དཔལ་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོའི་སྨོན་ལམ་ཤིས་བརྗོད་དང་བཅས་པ་བདུད་ལས་རྒྱལ་བའི་བཞད་སྒྲ་གསང་བའི་གནད་ཀུན་གསལ་བ་ཞེས་བྱ་བ་བཞུགས་སོ། །

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-11-30 21:15:27     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

900932782721890016.jpg

           ན་མོ་གུ་རུ་མཉྫུ་གྷོ་ཥཱཤྩ་མཱ་ཏཱ་སྭ་ར་སྭ་སྟྱཻ། རྒྱལ་བ་ཀུན་གྱི་གསང་བའི་མཛོད་འཛིན་ཅིང༌། །བདུད་སྡེ་མ་ལུས་འཇོམས་མཛད་གསང་པའི་བདག །འཁོར་ལོ་ཆེན་པོར་མཆོད་བསྟོད་བསྒོམ་བཟླས་མཐུས། །ཕྱི་ནང་དྲག་པོའི་བདུད་ལས་རྒྱལ་བར་ཤོག །ལེགས་ཚོགས་རྩ་བ་དམ་པའི་མགོན་བསྟེན་ནས། །སྐྱེས་བུ་གསུམ་གྱི་ལམ་གྱིས་བརྒྱུད་སྦྱངས་ཏེ། །དབང་བཞིས་སྒོ་གསུམ་དྲི་བཀྲུས་སྐུ་གསུམ་གྱི། །ས་བོན་ལེགས་ཐེབས་ཐེག་མཆོག་སྣོད་གྱུར་ཅིག །དངོས་གྲུབ་རྩ་བ་དམ་ཚིག་ལེགས་བསྲུངས་ཏེ། །ཐུན་པའི་ཡུལ་གནས་བླ་མ་འཁོར་ཆེན་བཅས། །ཕྱོགས་བཅུ་གངྒཱའི་ཀླུང་གི་ཚོགས་ཞིང་ལ། །ཕྱག་མཆོད་སོགས་ཀྱིས་བསོད་ནམས་ཚོགས་སྤྱོད་ཤོག །ཡུལ་དང་ཡུལ་ཅན་དབྱེར་མེད་སྟོང་ཉིད་ལ། །དམིགས་པའི་སྣང་བྲལ་ཆོས་སྐུའི་ང་རྒྱལ་གྱིས། །ཡེ་ཤེས་ཚོགས་རྫོགས་ཐ་མལ་འཆི་བ་སྦྱངས། །ལམ་དུས་འབྲས་བུ་ཆོས་སྐུ་མྱུར་ཐོབ་ཤོག །དེ་ལས་ལོངས་སྐུའི་ངོ་བོ་ཧཱུཾ་ཡིག་ལ། །ང་རྒྱལ་གསལ་སྣང་མན་ངག་བཞིན་བྱས་པས། །མ་དག་བར་དོ་སྦྱངས་ཏེ་ཕྲ་བའི་སྐུ། །ལམ་འབྲས་ལོངས་སྐུ་མྱུར་དུ་འགྲུབ་གྱུར་ཅིག །བསྲུང་བའི་འཁོར་ལོས་བགེགས་བཟློག་འབྱུང་བཞི་དང། །རི་རབ་གཞལ་ཡས་ཁང་རྣམས་ལེགས་བསྒོམ་པས། །ཐ་མལ་འབྱུང་བཞི་སོགས་སྦྱངས་ལམ་འབྲས་ཀྱི། །དག་པའི་གཞལ་ཡས་རབ་འབྱམས་ལ་སྤྱོད་ཤོག །དེ་དབུས་ཚངས་དབང་ཉི་མའི་གདན་སྟེང་དུ། །ཧཱུཾ་རྡོར་ལས་བསྐྱེད་སངས་རྒྱས་གོས་སྔོན་པོ། །ཞལ་གསུམ་ཕྱག་དྲུག་ང་རྒྱལ་གསལ་སྣང་གིས། །སྐྱེ་བའི་སྲིད་སྦྱངས་སྤྲུལ་སྐུ་གཉིས་འགྲུབ་ཤོག །མཁའ་དང་མཁའ་སྦྱོར་ཇི་བཞིན་ཡབ་ཡུམ་བྱུ༷ང༌། །སྙོམས་འཇུག་ཐིག་ལེ་ཁ་སྦྱོར་སྤྲོ་བསྡུ་ཡིས། །མ་དག་ཞིང་སྦྱངས་དག་པ་འབྱམས་ཀླས་ཀྱིས། །རྟེན་དང་བརྟེན་པའི་དཀྱིལ་འཁོར་མྱུར་འགྲུབ་ཤོག །མཆོད་བསྟོད་བསྒོམ་བཟླས་གནད་དུ་ལེགས་བསྣུན་ནས། །གཏོར་མ་འཁྲུལ་འཁོར་སྦྱིན་སྲེག་ལ་སོགས་ཀྱིས། །ཞི་རྒྱས་དབང་དྲག་གྲུབ་པ་བརྒྱད་ལ་སོགས། །རྒྱུད་རྒྱལ་དགོངས་པ་ཇི་བཞིན་འགྲུབ་པར་ཤོག །རིམ་པ་དང་པོའི་སྐུ་གསུམ་མངོན་གྱུར་ནས། །གནད་བཞི་ལེགས་ལྡན་གཏུམ་མོའི་རྣལ་འབྱོར་གྱིས། །ལས་རླུང་ཞུགས་གནས་ཐིམ་པའི་འོད་གསལ་གྱིས། །ལྷན་སྐྱེས་བདེ་སྟོང་ཆོས་སྐུ་མཁའ་འདྲ་ལ། །རྩེ་གཅིག་མཉམ་པར་འཇོག་པ་ཉིད་གྱུར་ཅིག །དེ་ལས་ལོངས་སྐུར་ལངས་པའི་རྣལ་འབྱོར་དང༌། །རྗེས་ཐོབ་གང་སྣང་སངས་རྒྱས་གོས་སྔོན་ཅན། །བཅོ་བརྒྱད་སྐུར་འཆར་ལུས་ལ་བྱིན་བརླབས་པས། །གཏུམ་མོའི་རྣལ་འབྱོར་མཐར་ཐུག་འགྲུབ་གྱུར་ཅིག །ཆོས་འཁོར་དྷཱུ་ཏིའི་ལམ་ནས་རླུང་སྔགས་གཉིས། །དབྱེར་མེད་རྡོར་བཟླས་བུམ་ཅན་རྣལ་འབྱོར་གཉིས། །སྙིང་ཀའི་རྩ་མདུད་ལེགས་གྲོལ་སྟོང་པ་གསུམ། །སྐྱེད་བྱེད་དག་ལ་སྟོང་པ་མཐར་ཕྱིན་ཤོག །ཞིང་སྐྱེས་ལྷན་སྐྱེས་སྔགས་སྐྱེས་ཕོ་ཉ་དང༌། །འགྲོགས་པས་སེམས་དབེན་ཐུགས་ཀྱི་རྡོ་རྗེ་ཡིད། །བྱིན་རླབས་སྟོང་རྟོགས་རྣལ་འབྱོར་མཐར་ཕྱིན་ནས། །རྡོ་རྗེའི་སྐུ་ཡི་དངོས་རྒྱུ་འགྲུབ་པར་ཤོག །ལུས་ངག་ཡིད་དང་དེ་ཁོ་ན་ཉིད་ཀྱིས། །བྱིན་རླབས་རྣལ་འབྱོར་རྣམ་བཞི་ཅི་རིགས་ཙམ། །ཚེ་འདིར་གྲུབ་པ་དེས་ཀྱང་སྐུ་གསུམ་གྱིས། །བསྲེ་བའི་འཆི་ཚེ་ཡིད་ལ་དགའ་བསྐྱེད་ཤོག །འོད་གསལ་དེ་ནས་དྭངས་པའི་ཤེལ་ལྟ་བུའི། །དཔལ་ལྡན་འཁོར་ལོ་ཆེན་པོའི་རྡོ་རྗེའི་སྐུ། །མཚན་དཔེས་རབ་སྤྲས་བཅུ་གཉིས་དཔེས་མཚོན་པའི། །སྣ་ཚོགས་རྫོགས་པའི་རིམ་པ་སྐྱེད་གྱུར་ཅིག །ཕྱག་རྒྱ་རྗེས་གཞིག་ཕྱི་ནང་རྣལ་འབྱོར་གྱིས། །མ་དག་སྐུ་སྦྱངས་འོད་གསལ་ཕྱག་རྒྱ་ཆེར། །མཉམ་བཞག་དེ་ལས་ཆུ་ལས་ཉ་བཞིན་དུ། །སྐུ་ཐུགས་དངོས་གཅིག་ཟུང་འཇུག་ཐོབ་པར་ཤོག །ཟུང་འཇུག་སློབ་པའི་ས་བཅུ་ཉི་འོད་ཀྱིས། །ཤེས་བྱར་སྒྲིབ་པའི་མུན་པ་ཀུན་བཅོམ་སྟེ། །ཆོས་ཀུན་མཁྱེན་པའི་སྣང་བ་ཆེས་འབར་པའི། །སྐུ་གསུམ་གཞལ་ཡས་མཐོང་ཐོས་ལ་སྤྱོད་ཤོག །དེ་ལྟར་ཁ་སྦྱོར་བདུན་ལྡན་རྒྱལ་བའི་སྐུ། །མངོན་དུ་གྱུར་ཏེ་མ་ལུས་འགྲོ་བ་རྣམས། །གང་འདུལ་སྤྲུལ་པའི་གར་གྱིས་ཉེར་ཁྲིད་ནས། །སྐུ་གསུམ་རིན་ཆེན་གླིང་དུ་མྱུར་ཕྱིན་ཤོག །

