ཐུགས་རྗེ་ཆེན་པོ་བསྟོད་པ་དྲི་མེད་དུང་མདོག་མ་བཞུགས་སོ། །

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-03-19 07:59:30         ཀློག་ཐེངས།  

 201106090145081406 (1).jpg

         ༄༅། །ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས། །དྲི་མེད་དུང་མདོག་མཆོག་ཏུ་གཟུགས་བཟང་བ། །རྣམ་དག་འོད་གསལ་ཟླ་བའི་དཀྱིལ་ན་མཛེས། །ཇི་ལྟར་མཁའ་ལ་ཉི་འོད་སྟོང་འབར་བཞིན། །དཔའ་པོ་འོད་ཟེར་སྟོང་འབར་ལྷམ་མེ་བ། །སྲིད་པ་གསུམ་གྱི་ས་མཁན་སྟོན་པར་གྲགས། །ཁམས་གསུམ་འགྲོ་བ་ཀུན་གྱི་གཉེན་གཅིག་པུ། །བྱམས་མགོན་ཐུགས་རྗེའི་ལྷ་ཁྱོད་བདག་ལ་དགོངས། །བདག་ནི་ཐོག་མཐའ་མེད་པའི་དུས་མཐའ་ནས། །ལམ་ལོག་ལམ་སྟོར་སྲིད་པའི་འཁོར་བར་འཁྱམས། །སྔོན་ཚེ་ལས་ལོག་སྡིག་པ་སྤྱད་པས་ནོངས། །སྡིག་པའི་ལས་རྣམས་ཅི་བྱས་རབ་གནོང་འགྱོད། །དར་ཞིང་དྲེངས་པའི་ལས་དེ་དབང་བཙན་པས། །འཁོར་བའི་སྡུག་བསྔལ་རྒྱ་མཚོར་བྱིང་གྱུར་ཏེ། །ཞེ་སྡང་འབར་བའི་མེས་ནི་རང་རྒྱུད་བསྲེག །གཏི་མུག་མུན་པའི་ཚོགས་ཀྱིས་ཤེས་རབ་རྨོངས། །འདོད་ཆགས་རྒྱ་མཚོའི་ནང་དུ་རྣམ་ཤེས་བྱིང་། །ང་རྒྱལ་ཆེན་པོའི་རི་བོས་ངན་འགྲོར་མནན། །ཕྲག་དོག་རླུང་དམར་འཚུབས་པས་འཁོར་བར་གཡེངས། །བདག་ཏུ་ལྟ་བའི་མདུད་པ་དམ་པོས་བཅིངས། །འདོད་པ་མེ་མདག་དོང་འདྲའི་འོབས་སུ་ལྷུང་། །སྡུག་བསྔལ་དྲག་པོའི་འདམ་རྫབ་ཆར་ལྟར་བབ། །མེ་ཁམས་ཉི་མའི་དུག་ནི་སྟེང་ནས་ཚ། །ཆུ་ཁམས་ས་ཡི་རླན་ནི་འོག་ནས་གྲང་། །ཕྱི་ཡིས་བསེར་བུའི་ངད་ནི་ཐད་ཀར་ཚ། །ཀུན་ནས་འཁྲུག་པའི་རླུང་ནི་ཁོང་ནས་ལྡང་། །དེ་ལྟའི་སྡུག་བསྔལ་ཤིན་ཏུ་བཟོད་དཀའ་ཡང་། །སྡོམ་པའི་ཡི་དམ་གཞག་ཏུ་ག་ལ་རུང་། །སྡུག་བསྔལ་ཀུན་དང་བསྡོས་ནས་སྡོམ་བསྲུང་ཞིང་། །མོས་པའི་དད་པས་འཕགས་མཆོག་མི་གཏོང་ན། །འཕགས་མགོན་འགྲོ་དོན་མི་མཛད་ཅི་ལ་དགོངས། །བྱམས་མགོན་ཅི་སླད་བདག་ལ་ཐུགས་མི་བརྩེ། །བདག་འདྲའི་བླུན་རྨོངས་ལས་ངན་སྡིག་པོ་ཆེ། །ལས་ཀྱི་དབང་གིས་སྙིགས་མའི་དུས་འདིར་སྐྱེས། །སྐྱེས་པས་འགྱོད་དེ་ལས་ལ་ཡི་རེ་ཆད། །ཡིད་ཆད་འགྱོད་ཀྱང་ལས་དབང་བཅོས་སུ་མེད། །ལས་ཀྱི་ཤུགས་ནི་ཆུ་བོའི་རྒྱུན་དང་འདྲ། །ལས་དབང་ཆུ་ཀླུང་བཟློག་པར་རབ་ཏུ་དཀའ། །བཀའ་ལ་ཞུགས་སོ་བཀའ་བཞིན་རྔོ་མ་ཐོགས། །ལུས་ངག་ཡིད་གསུམ་སྡིག་པའི་དབང་དུ་གྱུར། །སྡིག་པའི་ལས་དབང་དྲག་པོའི་མེ་འབར་བས། །རྣམ་ཤེས་དབང་བོའི་མྱུ་གུ་གདུངས་གྱུར་ཏེ། །ཕུང་བོ་སྒྱུ་མའི་ལུས་འདིས་མི་བཟོད་ན། །བྱམས་མགོན་ཐུགས་རྗེ་ཅན་གྱིས་བཟོད་ལགས་སམ། །ཉི་ལྟར་འོད་གསལ་ཟླ་ལྟར་མདངས་གསལ་བའི། །ཐུགས་རྗེའི་ཞལ་ཉིད་མཐོང་བར་འཚལ་ལགས་ན། །ཐོགས་མ་མེད་ནས་མ་རིག་ལིང་ཏོག་གིས། །ལྡོངས་པའི་ཆུ་བུར་མིག་གིས་མ་མཐོང་ན། །འགྲོ་བའི་མགོན་ཁྱོད་ད་ལྟ་གང་ན་བཞུགས། །སྡུག་བསྔལ་དྲག་པོ་ཤིན་ཏུ་མི་བཟད་པའི། །ཤིན་ཏུ་སྐྲག་ཅིང་སྐྱི་གཡའ་རབ་འཇིགས་ནས། །དུང་དུང་གདུང་བའི་སྨྲེ་སྔགས་འདི་དོན་ཞིང་། །ཉམ་ཐག་ཕམ་པའི་ང་རོས་འོ་དོད་འབོད། །བྱམས་མགོན་ཐུགས་རྗེ་ཅན་གྱིས་གསན་ལགས་སམ། །ནམ་ཞིག་འཆི་འཕོ་ལུས་བརྗེ་གྱུར་བའི་ཚེ། །གཉེན་བཤེས་གྲོགས་དང་བྲལ་ཏེ་གཤིན་རྗེས་ཁྲིད། །དེ་ཚེ་འཇིག་རྟེན་ཉེ་དུས་མི་སྟོངས་ཏེ། །ལས་ཀྱི་དབང་གིས་བདག་འདྲ་གཅིག་པུར་ཁྲིད། །དུས་འདིར་བདག་ལ་མགོན་སྐྱབས་མ་མཆིས་ན། །བྱམས་མགོན་ཁྱོད་ཀྱིས་འཁོར་བར་བདག་གཏོང་ངམ། །ལས་ཀྱིས་མནར་བའི་སྐྱེ་བོ་བདག་འདྲ་བ། །ཐོག་མ་མེད་པའི་དུས་ནས་ལོག་རྟོག་པས། །ཁམས་གསུམ་འཁོར་བའི་གནས་ལས་མ་ཐར་ཏེ། །བསྐལ་བ་དཔག་མེད་སྐྱེ་བ་ཇི་སྙེད་དུ། །སྔོན་ཆད་ལུས་བླངས་གྲངས་མེད