གཏེར་བདག་རྣམས་ཀྱི་གསོལ་མཆོད་མཆོད་སྤྲིན་རྒྱ་མཚོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-11-26 21:37:09     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

108081867390480039.jpg 

    ན་མཿཤྲི་བཛྲ་བྷཻ་ར་ཝཱ་ཡ། །རྡོ་རྗེ་འཆང་སོགས་རྩ་བརྒྱུད་བླ་མ་དང༌། །བདེ་གསང་འཇིགས་སོགས་རྒྱུད་སྡེ་བཞི་ཡི་ལྷ། །ཡེ་ཤེས་མགོན་པོ་ཕྱག་དྲུག་ནུས་མཐུ་ཡིས། །མཐུན་པའི་མཆོད་སྤྲིན་རྒྱ་མཚོ་འབྱུང་གྱུར་ཅིང༌། །ཀྵེ་ཏྲ་པཱ་ལ་ས་བ་རི་ཝཱ་ར་ཨརྒྷཾ་སོགས་གྱིས་མཆོད། མ་ཅིག་ཡེ་ཤེས་མཁའ་འགྲོས་གཉེར་གཏད་པའི། །མཐུ་སྟོབས་དབང་ཕྱུག་དམ་ཅན་ཆོས་རྒྱལ་དང༌། །མྱུར་མཛད་རྩལ་ལྡན་དཔལ་མགོན་གདོང་བཞི་བ། །གང་ལ་གཏད་པའི་ཀླུ་རྒྱལ་ཆོས་བདག་མཆོད། །མཐུ་སྟོབས་ཡེ་ཤེས་མངའ་བརྙེས་ཐུབ་པའི་བསྟན། །བཀའ་བསྒོས་ཇི་བཞིན་བསྲུང་པའི་དགྲ་ལྷ་ཆེ། །ས་གསུམ་འཇིག་རྟེན་མ་ལུས་སྐྱོང་ནུས་པའི། །དམ་ཅན་བསྲུང་མའི་དབང་པོ་མཆེད་གསུམ་བསྟོད། །ཁྱེད་རྣམས་མཉེས་སླད་ཡིད་སྤྲུལ་མཆོད་པའི་སྤྲིན། །མཁའ་ཁྱབ་ཡིད་འོང་འདོད་ཡོན་ལྔ་ལྡན་ཚོགས། །སངས་རྒྱས་སྨོན་ལམ་དབང་གིས་བྱུང་རྣམས་དང༌། །འགྲོ་བའི་ལེགས་བྱས་ལས་འཁྲུངས་དཔག་བསམ་ལྗོན། །རིན་ཆེན་རྒྱན་ཕྲེང་མེ་ཏོག་ཚུལ་ཀུན་འབུལ། །རབ་འབྱམས་རྒྱ་མཚོ་གསལ་པའི་ཉི་ཟླའི་འོད། །བསམས་བཞིན་འདོད་པ་འཇོ་བའི་འདོད་འཇོའི་བ། །བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་རིན་ཆེན་བདུན། །འདི་དག་ལེགས་འབུལ་བཀའ་བསྲུང་རྣམ་གསུམ་གྱིས། །བཞེས་ནས་རྣལ་འབྱོར་གང་བཅོལ་ལས་རྣམས་བསྒྲུབས། །གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོ་གཞན་དག་དང༌། །ཁྱད་པར་དམ་ཅན་ཆོས་རྒྱལ་དང༌། །ཞིང་སྐྱོང་དཔལ་མགོན་གདོང་བཞི་དང༌། །རྣམ་གཉིས་འཁོར་བཅས་ཐམས་ཅད་དང༌། །གང་གི་ཕྱག་གཏད་ཀླུ་དབང་མཆོག །གཏེར་བདག་རྣམ་གསུམ་འཁོར་བཅས་ལ །མྱུར་མགྱོགས་ཤུགས་ལྡན་རྟ་མཆོག་དང༌། །རྔམས་པའི་ངར་ལྡན་ཞོལ་གཡག་ཆེ། །འཇམ་ལྡན་སྦུས་ཕྱུག་ལྷ་ལུག་གསུམ། །གཏེར་བདག་ཆེན་པོ་རྣམས་ལ་ལེགས་འབུལ་གྱིས། །འདི་བཞེས་ལབ་ཀྱི་སྒྲོན་མའི་བཀའ་སྩལ་བཞིན། །བདག་ལ་གཏེར་འདི་དགྱེས་བཞིན་གནང་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་༝ ཀུན་འགྲུབ་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །༝༝དཀོན་མཆོག་གསུམ་གྱིས་བཀྲ་ཤིས་ཤོག །ཅེས་པ་འདི་ནི་རྗེ་འཇམ་དབྱངས་བཞད་པའི་རྡོ་རྗེས་གཡལ་རི་ནས་གཏེར་འདོན་སྐབས་མཛད་པའོ། 

                                                                                                                             རྩོམ་སྒྲིག་པ། མང་ར་བ།

 

           གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།