ལྷ་གཉན་ཆེན་པོ་སྤོམ་རའི་གསོལ་མཆོད་བདུད་རྩིའི་ཆར་འབེབས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-11-26 21:15:03     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

340863660901511406.jpg

                     ན་མཿཤྲི་བཛྲ་བྷཻ་ར་ཝཱ་ཡ། རྒྱལ་ཀུན་ཡབ་གཅིག་རྗེ་བཙུན་འཇམ་པའི་དབྱངས། །སྲིད་གསུམ་གདུག་པ་ཀུན་འདུལ་བྷཻ་ར་ཝ། །གང་དེ་ངུར་སྨྲིག་གར་མཛད་ཙོང་ཁ་པ། །རྣམ་གསུམ་དབྱེར་མེད་སྙིང་དབུས་པད་མཚོར་བཞུགས། །གངས་ཅན་མགོན་པོ་ཕྱག་ན་པདྨ་དང༌། །ཕྱག་ན་རྡོ་རྗེ་འབར་བའི་ཆེ་བ་བརྒྱད། །པད་འབྱུང་ཇོ་འབྲོམ་བསོད་ནམས་མཚན་ཅན་སོགས། །ཞྭ་སེར་རིང་ལུགས་རྒྱས་མཛད་ཡབ་སྲས་ཀྱི། །སྤྲུལ་སྐུའི་ཉིན་བྱེད་ཕྲེང་བར་ལྷག་པར་དད། །རྒྱལ་སྲས་དྲན་ཙམ་བསོད་ནམས་མཐའ་མེད་པའི །མི་གཡོའི་སར་གནས་བསམ་བཞིན་དྲེགས་པའི་མགོན། །ལྷ་གཉན་ཆེན་པོ་སྤོམ་རའི་གསོལ་མཆོད་ཀྱི། །བདུད་རྩིའི་ཆར་འབེབས་སྣོད་ངན་གསུམ་དོར་ཏེ། །གཅེས་པའི་ཡོལ་གོར་བསྟེན་དང་དོན་གཉིས་འགྲུབ། །དེ་ཡང་སྤྱིར་རྒྱུད་སྡེ་བཞི་ནས་ལྷ་ཀླུའི་སྒྲུབ་ཚུལ་ཆེས་མང་བ་ལྟར་རྒྱ་བོད་ཀྱི་པཎ་གྲུབ་དུ་མས་དགོས་དབང་གིས་ཕྱག་ལེན་དུ་མཛད་པ་ལས་འདིར་རྒྱལ་བ་བསོད་ནམས་རྒྱ་མཚོ་དང་པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་གོང་མ་རིན་པོ་ཆེས་གནང་བ་སོགས་ལ་བརྟེན་ནས་ཉུང་གསལ་འཁྱེར་བདེ་ཙམ་འགོད་པ་ལ། དེ་ཡང་སྤྱན་གཟིགས་རྟེན་མཐུན་རྫས་མཆོད་གཏོར་གསེར་སྐྱེམས་སླ་ཆོས་སུ་མ་སོང་བར་བཤམས། རང་ཉིད་རིགས་གསུམ་མགོན་པོའམ་རྡོ་རྗེ་འཇིགས་བྱེད་ལྟ་བུའི་ང་རྒྱལ་དང་ལྡན་པས། སྤྱི་རྒྱུད་ལས། རིགས་ཀུན་ལ་ནི་ཐབས་སྦྱོར་གྱིས། །ཞེས་གསུངས་པ་ལྟར། ཨོཾ་བཛྲ་ཨ་མྲྀ་ཏ་ཀུནྚ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། །གསུམ་གྱིས་བསངས། ཨོཾ་སྭ་བྷཱ་ཝ་ཕྱི་ནང་གསང་བའི་རྟེན་དང་མཆོད་རྫས་ཐམས་ཅད་རང་བཞིན་གྱིས་མི་དམིགས་པར་སྟོང་པར་གྱུར། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨོཾ་མཾ་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