མཐེ་པོའི་སྨན་ཆུའི་ལྷ་མོའི་གསོལ་མཆོད་བཞུགས་སོ། །

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-11-26 21:21:53     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

865315979266556060.jpg

                    ན་མཿསྭ་ར་སྭ་སྟྱཻ། བླ་མ་ཡི་དམ་རྡོ་རྗེ་འཇིགས་བྱེད་དང༌། །དབྱེར་མེད་རྒྱལ་བ་གཉིས་པའི་ཞབས་པད་ལ། །གུས་པས་འདུད་དོ་མཐུ་སྟོབས་བྱིན་རླབས་ཀྱིས། །དངོས་གྲུབ་ཆར་དང་འདོད་དོན་འགྲུབ་པར་མཛོད། །སྔོན་དུས་རིང་པོའི་ཐུགས་བསྐྱེད་སྨོན་ལམ་གྱིས། །ཀླུ་རྒྱལ་སྨན་ཆུ་ཁོལ་བས་འགྲོ་བའི་ནད། །བཞི་བརྒྱ་རྩ་བཞི་ཞི་མཛད་ཤར་ཕྱོགས་ཀྱི། །ཤེལ་གྱི་ལྷ་མོ་ནུབ་ཀྱི་སྲིན་མོ་དང༌། །བྱང་གི་ལྷ་མོ་འབྲོང་མོ་ཁྱུང་རྒྱལ་མ། །ལ་སོགས་ལྷ་མོ་ཀླུ་མོ་བཙན་བདུད་ཀྱི། །མཚོ་སྨན་བྱེ་བ་འབུམ་བཅས་ཁྱོད་ལ་བསྟོད། །སྙིགས་མའི་རླིང་སྤྱོད་ངན་ཡང་ཐུགས་རྗེའི་མཚོ། །ཆེན་པོ་རྒྱ་མཚོའི་མཆེད་ཟླ་ལ་འོས་པའི། །གསོལ་མཆོད་བསྟོད་པས་རྣལ་འབྱོར་བདག་ཅག་གིས། །གང་བཅོལ་འཕྲིན་ལས་སྒྲུབ་ལ་མ་གཡེལ་ཞིག །བདུད་རྩི་སྨན་དང་དཀར་གསུམ་མངར་གསུམ་བཅས། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པའི། །མཐུན་པའི་མཆོད་གཏོར་འདི་བཞེས་འཛམ་གླིང་ཀུན། །ཐུབ་བསྟན་སྙིང་པོ་ཞྭ་སེར་མདོ་སྔགས་ཀྱི། །བསྟན་པའི་དྲི་བཟང་ཕྱོགས་ཀུན་འགེངས་པར་ཤོག །བསྟན་པའི་བདག་པོ་རྒྱལ་བ་ཡབ་སྲས་དང༌། །བསྟན་དང་བསྟན་འཛིན་དར་ཞིང་རྒྱས་པ་དང༌། །བསྟན་པའི་སྦྱིན་བདག་སྟོབས་འབྱོར་མངའ་ཐང་རྣམས། །མང་བཀུར་རྒྱལ་པོའི་ངང་ཚུལ་དངོས་བྱོན་མཛོད། །བླ་མ་རྡོ་རྗེ་འཇིགས་བྱེད་ནུས་མཐུ་དང༌། །བསྟན་སྲུང་མཁའ་འགྲོ་ཆོས་སྐྱོང་གཟི་བརྗིད་དང༌། །རྟེན་འབྲེལ་མི་བསླུ་ལྷག་བསམ་དག་པའི་མཐུས། །འདོད་དོན་མ་ལུས་ལྷུན་གྱིས་འགྲུབ་གྱུར་ཅིག །ཅེས་པ་འདི་ཡང་༸རྗེ་འཇམ་དབྱངས་བཞད་པས་གསུངས་སོ། །

                                                                                                                        རྩོམ་སྒྲིག་པ། མང་ར་བ།

 

           གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།