྱོད་རྒྱལ་བསྟན་སྤྱི་དང་ཙོང་ཁ་པའི། །བཤད་སྒྲུབ་བསྟན་པའི་རྒྱལ་མཚན་བསྒྲེང་བ་དང་། །སྐྱེ་དགུའི་མགོན་དུ་བསྐལ་བརྒྱར་ཞབས་བརྟན་ཤོག །བདག་སོགས་དེང་ནས་ཚེ་རབས་ཐམས་ཅད་དུ། །དལ་འབྱོར་པད་དཀར་ཕྲེང་བའི་རྟེན་བརྒྱུད་ནས། །སྐྱབས་མགོན་དམ་པས་འབྲལ་མེད་རྗེས་བཟུང་སྟེ། །བྱིན་རླབས་ཉིན་བྱེད་འོད་ཀྱིས་འཚོ་བ་དང་། །ལམ་གཙོ་གསུམ་དང་བསླབ་གསུམ་རིམ་གཉིས་དང་། །ཕྱིན་དྲུག་སྤྱོད་པའི་ཁོ་ལག་ཡོངས་རྫོགས་ཤིང་། །དོན་གཉིས་འབྲས་བུའི་ཁུར་གྱི་རབ་དུད་པའི། །མཐར་ཐུག་ཟུང་འཇུག་གོ་འཕང་མྱུར་འཐོབ་ཤོག །དགེ་མཚན་ཀུན་ཏུ་བདེ་བའི་གཡང་འཁྱིལ་འདིར། །མི་མཐུན་རླུང་གིས་ནམ་ཡང་མི་གཡོ་བའི། །ཆོས་སྡེ་འདིས་མཚོན་ཕྱོགས་ཀྱི་དགེ་འདུན་སྡེ། །ཐུགས་མཐུན་ཁྲིམས་གཙང་བཤད་སྒྲུབ་འཕེལ་གྱུར་ཅིག །མདོར་ན་རྒྱལ་བསྟན་ཡུན་རིང་གནས་པ་དང་། །སྐྱབས་མགོན་དམ་པའི་སྐུ་ཚེ་མཛད་འཕྲིན་རྒྱས། །རྒྱལ་ཁམས་འདིས་མཚོན་ཡངས་པའི་འཇིག་རྟེན་ཀུན། །བཀྲ་ཤིས་དགེ་མཚན་དཔལ་གྱིས་ཁྱབ་གྱུར་ཅིག །ཅེས་ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་༧རྗེ་བཙུན་བློ་བཟང་བྱམས་པ་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོ་དཔལ་བཟང་པོའི་བརྟན་བཞུགས། །

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།