་དམ་རྫས་སྤྱན་གཟིགས་མཆོད་གཏོར་རྣམས་བདུད་རྩིའི་རྒྱ་མཚོ་ཆེན་པོ་ལ་སོགས་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ནམ་མཁའ་དང་མཉམ་པ་བསམ་གྱིས་མི་ཁྱབ་པ་ལྷ་གཉན་ཆེན་པོ་འཁོར་བཅས་ཀྱི་དབང་པོ་དྲུག་གི་སྤྱོད་ཡུལ་དུ་བདེ་བ་བསྐྱེད་པར་བྱེད་པ་ས་གཞི་བར་སྣང་ཡོངས་སུ་གང་བར་བསམ། ཨོཾ་ཨཱཿཧཱུཾ། ལན་གསུམ། ཨོཾ་སརྦ་བིད་བཱུ་ར་བཱུ་ར་སཱུ་ར་སཱུ་ར་ཨ་ཝརྟ་ཡ་ཨ་ཝ་རྟ་ཡ་ཧོ། །བཛྲ་སྥ་ར་ཎ་ཁཾ། །ཞེས་པ་ལན་གསུམ་བརྗོད། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དཔྲལ་བར་བཞག་ཙམ་མོ ཞེས་པ་སྔགས་དྲུག་ཕྱག་རྒྱ་དྲུག་གིས་བརླབས་ན་མཆོད་གཏོར་དེ་མགྲོན་ཡུལ་དེས་ཐོབ་པར་སྟོན་པས་སྒོ་དྲུག་གི་གཟུངས་དང་ཁ་འབར་མའི་གཟུངས་སོགས་ལས་བཤད་པ་ཡིད་ཆེས་པའི་གནས་སོ། །ཕག་གྲུའི་ཕྱག་ལེན་ལ། ཨོཾ་མུ་ཡེ་གླང་ཆེན་བེ་ཏ་ཉེ་རི་འབའ་ར་ཏྲཾ། །ཨོཾ་མུ་ཡེ་ཁྱུང་གྲགས་པི་ཏ་ཉེ་རི་འབར་ར་ཏྲཾ། །ཨོཾ་མུ་ཡེ་ཤེ་ཐུན་བི་ཏ་ཉེ་རི་འབར་ར་ཏྲཾ། །སོཾ་ཕྲོཾ་ཏ་བྷྲུཾ་ཛུ་དབུང་འདུ་སུ་བ་ལི་སྭཱཧཱ། ཨ་ཡང་རཾ་ཡཾ་མཾ། ཁཾ་ཧྲུཾ་རི་རི། གར་མ་ལ་ཧོ། བྷྲུཾ་འདུས། ཞེས་པ་བདུན་ནམ་ཉེར་གཅིག་འདོན་པ་འཕྲག་པར་གྲགས་བས་རུང་ངོ༌། །དེ་ནས་བསང་དུད། རྔ་དུང་གླིང་སྦུབ་སིལ་དཀྲོལ་ཞིང་གཡུལ་འབྲུག་ལྡིར་བ་ལྟ་བུའི་དབྱངས་དང་བཅས་ཏེ་དོན་དྲན་བཞིན་དུ་འདི་ལྟར་བརྗོད་དོ། །སྤྱན་འདྲེན་པ་ནི། རབ་བརྗིད་གངས་རི་ཤེལ་གྱི་ལྷུན་ལྟར་སྟུག །རྩེ་མོ་ཚངས་པའི་འཇིག་རྟེན་བསྙེགས་བཞིན་མཐོ། །རྐེད་པ་གཡུ་ཡི་གཡའ་ཆུང་འོག་པགས་སིལ། །རྩ་བརྟན་སྤངས་ལྗོངས་སྨན་ཤིང་མེ་ཏོག་བཀྲ། །སྒྲ་ལྡན་ཆུ་བོ་གྲངས་མེད་བཀའ་བཞིན་འབབས། །ཉེ་འཁོར་གངས་ཕྲན་སུམ་བརྒྱ་དྲུག་ཅུས་བསྐོར། །ཕྱོགས་བཞིར་ཐང་ཆེན་བཞི་དང་ཆུ་བོ་བཞི། །ལྷ་སྨན་རོལ་མཚོ་ཁྲི་ཤོག་མཚོ་སོགས་འཁྱིལ། །དེ་ཀུན་ཕྱོགས་མཐར་གཡའ་གངས་རིས་བསྐོར་པའི། །ཕྱོགས་བཞིར་གཉན་ཆེན་སྡེ་བཞིའི་གཡའ་གངས་ལྕོག །དེ་ལྟར་མཐོང་དང་བསམ་པས་ཀུན་དགའི་དཔལ། །ཕྱི་བལྟས་ས་འཛིན་ནང་དུ་རིན་པོ་ཆེ། །སྣ་ཚོགས་ལས་གྲུབ་ཕོ་བྲང་རིམ་དགུས་མཐོ། །ཉི་ཟླའི་འོད་འབར་གསེར་གཡུའི་རྒྱ་ཕིབས་འཚར། །ཁོར་ཡུག་ལྕགས་རི་ཉིས་རིམ་ལྕོག་བཞིས་སྤ། །ནོར་བུའི་དྲ་བ་དྲ་ཕྱེད་རྒྱལ་མཚན་དང༌། །བ་དན་སོགས་ཀྱི་བཀོད་པ་རྨད་བྱུང་གི །རྣམ་པར་རྒྱལ་བའི་ཁང་བཟང་ལྟར་བཀྲ་བའི། །གཞལ་ཡས་དབུས་ན་དྲེགས་པའི་སྤྱི་དཔོན་ཆེ། །ས་བརྒྱད་དབང་ཕྱུག་ལྷ་ཆེན་སྦོམ་ར་ཁྱོད། །སངས་རྒྱས་རྣམ་གཟིགས་མདུན་དུ་ཐུགས་བསྐྱེད་བཞིན། །བསྟན་དང་བསྟན་འཛིན་སྐྱོངས་ཕྱིར་གནས་འདིར་གཤེགས། །གསང་ཡུམ་གུང་སྨན་ལྷ་དང་གཟི་ལྡན་འབར། །སྲས་དགུ་སྲས་མོ་དགུ་དང་གཉན་ཆེན་བཞི། །སུམ་བརྒྱ་དྲུག་ཅུའི་རི་ལ་གནས་པ་སོགས། །རྩེ་དྲུག་སྙིང་བདུན་ཨ་མེས་གཉན་རྗེ་སོགས། །ཕྱོགས་འདིའི་ལྷ་ཀླུ་སྨན་མོ་བཙན་ལ་སོགས། །དཀར་ཕྱོགས་སྐྱོངས་ཀུན་མ་ལུས་གནས་འདིར་གཤེགས། །ཞེས་སྤྱན་དྲངས་ཏེ། བཞུགས་སུ་གསོལ་བ་ནི། མདུན་དུ་སྤྲིན་དཀར་ཕུང་པོར་ཏིང་འཛིན་གྱིས། །སྤྲུལ་པའི་གཞན་མེད་ཁང་དབུས་གསེར་ཁྲི་སོགས། །སྣ་ཚོགས་གདན་སྟེང་ལྷ་རྒྱལ་ཆེན་པོ་ནི། །གངས་རིའི་མདངས་ལྡན་ཕྱག་གཡས་ཡིད་བཞིན་ནོར། །ཕྱག་གཡོན་ཤེལ་ཕྲེང་མདུང་བསྣམས་དགྲ་བགེགས་འཇོམས། །རིན་ཆེན་འོད་འབར་ཁྲབ་རྨོག་ཟབ་བེར་གསོལ། །རྔམ་བརྗིད་འགྱིངས་པའི་དགྲ་ལྷ་འཁོར་བཅས་རྣམས། །བདག་གི་ལས་སྒྲུབ་མཐུན་རྫས་བཞེས་སླད་བཞུགས། མཆོད་པ་ནི། ཨོཾ་ལྷུན་གྲུབ་བདེ་སྟོང་དབྱེར་མེད་ཀློང་དབྱིངས་ནས། །གང་འདོད་མཆོད་པའི་རྣམ་འཕྲུལ་མཐའ་ཡས་པ། །རབ་འབྱམས་ནམ་མཁའ་གང་བའི་ཚོགས་འདི་རྣམས། །སྒྱུ་མའི་རོལ་ལྟར་འཁོར་བཅས་ལ་འབུལ་བཞེས། །རོ་བརྒྱའི་དཔལ་ལྡན་བ་ལི་རི་ལྟར་སྤུངས། །འབྲས་ཆང་རྒུན་ཆང་རྒྱ་ཇའི་གསེར་སྐྱེམས་སོགས། །བདུད་རྩི་བཏུང་བའི་ཚོགས་རྣམས་མཚོ་ལྟར་འཁྱིལ། །དུང་གླིང་སྦུབ་སིལ་རྔ་རོལ་འབྲུག་ལྟར་ལྡིར། །ལྷ་ཆེན་འཁོར་བཅས་དགྱེས་བཞིན་རོལ་བར་བཞེས། །ཡན་ལག་བརྒྱད་ལྡན་མཆོད་ཡོན་གངྒཱར་འགྲན། །ལྷ་མིའི་མེ་ཏོག་མཛེས་པས་བར་སྣང་འགེངས། །འོད་འབར་རིན་ཆེན་མར་མེའི་ཕྲེང་བ་དངར། །སྨན་སྤོས་ཤིང་སྣའི་དུད་སྤྲིན་མཁའ་ཁྱབ་འབུལ། །དགྲ་འཇོམས་ཁྲབ་རྨོག་མདུང་གྲི་དགྲ་སྟ་དང༌། །སྤྱན་གཟིགས་མདའ་དར་སྟག་གཟིག་རྒྱལ་མཚན་སོགས །མྱུར་མགྱོགས་རྟ་དང་རྔམས་བརྗིད་གཡག་ཞོལ་ངར། །ར་ལུག་ཞོལ་སོགས་ཁྱོད་དགྱེས་རྟེན་དུ་འཛུག །དར་གྱི་ན་བཟའ་ནོར་བུ་ཤེལ་ཕྲེང་རྒྱན། །བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་རིན་ཆེན་བདུན། །རི་རབ་གླིང་བཞི་ཉི་མ་ཟླ་བར་བཅས། །ལྷ་ཆེན་འཁོར་བཅས་མཆོད་པའི་རྟེན་དུ་འབུལ། །དེ་ནས་གཏོར་མ་ཨ་ཀ་རོ་དང་རྒྱ་ཆེན་ཤུགས་ལྡན་གྱི་སྔགས་བདུན་ནམ་ཉེར་གཅིག་གིས་ཕུལ། དེ་བཞིན་གཤེགས་པ་རིན་ཆེན་མང་སོགས་བཞི་ལ་ཕྱག་འཚལ་བའི་བར་བྱས་ན་རུང༌། མཁས་པ་དུ་མ་དང་པཎ་གྲུབ་ཀྱི་དགོངས་པར་སྣང་བས་ལེགས། ཨོཾ་དེ་བ་རཱ་ཛ་མ་ཧཱ་པ་ཏི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་སྭཱཧཱ། བདེ་བཞིན་དུ། པཱཏྱཾ་པུཥྤེ། དྷུཔེ། ཨ་ལོ་ཀེ། གྷནྡྷེ། ནེ་ཝཱིཏྱ། ཤཔྟ་དང༌། རཱུ་པ་སོགས་དང༌། མ་ཧཱ་སཔྟ་རཏྣ་པྲ་ཏཱི་ཙྪ་སྭཱཧཱ། གསེར་སྐྱེམས་ཅུང་ཟད་འཐོར་ལ། དངོས་བཤམས་ཡིད་སྤྲུལ་མཆོད་ཚོགས་མཁའ་ཁྱབ་འདི། །སྔར་བཅོལ་བསྒྲུབས་པའི་གཏང་རག་ཆེད་དུ་འབུལ། །ད་ལྟར་བསྲུང་སྐྱོབས་ལས་བཞིའི་བསྐུལ་མར་འབུལ། །སླད་ནས་བཅོལ་པའི་འཕྲིན་ལས་སྒྲུབ་རྟེན་འབུལ། །རྨོངས་དང་བག་མེད་དབང་གིས་ས་གཉན་བརྐོས། །བྲག་ཤིང་གཉན་བཅག་མཚོ་དཀྲུགས་ནེའུ་གསིང་ངོགས། །ཐབ་གཞོབ་ལ་སོགས་ལྷ་ཆེན་འཁོར་བཅས་ཀྱི། །སྐུ་གསུང་ཐུགས་འགལ་ཀུན་བཤགས་ཐུགས་རྗེས་བཟོད །མི་གཡོའི་སར་གནས་ལྷ་མཆོག་སྤོམ་ར་ཁྱོད། །རྡོ་རྗེ་འཆང་དང་སངས་རྒྱས་རབ་བདུན་དང༌། །མཚོ་སྐྱེས་རྡོ་རྗེ་བསོད་ནམས་མཚན་ཅན་གྱི། །བཀའ་སོགས་སྤྱི་དང་རྒྱལ་དབང་ཙོང་ཁ་པས། །རྭ་སྒྲེངས་དགའ་ལྡན་སོགས་སུ་ལྷ་ཁྱོད་ལ། །བཀའ་བསྒོས་ཁས་བླངས་སྒྲུབ་ལ་མ་གཡེལ་བར། །བསྟན་དང་བསྟན་འཛིན་ཁྲིམས་ལྡན་འདུས་པའི་སྡེ། །བཤད་སྒྲུབ་དང་བཅས་འཕེལ་མཛོད་ཁྱད་པར་དུ། །ཀུན་མཁྱེན་བློ་བཟང་གྲགས་པའི་རིང་ལུགས་མཆོག །སྲིད་མཐའི་བར་དུ་དར་ཞིང་རྒྱས་པར་མཛོད། །ཆེན་པོ་བྱང་གི་རྒྱལ་ཁམས་མདོ་སྨད་ཀྱིས །མི་ནོར་ཕྱུགས་གསུམ་ཐམས་ཅད་བུ་བཞིན་སྐྱོངས། །བསྟན་པའི་སྦྱིན་བདག་ས་ཡི་ཚངས་པ་འདིའི། །སྟོབས་འབྱོར་མང་བཀུར་བུ་ནས་ཉིང་ཚ་བཞིན། །འཁོར་འབངས་མངའ་ཐང་ཆེས་ཆེར་གོང་འཕེལ་ཞིང༌། །ཕྱོགས་འདིར་བན་བོན་སྔགས་ནག་མཐུ་གཏད་ཟོར། །ཐུན་དང་མདོས་སོགས་འཕེན་པ་ཕས་ལ་བསྒྱུར། །ནག་པོའི་དགྲ་དང་བགེགས་ཀྱི་དཔུང་ཆོམས་ལ། །བསམ་པའི་དོན་ཀུན་ལྷུན་གྱིས་གྲུབ་པར་མཛོད། །བསྟོད་པ་ནི། དབུགས་དབྱུང་ས་ཐོབ་རྒྱལ་སྲས་གསང་གསུམ་ཀུན། །རྒྱལ་བའི་གསུང་གིས་མ་ལུས་མི་བརྗོད་ན། །གཞན་གྱིས་ལྟ་ཅི་འཇིག་རྟེན་བློ་ངོ་ན། །གྲགས་པའི་ཡོན་ཏན་རིན་ཆེན་ཕྲེང་འབུལ་བཞེས། །གངས་རི་ལྟར་དཀར་ཁྲོ་ཆགས་སྒག་སོགས་ཀྱིས། །སྣ་ཚོགས་སྐུར་སྟོན་ཕྱག་གཡས་ནོར་བུ་འབར། །མདུང་སོགས་འཛིན་ལ་ཤེལ་ཕྲེང་ཞགས་སོགས་གཡོན། །དངོས་གྲུབ་ཆར་འབེབས་ནམ་མཁའི་མཛོད་བརྙེས་བསྟོད། །གསེར་རྨོག་རིན་ཆེན་པྲོག་ཞུ་དབུ་ལ་གསོལ། །བསེ་ཁྲབ་འོད་འབར་ཟ་འོག་ན་བཟའ་བེར། །གཡུ་ལྷམ་བཞེས་པའི་ཞབས་གཉིས་སེང་ཁྲིར་འགྱིངས། །དགྲ་ལྷ་ཡོངས་ཀྱི་དབང་པོ་ཁྱོད་ལ་བསྟོད། །གསེར་མདོག་ཡིད་འཕྲོག་སྒེག་མོ་རྐྱང་ལ་ཞོན། །ཚེ་བུམ་མེ་ལོང་ཤང་ལང་ཞགས་པ་འཛིན། །གསང་ཡུམ་གུང་སྨན་ལྷ་རི་མ་ཁྱོད་བསྟོད། །དཀར་དང་ལྗང་སོགས་སྐུར་སྟོན་འཕར་བ་ཅིབས། །མདའ་དར་མེ་ལོང་བེ་ཅོན་མཁར་གཞོང་བསྣམས། །ཡུམ་ཆེན་དམ་ཚིག་གཟི་ལྡན་འབར་མ་བསྟོད། །ཁྲབ་རྨོག་མདུང་བསྣམས་དཔའ་པོའི་སྲས་དགུ་དང༌། །བཞིན་མཛེས་སྒེག་པའི་རྒྱན་ལྡན་སྲས་མོ་དགུ། །གཉན་ཆེན་སྡེ་བཞི་སུམ་བརྒྱ་དྲུག་ཅུའི་འཁོར། །མཚོ་དང་ཐང་ཆེན་ཆུ་བོ་བཞིར་གནས་བསྟོད། །ཙེ་དྲུག་སྙིང་བདུན་ཨ་མེས་གཉན་རྗེ་སོགས། །ཕྱོགས་བཞིའི་ལྷ་ཀླུ་གནོད་སྦྱིན་བཙན་དང་གཉན། །དྲི་ཟ་ལ་སོགས་སྡེ་བརྒྱད་དཀར་པོའི་ཕྱོགས། །སྐྱོང་མཛད་ཕོ་ཉ་འཁོར་བཅས་ཀུན་ལ་བསྟོད། །ཅེས་བསྟོད་ནས་སྐབས་འདིར་སོ་སོའི་གཏོར་མ་དང་གསེར་སྐྱེམས་རང་རང་གི་སྐབས་སུ་འབུལ་བར་བྱའོ། །དུས་གསུམ་རྟ་མཆོག་ངང་པ་རག་གྲོ་སོགས། །གསེར་སྒ་གཡུ་ཡི་གོང་སྨེད་གསེར་སྲབ་མཐུར། །རིན་ཆེན་ཡོབ་དང་རིན་ཆེན་རྒྱན་སྤྲས་པར། །ཞོན་ནས་སྟོང་གསུམ་ཉུལ་མཛད་ལྷ་ཆེན་པོ། །སྐུ་ལ་གསེར་ཁྲབ་དབུ་ལ་བསེ་རྨོག་གསོལ། །གཡས་པ་མདུང་རིང་གཡོན་པས་ཞགས་པ་འཛིན། །སྐེད་ལ་མདའ་ཆེན་མང་ལྡན་སྟག་དུང་གཡས། །གནམ་རུ་སྲ་བའི་གཟིག་ཤུབ་གཡོན་དུ་བཅིངས། །དྲག་རྩལ་མཐུ་ལྡན་ལྷ་ཆེན་སྤོམ་ར་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་འཕྲིན་ལས་མཛོད། །ཅེས་གཙོ་བོའི་གཏོར་མ་དང་གསེར་སྐྱེམས་གཙོ་བོ་ལ་འབུལ། །ཅིབས་སུ་རྒྱང་དང་ཤ་བ་ཡུ་མོ་ཅིབས། །མཛེས་པའི་རྒྱན་ལྡན་གཡུ་ཡི་ལན་ཚར་འཕྱངས། །ཤང་ལང་ཚེ་བུམ་སོགས་འཛིན་གུང་སྨན་ལ། །གསོལ་ལོ་མཆོད་དོ་༝ གཏོར་མདོང་གསེར་སྐྱེམས་འཐོར། ཅིབས་སུ་ཤ་བ་རྭ་བཅུ་འཕར་བ་ཞོན། །སྐུ་མདོག་ལྗང་སྔོན་ཁྲོ་ཆགས་ཉམས་ཀྱིས་སྒེ །མེ་ལོང་ནོར་བུ་གཞོང་ཐོགས་གཟི་ལྡན་མར། །གསོལ་ལོ་མཆོད་དོ་༝ གཏོར་མ་དང་གསེར་སྐྱེམས་འཐོར དེས་ཀུན་ལ་རིགས་འགྲེ། གསེར་གཡུའི་གོ་ཁྲབ་མདའ་མདུང་གཞུ་བསྣམས་ཤིང༌། །དཔའ་བོའི་ཆས་ཞུགས་རྟ་མཆོག་ལ་ཞོན་པའི། །ལྷ་ཆེན་ཐུགས་ཀྱི་སྲས་པོའི་ཚོགས་རྣམས་ལ། །གསོལ་ལོ་མཆོད་དོ་༝ གཡུ་བྱ་ཁུ་བྱུག་དུང་བྱ་ཁྲུང་ཁྲུང་ཅིབས། །བུམ་པ་མེ་ལོང་ཚེ་འགུགས་མདའ་དར་བསྣམས། །ཤཱ་ཙིའི་མཆེད་ཟླ་སྲས་མོའི་ཚོགས་རྣམས་ལ། །གསོལ་ལོ་མཆོད་དོ་༝ གཏོར་མ་དང་གསེར་སྐྱེམས་འཐོར འཛུམ་ཆེན་ལྡོང་ཁྲོམ་མཁའ་ལྡིང་ཁྱུང་ལ་ཅིབས། །ཕྱག་ན་གནམ་ལྕགས་ཐོག་གི་མདའ་གཞུ་བསྣམས། །དབྱི་ཆེན་རབ་སྡེ་རྒྱ་སྟག་རི་ཁྲ་ཅིབས། །ཕྱག་ན་སྟག་གི་པགས་པའི་རྒྱལ་མཚན་འཛིན། །འབྲི་ཆེན་ལྡོང་དངུལ་དཀར་གཤོག་འབྲེང་ལ་ཅིབས། །ཕྱག་ན་གནམ་ལྕགས་འབར་བའི་རལ་གྲི་འཛིན། །གཉན་ཆེན་ཐང་ལྷ་གཡུ་འབྲུག་སྔོན་མོ་ཅིབས། །ཕྱག་ན་མདུང་རིང་དར་གྱི་བ་དན་འཛིན། །ཕྱོགས་བཞི་སྐྱོང་བའི་གཉན་ཆེན་སྡེ་བཞི་ལ། །གསོལ་ལོ་མཆོད་དོ་༝། །གཏོར་མ་དང་གསེར་སྐྱེམས་འཐོར། གཡས་ཀྱིས་མདའ་འཛིན་གཡོན་གྱིས་མདུང་འཛིན་ཅིང༌། །རྟ་མཆོག་ལ་ཞོན་སྲ་བའི་གོ་ཆ་གྱོན། །དུང་ཁྲ་ཀླད་ལྡིང་སྟག་གཟིག་རོལ་ཏུ་ཁྲིད། །འདབ་ཆགས་གཅན་གཟན་རི་དྭགས་རྗེས་སུ་རྒྱུག །སུམ་བརྒྱ་དྲུག་ཅུའི་རྨ་རིགས་ཚོགས་རྣམས་དང༌། །ཡིད་འོང་སྨན་མོ་སུམ་བརྒྱ་དྲུག་ཅུ་སོགས། །རྩེ་དྲུག་སྙིང་བདུན་ལུང་ཆེན་བཅོ་བརྒྱད་དང༌། །ཨ་མེས་གཉན་རྗེ་ལ་སོགས་ལྷ་ཀླུ་བཙན། །བཀའ་ཉན་འཁོར་ཚོགས་རྒྱ་མཚོའི་ཚོགས་རྣམས་ལ། །གསོལ་ལོ་མཆོད་དོ་༝ གཏོར་མ་དང་གསེར་སྐྱེམས་འཐོར་བ་རྣམས་བྱ། འཕྲིན་ལས་བཅོལ་བ་ནི། ལྷ་མཆོག་མྱུར་མགྱོགས་སྦོམ་ར་འཁོར་བཅས་ཀྱིས །མི་མཐུན་བར་ཆད་མ་ལུས་ཞི་བར་མཛོད། །སྲིད་ཞིའི་དགེ་ལེགས་མ་ལུས་འདིར་རྒྱས་ཤིང༌། །ཁམས་གསུམ་ཟས་ནོར་མཁོ་དགུ་དབང་དུ་བསྡུས། །དམིགས་ཡུལ་དགྲ་བགེགས་སྡིག་ཅན་མྱུར་དུ་སྒྲོལ། །དགྲ་ལྷ་ཆེན་པོ་སྦོམ་ར་འཁོར་བཅས་རྣམས། །བསྟེན་པའི་ཚེ་ན་ལྷ་ཆེན་སྙིང་མ་རིང༌། །བོས་པའི་ཚེ་ན་ལྷ་ཁྱོད་སྙན་མ་སྲ། །གཡབ་པའི་ཚེ་ན་ལྷ་ཁྱོད་སྤྱན་མ་རྟུལ། །རྦད་པའི་ཚེ་ན་ལྷ་ཁྱོད་མཐུ་མ་ཆུང༌། །ལུས་དང་གྲིབ་མ་བཞིན་དུ་ཁྱོད་འགྲོགས་ལ། །ཉིན་གྱི་བྱ་ར་མཚན་གྱི་མེལ་ཚེ་མཛོད། །ཡོ་སྲོང་འགྱེལ་སློང་ཆད་མཐུད་བརྗེད་པ་བསྐུལ། །ལེགས་པ་བརྒྱར་སྤྲོད་ཉེས་པ་སྟོང་དང་བསྣོལ། །གཞི་ལམ་བྱེས་གསུམ་ཀུན་ཏུ་མཐུན་རྐྱེན་སྒྲུབས །མི་ནོར་རིགས་བརྒྱུད་ཟས་ནོར་ལོངས་སྤྱོད་སྤེལ། །འཁོར་འབངས་ཆབ་སྲིད་མངའ་ཐང་རྒྱས་པར་མཛོད། །ས་བརྒྱད་དབང་ཕྱུག་དགྲ་ལྷ་ཨ་མེས་ཆེ། །སྦོམ་ར་འཁོར་བཅས་མི་དབང་འདི་དག་གི །བུ་ཚ་རིགས་བརྒྱུད་མང་བཀུར་ལ་འགྲན་པའི། །སྟོབས་འབྱོར་འཁོར་འབངས་ཕུན་སུམ་ཚོགས་པ་སྩོལ། །མདོར་ན་བདག་གི་ཆོས་དང་སྲིད་ཀྱི་དོན། །ཕུན་ཚོགས་སྡེ་བཞིའི་ཡོན་ཏན་མ་ལུས་པ། །ཡར་ངོའི་ཟླ་བ་བཞིན་དུ་རབ་འཕེལ་ནས། །བཀྲ་ཤིས་དཔལ་གྱིས་དུས་ཀུན་ཁྱབ་གྱུར་ཅིག །འདི་ནས་གཏོར་མ་དང་ཆང་ཕུད་ལེགས་པར་ཕུལ་བར་བྱའོ། །

སྨྲས་པ། འཇིག་རྟེན་བདེ་སྐྱིད་རྐྱེན་ལ་རག་ལས་བར། །དགོངས་ནས་རྣམ་སྲས་མ་དྲོས་ཀླུ་ཆེན་དང༌། །ལྷ་ཆེན་འདི་སོགས་འཛིན་མའི་བདག་མཛད་པ། །རྒྱལ་སྲས་སྨོན་ལམ་སྒྱུ་མའི་གར་འདི་ཡང༌། །ཕྱོགས་འདིར་མ་སྦྱངས་མི་ཤེས་ཧམ་ཤུར་གྱིས། །མང་བོའི་ཡིག་འཇོག་སྣ་ཚོགས་རང་རང་གི །དེ་ཉིད་སྟོན་བའི་མེ་ལོང་སྐྱོན་ཆེ་ཡང༌། །ཀྱེ་མ་བོད་འདིར་སྐྱོན་ལ་དགའ་བས་བཞག །ལྷ་མཆོག་གསོལ་མཆོད་ཕན་བདེའི་ཆར་ཆེན་འདི། །བྱང་ཕྱོགས་ཆོས་བཞིན་སྐྱོང་བའི་བཀས་བསྐུལ་ཞིང༌། །དུ་མས་འདོད་ཚེ་མང་ཐོས་དགེ་སྦྱོང་ཞིག །རྩེ་གཞུང་ས་ཡི་ཐིག་ལེར་སྦྱར་བ་འདིས། །ཚོགས་གཉིས་མཐར་ཕྱིན་དོན་གཉིས་ལྷུན་གྲུབ་པའི། །འཇིག་རྟེན་བདེ་སྐྱིད་དཔལ་ལ་སྤྱོད་པར་ཤོག།