་ཞིག་གྱུར་ཏེ། །ཤ་ཁྲག་བསགས་ན་འཇིག་རྟེན་གཏོས་དང་མཉམ། །རྣག་ཁྲག་བསགས་ན་རྒྱ་མཚོ་ཆེན་པོ་ཙམ། །ལས་འཕྲོ་བསགས་ན་བསམ་འདས་བརྗོད་མི་ལང་། །ཁམས་གསུམ་བགྲངས་ཞིང་སྐྱེ་འཆི་ཁ་བརྒྱུད་ཀྱང་། །བྱས་པའི་ལས་རྣམས་དོན་མེད་ཆུད་ཟོས་ཏེ། །སྐྱེ་བ་གྲངས་མེད་ཇི་སྙེད་དེ་ཙམ་ལས། །སྐྱེ་བ་གཅིག་གཅིག་ཁོ་ན་ཙམ་གྱི་ལས། །བླ་མེད་དོན་དུ་རབ་སྤྱད་ཇི་ཙམ་ན། །དེ་ཙམ་བྱས་པའི་ལས་ལ་དོན་རེ་ཡོད། །ལས་ནིདབང་བཙན་ཉོན་མོངས་སྟོབས་ཆེ་བས། །ཤ་ཁྲག་འདྲ་བའི་ལུས་བླངས་འཁོར་བར་འཁྱམས། །སྡུག་བསྔལ་དྲག་པོས་སྲིད་པའི་བཙོན་རར་ཚུད། །མི་ཟད་སྡུག་བསྔལ་དྲག་པོ་འདི་འདྲ་ན། །ཉེས་བྱས་ཐམས་ཅད་རང་གི་ལས་ལས་བྱུང་། །ཐུགས་རྗེ་ཆེན་པོས་ལས་རྣམས་རྒྱུན་བཅད་དེ། །ཉོན་མོངས་ལས་ཀྱི་རླུང་འདི་བཟློག་ཏུ་གསོལ། །ཉོན་མོངས་ལས་ཀྱི་རླུང་འདི་དབང་བཙན་པས། །མ་རིག་མུན་པའི་ནང་དུ་གཏན་འཁྱམས་ན། །ཡེ་ཤེས་སྒྲོན་མེའི་ཟེར་གྱིས་མི་གཟིགས་སམ། །ཉེས་བྱས་ལས་ཀྱི་འབྲས་བུ་མི་བཟོད་ན། །ཐུགས་རྗེ་ཆེན་པོས་འཕྲིན་ལས་མི་མཛད་དམ། །དུག་གསུམ་བཟོད་དཀའི་ནད་ཀྱིས་གདུངས་ལགས་ན། །ཐུགས་རྗེ་ཐབས་མཁས་སྨན་གྱིས་མི་འཛིན་ནམ། །སྡུག་བསྔལ་དྲག་པོས་ལས་དབང་མེ་འབར་ན། །ཐུགས་རྗེའི་བསིལ་བའི་ཆར་རྒྱུན་མི་འབེབས་སམ། །ཁམས་གསུམ་འཁོར་བའི་གནས་སུ་སྦྱངས་སྦྱངས་ནས། །ནམ་ཞིག་རང་གི་འབྲས་བུ་ཐོབ་པའི་ཚེ། །འཕགས་པའི་ཐུགས་རྗེས་ཅི་འཚལ་དོན་མ་མཆིས། །སེམས་ཅན་ལས་འཕྲོ་བཙན་སར་བཞག་ན་དག། །འཕགས་པའི་ཐུགས་རྗེས་སུ་ལ་ཅི་ཞིག་བགྱི། །འཕགས་མཆོག་ཁྱོད་ལ་ཐུགས་རྗེའི་སྟོབས་མངའ་ན། །ཡ་ཡོ་བཏང་སྙོམས་ལེ་ལོ་མ་མཛད་པར། །སྙིང་ནས་གཟིགས་ཤིག་ཐུགས་རྗེ་རྒྱལ་བའི་ལྷ། །

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn        

བརྒྱུད་འགོད།