    ཤིས་བརྗོད་ནི། མ་ལུས་ཕྱོགས་ཀུན་ཏིལ་གྱི་གང་བུ་བཞིན། །བར་མཚམས་མེད་པར་འཁྲིགས་པའི་འཁོར་ཆེན་གྱིས། །དཀྱིལ་འཁོར་ལྷ་ཚོགས་ཁྱེད་ལ་མངོན་ཕྱོགས་ཏེ། །བགེགས་འཇོམས་མེ་དཔུང་ཀློང་ན་ཧཱུཾ་ཕཊ་དང༌། །ཨ་ལ་ལ་ཡི་གད་རྒྱངས་ཆེར་སྒྲོགས་ཤིང༌། །གངྒཱའི་ཀླུང་སྙེད་ཕྱོགས་བཅུའི་སངས་རྒྱས་ཀྱི། །འཁོར་གྱིས་རབ་བསྐོར་བཀྲ་ཤིས་ཆར་འབབས་པས། །དེང་འདིར་སྐྱེ་དགུ་ཉིན་མཚན་བདེ་ལེགས་མཛོད། །རྡོ་རྗེ་འཆང་དང་རྗེས་བཙུན་གསང་བའི་བདག །སེང་གེའི་གདོང་ཅན་གྲུབ་ཆེན་ས་བ་རི། །ཛ་བ་རི་སོགས་རྩ་བརྒྱུད་བླ་མ་དང༌། །ཁྱད་པར་ཉམས་ཁྲིད་བྱིན་རླབས་ཉེ་བརྒྱུད་ཀྱི། །བླ་མ་ལས་ཀྱི་རྡོ་རྗེ་ཙོང་ཁ་པ། །རྒྱལ་བའི་དབང་བོ་ཡབ་སྲས་ལ་སོགས་ཀྱི། །སྐུ་གསུང་ཐུགས་ཀྱི་འཕྲིན་ལས་དགེ་མཚན་གྱིས། །ཁྱེད་ཅག་མི་མཐུན་བདུད་ལས་ལེགས་རྒྱལ་ནས། །བདེ་ལེགས་ཡར་ངོའི་ཟླ་ལྟར་ལེགས་འཕེལ་ཞིང༌། །ཐུབ་བསྟན་ཕྱོགས་བཅུར་རྒྱས་པའི་བཀྲ་ཤིས་ཤོག །གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད་སངས་རྒྱས་འཁོར་ལོ་ཆེན་པོ་ལ་སོགས་པའི་ཡབ་དགུ་དང་མཛེས་ལྡན་མ་ལ་སོགས་པའི་ཡུམ་དགུ་འཁོར་གངྒཱའི་ཀླུང་གི་རྒྱལ་བ་སྲས་བཅས་ལ་ལེགས་པའི་ཚོགས་༝ །ཕུང་ཉོན་རྣམ་དག་དབུས་ཀྱི་ཁྲོ་བོ་ལྔ། །ཁམས་ལྔ་རྣམ་དག་མ་ལྡན་མ་སོགས་ལྔ། །ཚད་མེད་འཕྲིན་ལས་བཞི་བཞི་རྣམ་དག་པའི། །སྒོ་སྐྱོད་ཁྲོ་བོ་ཁྲོ་མོ་ཡབ་ཡུམ་སྟེ། །བཅོ་བརྒྱད་འཁོར་ལོ་ཆེན་པོའི་ལྷ་ཚོགས་ལ།༝།དཔལ་འཁོར་ལོ་ཆེན་པོའི་རྩ་རྒྱུད་དྲག་པོ་གསུམ་འཛོམ་དང༌། བཤད་པའི་རྒྱུད་དྲག་པོ་གསུམ་འབྱེད་དང༌། དེ་དག་གི་དོན་དབང་བསྐུར་བ་བཞི་དང༌། ལམ་རིམ་གཉིས་ཡན་ལག་དང་བཅས་པའི་ལུང་རྟོགས་ཀྱི་ཆོས་ལ་༝ །རྒྱལ་བ་ཀུན་གྱི་གསང་བའི་མཛོད་འཛིན་པ། །འཁོར་ལོ་ཆེན་པོའི་རྩ་རྒྱུད་བཤད་རྒྱུད་དང༌། །དབང་དང་བསྐྱེད་རིམ་རྫོགས་རིམ་ཡན་ལག་བཅས། །ལུང་དང་རྟོགས་པའི་འཁོར་ལོ་རྣམ་གཉིས་ལ།༝།དཔལ་གསང་བའི་བདག་པོ་འཁོར་ལོ་ཆེན་པོའི་དགེ་འདུན་དཀོན་མཆོག་གསང་བའི་བདག་པོ་ལ་སོགས་པའི་དབང་ཕྱུག་དང༌། སེང་གེའི་གདོང་ཅན་སོགས་མཁའ་འགྲོའི་ཚོགས་དང་དྲག་པོ་གསུམ་ལ་སོགས་པའི་འཇིག་རྟེན་པའི་ཚོགས་ཏེ། དཔལ་འཁོར་ལོ་ཆེན་པོའི་རྒྱུད་ཀྱི་ཕྱོགས་གཅིག་ཡན་ཆད་འཛིན་པ༝ །ཕྱོགས་བཅུའི་གངྒཱའི་ཀླུང་གི་བྱེ་སྙེད་ཀྱི། །སྟེང་འོག་བར་ན་གནས་པའི་རྒྱལ་སྲས་དང༌། །ཡེ་ཤེས་མཁའ་འགྲོའི་ཚོགས་དང་དྲག་པོ་གསུམ། །ལ་སོགས་རྒྱུད་འདིའི་ཕྱོགས་གཅིག་ཡན་ཆད་ཙམ། །འཛིན་པ་རྣམས་ལ་ལེགས་ཚོགས་ཇི་མཆིས་པ། །༝ཕུན་ཚོགས་དཔལ་ལ་རོལ་པའི་བཀྲ་ཤིས་ཤོག །དུར་ཁྲོད་བརྒྱད་ལྡན་སྣ་ཚོགས་རྡོ་རྗེར་གནས། །མཁའ་ལྟར་ཁྱོན་ཡངས་རིན་ཆེན་བ་གམ་ཅན། །ཚོན་བརྒྱས་རབ་སྤྲས་ཉི་ཟླའི་འོད་སྟོང་འཕྲོ། །གྲངས་མེད་རྒྱན་ལྡན་ཡེ་ཤེས་གཞལ་ཡང་ཁང༌། །རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་ལ། །ལེགས་ཚོགས་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །ཁྱེད་ཅག་གང་དང་གང་དུ་གནས་པ་དེར །མི་ཤིས་མཚན་མ་འགའ་ཡང་མི་འབྱུང་ཞིང༌། །ཞིང་གི་འབྱོར་པ་ཕུལ་དུ་ཕྱིན་པ་ཡིས། །བདེ་ལེགས་རྒྱུན་མི་འཆད་པའི་བཀྲ་ཤིས་ཤོག།།ཅེས་དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོའི་སྨོན་ལམ་ཤིས་བརྗོད་དང་བཅས་པ་བདུད་ལས་རྒྱལ་བའི་གཞད་སྒྲ་གསང་བའི་གནད་ཀུན་གསལ་བ་ཞེས་བྱ་བ་འདི་ཡང༌། རང་གི་ལྷ་འདིའི་དཀྱིལ་འཁོར་སྒྲུབ་འཇུག་སོགས་དང་མངོན་རྟོགས་ཀྱི་མཇུག་ཏུ་ཁ་འདོན་ཆེད་དུ། ལྷ་འདི་ལ་དགའ་བའི་རྣལ་འབྱོར་བ་འཇམ་དབྱངས་བཞད་པའི་རྡོ་རྗེས་དཔལ་རི་བོ་དགེ་འཕེལ་གྱི་རི་རྩེ་མཁའ་སྤྱོད་གུར་ཁང་དུ་བྲིས་པ་འདིས་ཀྱང་ལུས་ཅན་ཐམས་ཅད་ཕྱི་ནང་གི་དྲག་པོ་གསུམ་ལས་རྒྱལ་ཏེ་སངས་རྒྱས་འཁོར་ལོ་ཆེན་པོའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག ། མངྒ་ལཾ།

                                                                                                                              རྩོམ་སྒྲིག་པ། མང་ར་བ།

    གསལ་འདེབས། 
       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn 

 

 

བརྒྱུད་འགོད།