    ཨོཾ་བདེ་ལེགས་སུ་གྱུར་ཅིག །བསང་དང་མཆོད་རྫས་རྣམས་བཀོད་ལེགས་བྱས། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝཱས་སྦྱངས ཨོཾ་ལས་མཆོད་རྫས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་རྒྱ་ཆེ་བ་འབྱུང་བར་བསམ་ལ། རྨ་ཆེན་བསང་གི་མཇུག་ཏུ། ཨོཾ་ལྷ་རྒྱལ་རྨ་ཆེན་སྦོམ་རའི་འཁོར་གཏོགས་པའི། །ལྷ་ཀླུ་ཀུན་དང་རྩེ་གཞུང་གཞི་བདག་དང༌། །འབལ་གྱི་མཐོན་པོ་བཅུ་གསུམ་ལ་སོགས་པའི། །ལྷ་ཀླུ་གཉན་དང་ས་བདག་གནས་བདག་ལ། །མཆོད་པ་ཀུན་འབུལ་བཞེས་ནས་བདག་ཅག་གི །མེ་ནོར་འཁོར་བཅས་འཕེལ་ཞིང་རྒྱས་པ་དང༌། །བསམ་པའི་དོན་ཀུན་འགྲུབ་པའི་སྡོང་གྲོགས་མཛོད། །ཨོཾ་ས་བརྒྱད་དབང་ཕྱུག་རྨ་ཆེན་སྤོམ་ར་དང༌། །ཁྱུང་རྩེ་རྩེ་སོགས་ཕྱོགས་འདིའི་ལྷ་ཀླུ་གཉན། །ཀུན་དང་ཨ་མེས་གཉན་རྗེ་གོང་སྔོན་ལ། །དངོས་བཤམས་ཡིད་སྤྲུལ་མཆོད་པ་སྣ་ཚོགས་འབུལ། །རྫུ་འཕྲུལ་ཤུགས་ལྡན་མཛེས་པའི་རྟ་མཆོག་ཚོགས། །རྔམས་ཤིང་བརྗིད་པའི་ངར་འབྱིན་ལྷ་གཡག་ཁྱུ། །ལྷུན་ཅིང་གཡང་ཆགས་ལུག་ཞོལ་མང་པོ་དང༌། །སྟག་གཟིག་རྒྱལ་མཚན་རྟེན་དང་མཆོད་རྫས་འདི། །བཞེས་ལ་ཕྱོགས་འདིར་ཞིང་ལས་ཕྱུགས་སྐྱོངས་མཛོད། །དགེ་འདུན་མཆོད་གཞི་མི་ནོར་འཁོར་བཅས་རྣམས། །ཁྱེད་ལ་གཉེར་གཏད་སྲུང་སྐྱོབས་སྤེལ་མཛད་ཅིང༌། །ནད་རིམས་སད་སེར་མ་ལུས་ཞི་བ་དང༌། །དགེ་འདུན་བཤད་སྒྲུབ་དགོན་གནས་རྒྱས་པ་སོགས། །གང་བསམ་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་སྩོལ། །ཅེས་པ་འདི་ཡང་༸རྗེ་འཇམ་དབྱངས་བཞད་པའི་རྡོ་རྗེས་གསུངས་སོ། །

                                                                                                                            རྩོམ་སྒྲིག་པ། མང་ར་བ།

 

           གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།