མགོན་པོ་ཕྱག་བཞི་བའི་བཤགས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-11-26 21:27:05     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

367323840348424215.jpg 

    ན་མོ་མཧཱ་ཀཱ་ལ་གུ་རུ་བྷྱཿ རྡོ་རྗེ་འཆང་དབང་རྡོ་རྗེ་རྣལ་འབྱོར་མ། །ཨ་བྷྱ་ཀ་ར་ལོ་ཆེན་གྲགས་རྒྱལ་བཅས། །སྤྱན་རས་གཟིགས་དང་མི་ཏྲ་ཛོ་ཀི་སོགས། །རྩ་བརྒྱུད་བླ་མའི་ཚོགས་རྣམས་དགོངས་སུ་གསོལ། །ཡིད་བཞིན་ནོར་བུ་བླ་མ་མཆོག་རྣམས་ཀུན། །སངས་རྒྱས་དངོས་སུ་བྱོན་ཡང་དེ་ལྟར་དུ། །མ་བལྟས་སྐུ་གསུང་ཐུགས་དང་འགལ་བ་ཀུན། །སྣང་སྟོང་སྒྱུ་མ་རྨི་ལམ་ལྟ་བུར་བཤགས། །ཡི་དམ་ཆོས་སྐྱོང་ཟུང་འབྲེལ་ཕྱག་བཞི་བ། །བཀའ་སྡོད་རྒྱ་མཚོར་བཅས་པ་དགོངས་སུ་གསོལ། །དངོས་གྲུབ་མྱུར་སྟེར་ཁྱོད་ཀྱི་བསྐྱེད་རྫོགས་དང༌། །བསྙེན་བསྒྲུབ་ཚུལ་བཞིན་མ་བསྒྲུབས་མཐོལ་ལོ་བཤགས། །ངེས་པའི་དོན་དུ་འཁོར་ལོ་སྡོམ་པ་དང༌། །བསྟན་པ་སྲུང་མཛད་དཔའ་པོའི་སྐུར་བསྟན་པ། །ཕྱི་ནང་གསང་བའི་དམ་རྫས་མ་ཚང་བར། །བག་མེད་ཉེས་པའི་ཚོགས་རྣམས་ཁྱོད་ལ་བཤགས། །བཤགས་དང་བཤགས་བྱའི་ཉེས་ལྟུང་སྤྲོས་བྲལ་ཡང༌། །སྣང་སྟོང་སྒྱུ་མའི་རོལ་བ་ཇི་བཞིན་དུ། །སྒྲུབ་གཉིས་བག་ཆགས་བཅས་པ་དག་ཕྱིར་དུ། །འཛིན་བྲལ་ཆོས་ཀྱི་དབྱིངས་སུ་བཤགས་པར་བགྱི། །དེ་ལྟར་མགོན་པོ་ཁྱེད་ལ་མཆོད་བྱེད་རྣམས། །བགེགས་དང་བར་ཆད་མ་ལུས་ཞི་བ་དང༌། །ཚེ་དཔལ་སྟོབས་འབྱོར་ལ་སོགས་རྒྱས་པར་མཛོད། །ཅེས་པ་འདི་ཡང་རྗེ་ཉིད་ཀྱིས་གསུངས་སོ། །

                                                                                                                              རྩོམ་སྒྲིག་པ། མང་ར་བ།

 

           གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།