རབ་རྒོད་དགེ་བསྙེན་མཉེས་པའི་མཆོད་སྤྲིན།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-11-26 21:31:22     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

540508260760432410.jpg

    ན་མཿཤྲཱི་བཛྲ་བྷཻ་ར་ཝཱ་ཡ། རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང༌། །སངས་རྒྱས་བྱང་སེམས་མཆོག་གསུམ་སྲུང་མའི་མཐུས། །གནས་འདིར་ལྷ་མིའི་དཔལ་འབྱོར་ཀུན་ཚང་བ། །ལྷ་ཡི་ཕོ་བྲང་གདན་ཁྲི་སྣ་ཚོགས་ལ། །རང་རང་དགྱེས་པ་སྐྱེད་པའི་རྒྱན་འཆང་བར། །ལྷ་ཆེན་རབ་རྒོད་འཁོར་བཅས་ཁྱེད་རྣམས་ཀྱིས། །ཡུལ་འདིའི་སྦྱིན་བདག་རྒྱལ་པོ་འཁོར་འབངས་ཀྱི། །ལུས་སྲོག་ལོངས་སྤྱོད་བར་ཆད་ཞི་བ་དང༌། །དཔལ་དང་རིགས་བརྒྱུད་འཁོར་འབངས་ཕུན་ཚོགས་དང༌། །ཚོང་ཁེ་རྐང་བཞི་སྤེལ་ཕྱིར་གཤེགས་སུ་གསོལ ཆོད་རྫས་བསང་དང་བཅས་པ། ཨོཾ་བཛྲ་ཨ་མྲྀ་ཏེ་ཧཱུཾ་ཕཊ་ཀྱིས་བསངས སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་མཆོད་པའི་སྤྲིན་སྣ་ཚོགས་འདོད་པའི་ཡོན་ཏན་ལྔ་དང་ལྡན་པས་ས་དང་བར་སྣང་ཐམས་ཅད་ཁྱབ་པ་འབྱུང་བར་གྱུར་ཅིག །སྤྲོ་ན་སྔགས་དྲུག་ཕྱག་རྒྱ་དྲུག་གམ། བསྡུ་ན། ཨོཾ་ཨཱཿཧཱུཾ་ལན་གསུམ་བརྗོད། མདུན་གྱི་ནམ་མཁར་རིན་ཆེན་ཁྲི་སྟེང་དུ། །དགེ་བསྙེན་ཆེན་པོ་རབ་རྒོད་མཐུ་རྩལ་ཅན། །ཡབ་ཡུམ་སྲས་དང་འཁོར་བཅས་ཐམས་ཅད་བཞུགས། །ལྷ་ཡི་དགེ་བསྙེན་རྨ་ཆེན་སྤོམ་རའི་འཁོར། །བསྟན་པ་བསྲུང་ཞིང་ཡུལ་ཁམས་སྐྱོང་མཛད་པའི། །མཐུ་སྟོབས་དབང་ཕྱུག་འཁོར་དང་བཅས་ལ་བསྟོད། །གནམ་སྔོན་འཁྱིལ་བ་ལ་འགྲན་མཆོད་ཡོན་དང༌། །ལྷ་དང་མི་ཡི་མེ་ཏོག་སྣ་ཚོགས་དཀྲིགས། །ཙན་དན་ཨ་ཀ་རུ་སོགས་སྤོས་ཀྱི་སྤྲིན། །ཉི་ཟླ་ནོར་བུའི་སྒྲོན་མེ་འོད་གསལ་བ། །སྟོང་གསུམ་བཟང་པོའི་དྲིས་འགེངས་དྲི་ཆབ་དང༌། །མངར་སྐྱུར་རོ་བརྒྱའི་ཞལ་ཟས་སྣ་ཚོགས་པ། །རྔ་གཤང་དུང་གླིང་རོལ་མོའི་ཚོགས་བཅས་འབུལ། །གླིང་བཞི་ཡུད་ཀྱིས་བསྐོར་བའི་རྟ་མཆོག་དང༌། །འབྲུག་གི་ངར་སྒྲ་སྒྲོགས་པའི་ཞོལ་གཡག་དང༌། །འཇམ་པའི་སྤུ་ལྡན་བྱིན་ཆགས་ལྷ་ལུག་སོགས། །མཐུན་པའི་མཆོད་རྫས་འདི་དག་ལེགས་བཞེས་ནས། །སྦྱིན་བདག་སྟོབས་འབྱོར་མངའ་འབངས་རིགས་བརྒྱུད་རྣམས། །རྣམ་མང་ཐོས་པའི་སྲས་ལ་འགྲན་པར་མཛོད། །བསླུ་མེད་དཀོན་མཆོག་གསུམ་གྱི་བདེན་པ་དང༌། །བདག་གི་ལྷག་བསམ་དག་པའི་མཐུ་སྟོབས་དང༌། །ཆོས་དབྱིངས་རྣམ་པར་དག་པའི་ནུས་པ་ཡིས། །ཇི་ལྟར་སྨོན་པ་བཞིན་དུ་འགྲུབ་གྱུར་ཅིག །རབ་རྒོད་དགེ་བསྙེན་མཉེས་པའི་མཆོད་སྤྲིན་འདི །མིང་དོན་མཐུན་པའི་མཛོ་དགེའི་བླ་མ་དང༌། །དཔོན་པོ་རྣམས་ཀྱིས་འདི་ལྟར་བསྐུལ་བ་ལྟར། །མང་ཐོས་འཇམ་དབྱངས་བཞད་པའི་རྡོ་རྗེ་ཡིས། །ལྷ་མོའི་སྨན་ཆུའི་ལམ་ཁར་བྲིས་པའི་དགེ ། 

                                                                                                                              རྩོམ་སྒྲིག་པ། མང་ར་བ།

 

           གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།