རླུང་རྟ་བསང་། །

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-03-19 07:57:38         ཀློག་ཐེངས།  

 

 

         ༄༅། །ཨོཾ་རྨད་བྱུང་བྱིན་རླབས་དངོས་གྲུབ་ཆར་བཞིན་དུ། །སྩོལ་མཛད་བླ་མ་ཡི་དམ་དཀོན་མཆོག་གསུམ། །དཔའ་པོ་མཁའ་འགྲོ་བསྟན་སྲུང་ཚོགས་རྣམས་ཀྱིས། །རྣལ་འབྱོར་བདག་གི་རླུང་རྟ་ཡར་ལ་བསྐྱེད། །གང་གི་མཐུ་ལས་ནག་པོའི་དཔུང་འཇོམས་ཤིང་། །དཀར་པོ་ཚོགས་བསྐྱེད་བསམ་དོན་ཇི་བཞིན་དུ། །འགྲུབ་པའི་བ་དན་སྲིད་གསུམ་སྒྲེངས་པ་ཡི། །རྣལ་འབྱོར་བདག་གི་རླུང་རྟ་ཡར་ལ་བསྐྱེད། །སྟག་ལྟར་འཕྱོ་བའི་རླུང་རྟ་ཡར་ལ་བསྐྱེད། །སེང་ལྟར་ངར་པའི་རླུང་རྟ་ཡར་ལ་བསྐྱེད། །འབྲུག་ལྟར་ལྡིར་པའི་རླུང་རྟ་ཡར་ལ་བསྐྱེད། །ཁྱུང་ལྟར་ལྡིང་བའི་རླུང་རྟ་ཡར་ལ་བསྐྱེད། །སྣ་ཚོགས་བསང་རྫས་བསྲེག་པའི་དུད་སྤྲིན་འཁྲིགས། །རླུང་རྟའི་དར་ལྕོག་སྲིད་རྩེར་བསྒྲེངས་བ་ཡིས། །གནས་སྐབས་རླུང་རྟ་རྒུད་པའི་རྐྱེན་སེལ་ཏེ། །ལྷུན་པོ་སྤོ་བཞིན་རླུང་རྟ་ཡར་ལ་བསྐྱེད། །རླུང་རྟ་ཡར་ལ་བསྐྱེད་པའི་རྣམ་དཀར་ལ། །བརྟེན་ནས་འགྲོ་འདུག་སྤྱོད་ལམ་སྨྲ་བརྗོད་སོགས། །ཅི་བྱེད་ལམ་དུ་འགྲོ་བའི་འོད་སྣང་གིས། །ཡིད་འོང་པདྨའི་ཟེའུ་འབྲུ་བཞད་པར་ཤོག །སྟག་སེང་ཁྱུང་འབྲུག་བཞི་དང་འགྲོགས་པ་ཡིས། །རླུང་རྟའི་དགེ་མཚན་ཕུལ་ཏུ་བྱུང་བ་ཡིས། །བདག་ཅག་ཉིན་མཚན་ཀུན་ཏུ་སྐྱབས་མཛད་ཅིང་། །མི་མཐུན་དགྲ་སྡེ་བརླག་པའི་འཕྲིན་ལས་མཛོད། །དེ་ལྟར་རླུང་རྟ་བསྐྱེད་པའི་དགེ་མཚན་ལ། །བརྟེན་ནས་བདག་གི་སྲོག་ལུས་དབང་ཐང་དང་། །ཁ་རྗེ་རླུང་རྟ་ཡར་ཟླ་བཞིན་འཕེལ་ནས། །ཕན་བདེ་དཔལ་ལ་རོལ་པའི་བཀྲ་ཤིས་ཤོག །ཁྱད་པར་བདག་གི་ཚེ་དང་བསོད་ནམས་དང་། །དཔལ་འབྱོར་རླུང་རྟ་ཕྱོགས་བཅུར་དར་བ་དང་། །ཆོས་དང་སྲིད་ཀྱི་འདོད་པའི་བསམ་དོན་ཀུན། །གེགས་མེད་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག །ཀུན་འདུས་སརྦ་འདུ་འདུ་ཧོཿ། །

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn            

 

བརྒྱུད་འགོད།