་བསང་མཆོད་དགེ་ལེགས་ཆར་འབེབས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-11-26 21:34:46     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

831042834277275361.jpg 

    ན་མཿཤྲཱི་བཛྲ་བྷཻ་ར་ཝཱ་ཡ རྒྱལ་བ་ཀུན་གྱི་ཡབ་གཅིག་འཇམ་དབྱངས་དང༌། །སྲིད་གསུམ་གདུག་པ་ཀུན་འདུལ་བྷཻ་ར་ཝ། །ངུར་སྨྲིག་གར་གྱིས་རོལ་མཛད་ཙོང་ཁ་པའི། །ཞབས་སེན་ནོར་བུ་དབྱེར་མེད་སྙིང་དབུས་བཞུགས། །གངས་ཅན་མགོན་པོ་ཕྱག་ན་པདྨ་དང༌། །མཆེ་བ་བརྒྱད་ལྡན་ཕྱག་ན་རྡོ་རྗེ་དང༌། །པད་འབྱུང་ཇོ་འབྲོམ་བསོད་ནམས་རྒྱ་མཚོ་སོགས། །ཞྭ་སེར་བསྟན་པའི་བདུད་རྩི་སྤེལ་མཛད་པའི། །བླ་མ་ཡབ་སྲས་སྤྲུལ་སྐུའི་ཕྲེང་བར་བསྟོད། །ས་དང་དབང་ཐོབ་རྒྱལ་སྲས་ཆེན་པོ་རྣམས། །མ་དྲོས་ལྷ་གཉན་སོགས་སུ་སྤྲུལ་མཛད་པའི། །ཡུལ་ལྷའི་གསོལ་མཆོད་ཕན་བདེའི་ཆར་ཆེན་སྤྲོ། །དེ་ཡང་རྒྱལ་པོ་ཆེན་པོ་རྣམ་སྲས་ཀྱི་འཁོར་སྡེ་ཆེན་པོ་སོགས་ཡུལ་ལྷའི་ཚུལ་དུ་ཡོད་ཅིང༌། རྒྱུད་སྡེ་བཞི་ནས་ལྷ་ཀླུ་སྡེ་བརྒྱད་ཀྱི་སྒྲུབ་ཚུལ་མང་བར་བཤད་པ་ལྟར་རྒྱ་བོད་དུ་དམ་པ་དུ་མས་མཛད་ཅིང་སྐྱེ་འགྲོ་ལ་ཕན་པར་མཛད་པ་ལྟར། འདིར་ལྷ་ཆེན་པོ་སྦོམ་ར་ནི་རྗེ་བདག་ཉིད་ཆེན་པོ་སོགས་འདིར་སྐྱེས་པ་ཐམས་ཅད་ཀྱི་སྐྱེས་ལྷར་གྲགས་ཤིང་གཞན་རྣམས་དེའི་སྲས་འཁོར་བློན་སོགས་སུ་བཤད་པས་དེ་དང་མཐུན་པར་བྱས་ཤིང་བརྗོད་ན དེ་ཡང་སྤྱན་གཟིགས་རྟེན་མཐུན་རྫས་མཆོད་གཏོར་གསེར་སྐྱེམས་རྣམས་སླ་ཆོས་སུ་མ་སོང་བར་བཤམས། རང་ཉིད་རིགས་གསུམ་མགོན་པོའམ། རྡོ་རྗེ་འཇིགས་བྱེད་ལྟ་བུའི་ཡི་དམ་དང་ལྡན་པས། ཨོཾ་བཛྲ་ཨ་མྲྀ་ཏ་ཀུནྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། གསུམ་གྱིས་བསངས། ཨོཾ་སྭ་བྷཱ་ཝས་སྦྱངས། རྟེན་རྫས་མཆོད་རྫས་རྣམས་རང་བཞིན་མི་དམིགས་པའི་སྟོང་པར་སྦྱངས སྟོང་པའི་ངང་ལས་ཨོཾ་མཾ་བྷྲུཾ་རཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་དམ་རྫས་སྤྱན་གཟིགས་མཆོད་གཏོར་རྣམས་ལྷ་རྫས་ལས་གྲུབ་པའི་མཆོད་སྤྲིན་བདུད་རྩིའི་རྒྱ་མཚོ་ནམ་མཁའ་དང་མཉམ་པ་འབྱུང་བར་བསམ་ལ། ཨོཾ་ཨཱཿཧཱུཾ། གསུམ་དང༌། ཨོཾ་སརྦ་བིད་པཱུ་ར་པཱུ་ར་སཱུ་ར་སུ་ར་ཨ་ཝརྟ་ཡ་ཨ་ཝརྟ་ཡ་ཧོཿ བཛྲ་སྥ་ར་ཎ་ཁཾ། ལན་གསུམ་དང༌། སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབས་ལ། བདག་གིས་བསམ་པའི་ནས། འབྱུང་གྱུར་ཅིག །ཅེས་བརྗོད། དེ་བཞིན་གཤེགས་པ་བཞིའི་མཚན་ཡང་བརྗོད་པར་བྱ། སྔགས་དྲུག་ཕྱག་རྒྱ་དྲུག་གིས་བརླབས་ན་ཡུལ་གྱིས་ཐོབ་པར་སངས་རྒྱས་ཀྱིས་སྒོ་དྲུག་དང་ཁ་འབར་མའི་གཟུངས་སོགས་ནས་བཤད་པས་ཡིད་ཆེས་སུ་བྱའོ། །དེ་ནས་བསང་དུད་བཏང༌། རྔ་དུང་སྦུབ་སིལ་སོགས་དཀྲོལ་ཞིང་དབྱངས་དང་བཅས་པས་སྤྱན་འདྲེན་པ་ནི། མདུན་གྱི་ནམ་མཁར་རིན་ཆེན་སྣ་ཚོགས་ཀྱི། །གཞལ་ཡས་འོད་འབར་ཕོ་བྲང་རིམ་དགུས་མཐོ། །རྒྱ་ཕིབས་ལྕགས་རི་ལྕོག་བཞི་རྨད་བྱུང་བ། །མཛེས་སྡུག་ཡིད་འཕྲོག་དབུས་སུ་གསེར་ཁྲི་ལ། །ཕྱོགས་འདིའི་ལྷ་གཉན་ཆེན་པོ་སྤོམ་ར་དང༌། །མཐུ་སྟོབས་རྫུ་འཕྲུལ་དཔག་པར་ཆེས་དཀའ་བའི། །གཉན་ཆེན་ཨ་མེས་གུར་དཀར་ཐོན་ཆེན་གཉིས། །ཡབ་ཡུམ་འཁོར་བཅས་ལ་སོགས་ཡུལ་ཁམས་འདི། །སྲུང་དང་སྐྱོབས་མཛད་ལྷ་ཀླུ་ས་བདག་གཉན། །འདིར་གཤེགས་མཆོད་སླད་རང་རང་གདན་ལ་བཞུགས། །ཆོད་པ་ནི། ཨོཾ་ལྷུན་གྲུབ་བདེ་སྟོང་དབྱེར་མེད་ཀློང་ཡངས་ནས། །དངོས་བཤམས་ཡིད་སྤྲུལ་མཆོད་སྤྲིན་འབྱམས་ཀླས་འདི། །རྨ་ཆེན་སྤོམ་ར་ཆེན་པོ་འཁོར་བཅས་དང༌། །ཨ་མེས་གུར་དཀར་ཐོན་ཆེན་འཁོར་བཅས་འབུལ། །རོ་བརྒྱའི་གཏོར་མ་ཇ་ཆང་གསེར་སྐྱེམས་དང༌། །རྔ་རོལ་འབྲུག་ལྟར་ལྡིར་བའི་རོལ་མོ་རྣམས། །སྒྱུ་མ་བཞིན་དུ་ཁྱེད་རྣམས་དགྱེས་བཞིན་བཞེས། །བདག་ཅག་རྨོངས་པས་ས་རྡོ་ཤིང་གཉན་སོགས། །རྐོ་རློག་བཅད་དང་ཐབ་གཞོལ་བྱས་པ་ཀུན། །བསམ་པ་དག་པས་ཐལ་སྦྱར་མཐོལ་བཤགས་ན། །ནོངས་པར་དགོངས་ནས་ཐུགས་རྗེས་བཟོད་བཞེས་མཛོད། །བསྟོད་པ་ནི། ལས་ཀྱི་རྫུ་འཕྲུལ་ཐོབ་པའི་སྤྲུལ་པའི་ཚུལ། །སྐུ་མདོག་ཕྱག་མཚན་བཞོན་པ་སྣ་ཚོགས་ལྡན། །མཐུ་སྟོབས་ནུས་བས་ཡུལ་ཁམས་སྐྱོང་མཛད་པའི། །ཨ་མེས་གུར་དཀར་ཐོན་ཆེན་ལ་སོགས་བསྟོད། །གཞན་ཡང་མདོ་སྨད་ཡུལ་འདི་སྐྱོང་མཛད་པའི། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་ས་བདག་སོགས། །མཐུ་སྟོབས་རྫུ་འཕྲུལ་དཔུང་བཅས་སྙེམ་མཛད་ཅིང་། །དཀར་ཕྱོགས་སྐྱོང་བ་མ་ལུས་བསྟོད་པར་བགྱི། །ཡུལ་འདིའི་བདེ་སྐྱིད་འཕེལ་ཞིང་ཁྱད་པར་དུ། །ཞྭ་སེར་བསླབ་གསུམ་ལྡན་པའི་དགེ་འདུན་གྱི། །བཤད་སྒྲུབ་ཕན་བདེའི་འབྱུང་གནས་བླ་མེད་པ། །ཕྱོགས་དུས་ཀུན་ཏུ་རྒྱས་པའི་འཕྲིན་ལས་མཛོད། །སྐྱེ་འགྲོའི་ནད་རིམས་སད་སེེར་ཐན་པ་དང་། །མཐུ་གཏད་སྤྱོད་ངན་མ་ལུས་ཞི་བ་དར། །ཐམས་ཅད་བློ་ཁ་ཆོས་ལ་རབ་དཀར་བ། །བོད་རྒྱལ་གོང་མའི་དུས་བཞིན་མཛད་དུ་གསོལ། །འཇིག་རྟེན་བདེ་ཞིང་སོགས། གཞན་ཡང་བྱའོ། །མ་རྙེད་སོགས་ཀྱིས་གཤེགས་གསོལ་བྱས་ཏེ། བཀྲ་ཤིས་ཀྱི་ཆར་དབབ་པོ། །ཞེས་པའི་བསང་མཆོད་དགེ་ལེགས་ཆར་འབེབས་ཡང༌། །འཇམ་དབྱངས་བཞད་བས་ཉུང་འདུས་གསལ་བར་བྱས། །

                                                                                                                            རྩོམ་སྒྲིག་པ། མང་ར་བ།

 

           གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།