བསང་ཡིག་དགེ་ལེགས་ཀུན་འབྱུང་།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-11-26 21:02:53     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 


    ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། བསངས་རྫས་དཀྱུས་ལྟར་སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབས་ལ། ཧཱུཾཿམདུན་དུ་བདེ་བ་ཆེན་པོའི་ཕོ་བྲང་ན། །སྣ་ཚོགས་པདྨ་འདབ་སྟོང་ཡངས་པའི་སྟེང༌། །རིན་ཆེན་སེང་ཁྲི་ཉི་ཟླའི་གདན་ཁྲི་ལ། །ཡིད་འཕྲོག་འཇའ་ཚོན་སྣ་ལྔའི་གུར་ཁྱིམ་དབུས། །རྩ་བརྒྱུད་བླ་མ་ཡི་དམ་དཀོན་མཆོག་གསུམ། །དཔའ་བོ་མཁའ་འགྲོ་བསྟན་སྲུང་རྒྱ་མཚོར་བཅས། །ཞི་རྒྱས་དབང་དྲག་འཕྲིན་ལས་བསྒྲུབ་པའི་ཕྱིར། །སྤྱན་འདྲེན་མཆོད་པའི་གནས་འདིར་བཞུགས་སུ་གསོལ། །རྡོ་རྗེ་འཆང་དང་ས་ར་ཧ་ལ་སོགས། །རྫུ་འཕྲུལ་ཆེན་པོ་གྲུབ་ཆེན་བརྒྱད་བཅུ་ཡང༌། །རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས། །སྤྱན་འདྲེན་༝ རྒྱལ་སྲས་ཀླུ་སྒྲུབ་ཐོགས་མེད་ལ་སོགས་པའི། །ཟབ་མོ་ལྟ་བརྒྱུད་བླ་མ་འཁོར་དང་བཅས། །སྤྱན་འདྲེན་༝ གྲུབ་ཆེན་ཕ་ཅིག་དམ་པ་སངས་རྒྱས་སོགས། །རྒྱ་ཆེན་སྤྱོད་བརྒྱུད་བླ་མ་འཁོར་དང་བཅས། །སྤྱན་འདྲེན་༝ ཇོ་བོ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་སོགས། །བཀའ་གདམས་བརྒྱུད་པའི་བླ་མ་འཁོར་དང་བཅས། །སྤྱན་འདྲེན་༝ རིགས་ཀུན་ཁྱབ་བདག་བློ་བཟང་གྲགས་པའི་དཔལ། །ལམ་རིམ་བརྒྱུད་པའི་བླ་མ་འཁོར་དང་བཅས། །སྤྱན་འདྲེན་༝ མར་བ་མིད་ལ་ཡབ་སྲས་ལ་སོགས་པའི། །བཀའ་བརྒྱུད་བླ་མ་འཁོར་དང་བཅས་པ་རྣམས། །སྤྱན་འདྲེན་༝ རྗེ་བཙུན་ཀུན་སྙིང་ས་ཆེན་པཎྜི་ཏ། །ལམ་འབྲས་བརྒྱུད་པའི་བླ་མ་འཁོར་དང་བཅས། །སྤྱན་འདྲེན་༝ མཻ་ཏྲི་ར་ཧཱུ་ཁྱུང་པོ་རྣལ་འབྱོར་སོགས། །ཤངས་པ་བཀའ་བརྒྱུད་བླ་མ་འཁོར་དང་བཅས། །སྤྱན་འདྲེན་༝ གསང་འདུས་མི་བསྐྱོད་རྡོ་རྗེའི་ལྷ་ཚོགས་སོགས། །རྒྱུད་སྡེ་བཞི་ཡི་ལྷ་ཚོགས་འཁོར་དང་བཅས། །སྤྱན་འདྲེན་༝ ཧཱུཾ་དཔལ་ལྡན་ཡེ་ཤེས་མགོན་པོ་ཕྱག་དྲུག་སོགས། །ཕྱོགས་སྐྱོང་དཔལ་མགོན་བདུན་ཅུའི་ཚོགས་དང་བཅས། །སྤྱན་འདྲེན་༝ སྐྱེ་འགྲོའི་སྲོག་བདག་ཆོས་རྒྱལ་ཡབ་ཡུམ་དང༌། །གཤིན་རྗེ་ཕོ་བརྒྱད་མོ་བརྒྱད་འཁོར་དང་བཅས། །སྤྱན་འདྲེན་༝ དཔལ་ལྡན་མ་ཅིག་རྒྱལ་མོ་རེ་མ་ཏི། །མོ་བརྒྱུད་བསྲུང་མ་འཁོར་དང་བཅས་པ་རྣམས། །སྤྱན་འདྲེན་༝ འདོད་དགུའི་ཆར་འབེབས་རྒྱལ་ཆེན་རྣམ་ཐོས་སྲས། །གནོད་སྦྱིན་ནོར་ལྷ་འཁོར་དང་བཅས་པ་རྣམས། །སྤྱན་འདྲེན་༝ ཁྲག་མདོག་དྲེགས་པ་ལྕམ་སྲིང་ཡབ་ཡུམ་དང༌། །སྲོག་གཅོད་བཤན་པའི་ཚོགས་དང་བཅས་པ་སོགས། །སྤྱན་འདྲེན་༝ པེ་ཧར་རྒྱལ་པོ་སྐུ་ལྔ་འཁོར་དང་བཅས། །སྐྱེས་བུ་རྡོར་ལེགས་གཟའ་མཆོག་རྒྱུ་སྐར་དང༌། །དྲེགས་པའི་སྡེ་བརྒྱད་ལྷ་ཀླུ་འཁོར་དང་བཅས། །སྤྱན་འདྲེན་༝ ཚེ་རིང་མཆེད་ལྔ་བསྟན་མའི་ཚོགས་དང་བཅས། །ས་ཡི་ལྷ་མོ་འཁོར་དང་བཅས་པ་རྣམས། །སྤྱན་འདྲེན་༝ སྣང་སྲིད་སྡེ་དཔོན་རྨ་ཆེན་སྤོམ་ར་ཡང༌། །རྨ་རིགས་སུམ་བརྒྱ་དྲུག་ཅུའི་འཁོར་དང་བཅས། །སྤྱན་འདྲེན་༝ གུར་ལྷ་བཅུ་གསུམ་སྲིད་པའི་ལྷ་དགུ་སོགས། །འཛམ་གླིང་གཞི་བདག་འཁོར་དང་བཅས་པ་རྣམས། །སྤྱན་འདྲེན་༝ འཇིགས་པའི་སྒྲ་སྒྲོགས་གཉན་རྗེ་གོང་སྔོན་ཡང༌། །གཉན་འཁོར་སུམ་བརྒྱ་དྲུག་བཅུའི་འཁོར་དང་བཅས། །སྤྱན་འདྲེན་༝ རབ་འཇིགས་ལྷ་ཆེན་ཐོག་ལྷ་རྩེ་རྒོད་སོགས། །ཡུལ་འདིའི་གཞི་བདག་ལྷ་ཀླུ་འཁོར་དང་བཅས། །སྤྱན་འདྲེན་༝ བྱེས་འགྲོའི་ལམ་ལྷ་སྐྱེས་པའི་ཡུལ་ལྷ་དང༌། །དགྲ་ལྷ་འགོ་བའི་ལྷ་སྲུང་འཁོར་དང་བཅས། །སྤྱན་འདྲེན་མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཧཱུཾ་ཡེ་ཤེས་རང་སྣང་ལས་གྲུབ་འོད་གསལ་མེར། །དངོས་བཤམས་ཡིད་སྤྲུལ་ཕྱི་ནང་མཆོད་པའི་ཚོགས། །དམ་རྫས་སྨན་སྣ་བསང་རྫས་བརྒྱ་ཕྲག་དག །ཁན་པ་སུར་དཀར་རྒྱ་ཤུག་དུད་སྤྲིན་བཅས། །དྲི་མཆོག་མཆོད་ཡོན་བདུད་རྩིའི་རྒྱ་མཚོ་འབུལ། །དག་བྱེད་ཞབས་བསིལ་ལྷ་རྫས་མེ་ཏོག་འབུལ། །ཙན་དན་སྤོས་དང་སྣང་གསལ་འོད་མཆོག་འབུལ། །ག་བུར་དྲི་དང་རོ་བརྒྱའི་ཟས་མཆོག་འབུལ། །རྐང་གླིང་རྔ་དང་རོལ་མོའི་སྒྲ་མཆོག་འབུལ། །མཛེས་པའི་རྟག་མཆོག་མ་ཧེ་ལུག་ནག་ཚོགས། །འཕུར་ལྡིང་ཁྱུང་དང་ཁྱི་ནག་དོམ་ལྟར་འཕྱོ། །གཡུལ་ལས་རྒྱལ་བའི་རྡོ་རྗེའི་གོ་ཁྲབ་དང༌། །དགྲ་འཇོམས་འབར་བའི་རྣོ་ངར་མཚོན་ཆ་སོགས། །ཕྱི་ནང་གསང་བའི་རྟེན་རྣམས་མ་ལུས་འབུལ། །གདུག་པའི་དགྲ་བགེགས་མ་ལུས་ཚར་གཅོད་མཛོད། །ཤ་ཁྲག་དམར་ཆེན་གཏོར་མས་ས་གཞི་གང༌། །ཕུན་ཚོགས་འདོད་ཡོན་སྣ་ལྔས་བར་སྣང་གང༌། །རིན་ཆེན་རྒྱལ་སྲིད་སྣ་བདུན་ནམ་མཁའ་གང༌། །རི་རབ་གླིང་བཞི་ཉི་ཟླའི་གདན་དང་བཅས། །དངོས་བཤམས་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོ་འབུལ། །བདག་ཅག་འདོད་དགུའི་ལོངས་སྤྱོད་རྒྱས་གྱུར་ཅིག །ཧཱུཾ་རྩ་བརྒྱུད་བླ་མ་ཡི་དམ་དཀོན་མཆོག་གསུམ། །དཔའ་བོ་མཁའ་འགྲོ་བསྟན་སྲུང་རྒྱ་མཚོའི་ཚོགས། །དྲེགས་པ་སྡེ་བརྒྱད་ཚོགས་རྣམས་དགོངས་སུ་གསོལ། །མདོར་ན་རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱིས། །རང་སྣང་མ་དག་ནོངས་པ་ཅི་མཆིས་པ། །སྒྲུབ་རྫས་དམན་དང་མཆོད་གཏོར་ཆག་པ་དང༌། །མི་གཙང་རྫས་ཀྱིས་བསངས་རྫས་འབག་པ་སོགས། །ནོངས་པར་གང་གྱུར་རྨི་ལམ་སྒྱུ་མ་དང༌། །ཁྱེད་རྣམས་སོ་སོའི་སྤྱན་སྔར་མཐོལ་ལོ་བཤགས། །གང་བྱས་བྱ་བ་སྤྱོད་པ་མི་མཁས་པའི། །མ་དད་ལོག་ལྟ་ལ་སོགས་བགྱིས་པ་དང༌། །ཐུགས་དང་འགལ་བ་ཐམས་ཅད་ཅི་མཆིས་པ། །དམ་རྫས་བསང་མཆོད་འདི་ཡིས་དག་གྱུར་ཅིག །ཧཱུཾ་གསེར་ཞུན་འབར་འདྲའི་ཡེ་ཤེས་མེ་ནང་དུ། །རྨད་བྱུང་སྤོས་སྣ་བསང་རྫས་བརྒྱ་ཕྲག་དག །བསྲེགས་པའི་དུད་སྤྲིན་འཆི་མེད་ལམ་གང་བས། །བཀའ་དྲིན་གསུམ་ལྡན་རྩ་བའི་བླ་མ་བསངས། །དངོས་བརྒྱུད་བླ་མའི་ཚོགས་རྣམས་ཐམས་ཅད་བསངས། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་བསངས། །ཕྱོགས་བཅུའི་ཡི་དམ་བསྟན་སྲུང་ཐམས་ཅད་བསངས། །རྡོ་རྗེ་འཆང་དང་ས་ར་ཧ་ལ་སོགས། །རྫུ་འཕྲུལ་ཆེན་པོ་གྲུབ་ཆེན་བརྒྱད་ཅུ་ཡང༌། །རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས་བཅས་བསངས། །རྒྱལ་སྲས་ཀླུ་སྒྲུབ་ཐོགས་མེད་ཡབ་སྲས་སོགས། །རྒྱན་དྲུག་མཆོག་གཉིས་ལོ་པཎ་ཐམས་ཅད་དང༌། །ཟབ་མོ་ལྟ་བརྒྱུད་བླ་མ་འཁོར་བཅས་བསངས། །གྲུབ་ཆེན་ཕ་ཅིག་དམ་པ་སངས་རྒྱས་དང༌། །མཁའ་འགྲོ་མ་ཅིག་ལབ་ཀྱི་སྒྲོན་མ་སོགས། །རྒྱ་ཆེན་སྤྱོད་བརྒྱུད་བླ་མ་འཁོར་བཅས་བསངས། །ཁྱབ་བདག་རྡོ་རྗེ་འཆང་དབང་ཨ་ཏི་ཤ །འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ལ་སོགས་པའི། །བཀའ་གདམས་བརྒྱུད་པའི་བླ་མ་འཁོར་བཅས་བསངས། །རིགས་ཀུན་ཁྱབ་བདག་བློ་བཟང་གྲགས་པའི་དཔལ། །རྒྱལ་ཚབ་མཁས་གྲུབ་དགེ་འདུན་གྲུབ་ལ་སོགས། །ལམ་རིམ་བརྒྱུད་པའི་བླ་མ་འཁོར་བཅས་བསངས། །སྒྲ་བསྒྱུར་ཆེན་པོ་མར་བ་ལོ་ཙྪ་དང༌། །གྲུབ་པའི་དབང་ཕྱུག་མིད་ལ་ཡབ་སྲས་སོགས། །བཀའ་བརྒྱུད་བླ་མ་ཡབ་སྲས་འཁོར་བཅས་བསངས། །རྗེ་བཙུན་ཀུན་སྙིང་ས་ཆེན་པཎྜི་ཏ། །འབྲོམ་མགོན་རྒྱལ་བའི་འབྱུང་གནས་ལ་སོགས་པའི། །ལམ་འབྲས་བརྒྱུད་པའི་བླ་མ་འཁོར་བཅས་བསངས། །རྡོ་རྗེ་འཆང་དང་དཔལ་ལྡན་ཤ་བ་རི། །མཻ་ཏྲི་ར་ཧཱུ་ཁྱུང་པོ་རྣལ་འབྱོར་སོགས། །ཤངས་པ་བཀའ་བརྒྱུད་བླ་མ་འཁོར་བཅས་བསངས། །གསང་འདུས་མི་བསྐྱོད་རྡོ་རྗེའི་ལྷ་ཚོགས་དང༌། ཡི་དམ་རྡོ་རྗེ་འཇིགས་བྱེད་ལ་སོགས་པ། །འཁོར་ལོ་སྡོམ་པ་ཀྱཻ་རྡོར་ལྷ་ཚོགས་བཅས། །ཀུན་རིགས་རྡོར་དབྱིངས་རྣམ་སྣང་མངོན་བྱང་སོགས། །རྒྱུད་སྡེ་བཞི་ཡི་དཀྱིལ་འཁོར་ལྷ་ཚོགས་བསངས། །ཧཱུཾ་འཇིགས་རུང་བསིལ་པའི་ཚལ་གྱི་དུར་ཁྲོད་ནས། །ཡེ་ཤེས་མགོན་པོ་ཕྱག་དྲུག་ཕྱག་བཞི་པ། །ཡུམ་བཅས་གནོད་སྦྱིན་བཞི་དང་གུར་མགོན་ཞལ། །ཞི་རྒྱས་དབང་དྲག་ལས་ཀུན་སྒྲུབ་མཛད་པའི། །ཕྱོགས་སྐྱོང་དཔལ་མགོན་བདུན་ཅུ་འཁོར་བཅས་བསངས། །ལྷོ་ཕྱོགས་གཤིན་རྗེ་ཆེན་པོའི་གྲོང་ཁྱེར་ནས། །སྲོག་ལེན་གཤིན་རྗེའི་རྒྱལ་པོ་ཡབ་ཡུམ་དང༌། །ལས་ཀྱི་གཤིན་རྗེ་ཙ་མུཎྜི་ལ་སོགས། །དགེ་སྡིག་ཤན་འབྱེད་བསྟན་དགྲ་བརླག་པར་མཛད། །ཕོ་བརྒྱད་མོ་བརྒྱད་བཤན་པའི་ཚོགས་བཅས་བསངས། །བྱང་ཤར་མུ་ལེ་ཏིང་གི་ཁྲག་མཚོའི་ནང༌། །དཔལ་ལྡན་འདོད་ཁམས་དབང་ཕྱུག་མཁའ་འགྲོའི་གཙོ། །དམག་དང་ཟོར་གྱི་ལས་དགྱེས་དཔལ་ལྷ་མོ། །དུས་བཞིའི་རྒྱལ་མོ་གདོང་ཅན་གཉིས་དང་བཅས། །དགེ་འདུན་སྡེ་སྐྱོངས་དགྲ་བགེགས་ཐལ་བར་བརླག །མོ་བརྒྱུད་ཆོས་སྐྱོང་སྲུང་མ་འཁོར་བཅས་བསངས། །བྱང་ཕྱོགས་ལྕང་ལོ་ཅན་གྱི་དགའ་ཚལ་ནས། །འདོད་དགུའི་ཆར་འབེབས་རྒྱལ་ཆེན་རྣམ་ཐོས་སྲས། །དངོས་གྲུབ་ཀུན་སྩོལ་རྟ་བདག་བརྒྱད་ཀྱིས་བསྐོར། །ཁྲིམས་ལྡན་སྐྱོང་ཞིང་སེམས་ཅན་དབུལ་བ་སེལ། །གནོད་སྦྱིན་ནོར་ལྷ་འཁོར་དང་བཅས་པ་༝ བྱང་ཤར་མ་རུ་ཙེ་ཡི་དུར་ཁྲོད་ནས། །འཇིགས་རུང་ཁྲག་མདོག་ལྕམ་སྲིང་ཡབ་ཡུམ་དང༌། །གྲི་ཐོགས་བརྒྱད་དང་བཤན་པ་ཉེར་གཅིག་སོགས། །སྐད་ཅིག་ཙམ་ལ་དམ་ཉམས་ཐལ་བར་རློག །བདུད་བཙན་མ་མོ་གནོད་སྦྱིན་འཁོར་བཅས་༝ རང་རང་འདོད་དགུའི་ཕོ་བྲང་སོ་སོ་ནས། །པེ་ཧར་རྒྱལ་པོ་སྐུ་ལྔ་རྡོར་ལེགས་སོགས། །ཕྱོགས་སྐྱོང་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང༌། །བདག་ཅག་མཐུན་རྐྱེན་སྒྲུབ་ཅིང་བར་ཆད་སེལ། །དྲེགས་པ་སྡེ་བརྒྱད་ལྷ་ཀླུ་འཁོར་བཅས་༝ གར་བཞུགས་རྡོ་རྗེ་ཐེག་པའི་ཕོ་བྲང་ནས། །རྒྱལ་བསྟན་སྐྱོང་མཛད་བསྟན་མ་བཅུ་གཉིས་ཡང༌། །སྐུ་ཡི་སྤྲུལ་བ་སྣ་ཚོགས་ཕྱོགས་བཅུར་སྟོན། །རྣལ་འབྱོར་གྲོགས་བྱེད་སངས་རྒྱས་བསྟན་པ་སྐྱོངས། །ཚེ་རིང་མཆེད་ལྔ་བསྟན་མའི་ཚོགས་བཅས་༝ རབ་བརྗིད་སྤྲུལ་པའི་གངས་དཀར་ཕོ་བྲང་དབུས། །སྣང་སྲིད་སྡེ་དཔོན་རྨ་ཆེན་སྤོམ་ར་ཡང༌། །རྨ་རིགས་སུམ་བརྒྱ་དྲུག་ཅུའི་འཁོར་གྱིས་བསྐོར། །བསྟན་པ་སྲུང་ཞིང་བོད་ཁམས་སྐྱོང་བར་མཛད། །རྗེ་ཡི་མགུར་ལྷ་བཅུ་གསུམ་འཁོར་བཅས་༝ རང་བཞིན་སྤྲུལ་པའི་གངས་རིའི་གནས་མཆོག་ན། །སྟོབས་ལྡན་ལྷ་ཆེན་ཡར་ལྷ་ཤམ་པོ་དང༌། །སྲིད་པ་ཆགས་པའི་ལྷ་དགུ་ལ་སོགས་པའི། །ལས་རྣམས་སྒྲུབ་མཛད་མི་ཕྱུགས་སྐྱོང་བར་མཛད། །འཛམ་གླིང་གཞི་བདག་འཁོར་དང་བཅས་པ་༝ སྤང་ལྗོངས་རིན་ཆེན་སྤུངས་པའི་གནས་མཆོག་ནས། །འཇིགས་པའི་སྒྲ་སྒྲོགས་གཉན་རྗེ་གོང་སྔོན་ཡང༌། །གཉན་འཁོར་སུམ་བརྒྱ་དྲུག་ཅུའི་འཁོར་གྱིས་བསྐོར། །ཡུལ་འདིའི་མི་དང་འབྲུ་ཕྱུག་སྐྱོང་བར་མཛད། །དཀར་ཕྱོགས་སྐྱོང་བའི་གཞི་བདག་འཁོར་བཅས་༝ ལྗོན་ཤིང་བྲག་བརྒྱན་རབ་འཇིགས་སྤྲུལ་པའི་གནས། །ལྷ་ཆེན་ཐོག་ལྷ་རྩེ་རྒོད་རྔམས་ཤིང་འཇིགས། །རང་འདྲའི་སྤྲུལ་པའི་སྡེ་བརྒྱད་འཁོར་གྱིས་བསྐོར། །ལས་རྣམས་སྒྲུབ་ཅིང་དགྲ་ལས་རྒྱལ་བར་བྱེད། །ཡུལ་འདིའི་གཞི་བདག་ལྷ་ཀླུ་འཁོར་བཅས་༝ རང་བཞིན་སྤྲུལ་པའི་གནས་མཆོག་སོ་སོ་ནས། །བདག་ལ་སྲུངས་སྐྱོབས་དངོས་གྲུབ་སྟེར་མཛད་པའི། །སྐྱེས་པའི་ཡུལ་ལྷ་གྲོགས་ལྷ་ལམ་ལྷ་བཅས། །དགྲ་ལྷ་འགོ་བའི་ལྷ་སྲུང་ལ་སོགས་བསངས། །ཧཱུཾ་མཐུན་པའི་དངོས་གྲུབ་མ་ལུས་བདག་ལ་སྩོལ། །འཁོར་དང་བསྟན་པ་ལོངས་སྤྱོད་ཐམས་ཅད་ཀུན། །རྒྱས་པར་མཛོད་ཅིག་བསྟན་སྲུང་རྒྱ་མཚོའི་ཚོགས། །གཞིས་སུ་བཀྲ་ཤིས་ཚེ་རིང་ལོངས་སྤྱོད་འཕེལ། །བྱེས་སུ་ལམ་འཕྲང་ཆུ་ལས་སྒྲོལ་འདོན་མཛོད། །འཇིགས་སར་དགྲ་ཇག་ཆོམ་རྐུན་འཚེ་ལས་སྐྱོབས། །མང་པོས་བཀུར་ཞིང་སྙན་གྲགས་རྒྱས་མཛོད་ཅིག །སྙན་པའི་དར་ཕྱོར་གྲགས་པའི་དུང་བུས་ལ། །དགྲ་རྣམས་ཕམ་ཞིང་གཡུལ་ལས་རྒྱལ་བར་མཛོད། །བྱེས་སུ་འགྲོ་བའི་སྐྱེལ་མ་ལེགས་པར་གྱིས། །ཚུར་ལ་འོངས་པའི་དངོས་གྲུབ་བསུ་མ་མཛོད། །མཐུན་རྐྱེན་དམ་ཆོས་བསྒྲུབ་པའི་རྐྱེན་རྣམས་ཀུན། །འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པར་མཛོད། །བདག་ལ་སྡང་ཞིང་གདུག་པའི་སེམས་ལྡན་པའི། །གནོད་བྱེད་དགྲ་བགེགས་མ་ལུས་ཐལ་བར་རློག །འཁོར་དང་ཚེ་དཔལ་མངའ་ཐང་སྟོབས་འབྱོར་སྤེལ། །ཞི་རྒྱས་དབང་དྲག་འཕྲིན་ལས་གྲུབ་པར་མཛོད། །གང་ཡང་བདག་བློ་རྨོངས་པའི་ཉེས་པ་ཀུན། །མཆོད་རྫས་མ་འབྱོར་བསང་རྫས་སྦགས་པ་སོགས། །སྒོ་གསུམ་སྒོ་ནས་ཉེས་པ་ཅི་བགྱིས་པ། །དེ་ཀུན་ཁྱེད་རྣམས་སོ་སོས་བཟོད་མཛད་རིགས། །ཨོཾ་ཨཱཿབཛྲ་མཱུཿཡེ་ཤེས་སེམས་དཔའ་བདག་ཐིམ་འཇིག་རྟེན་པ། །དགའ་བས་ཚིམ་ནས་རང་རང་གནས་སུ་གཤེགས། །རང་གཞན་དུས་གསུམ་དགེ་བ་གང་བསག་པ། །མར་གྱུར་སེམས་ཅན་དོན་དུ་བདག་གིས་བསྔོ། །དུས་གསུམ་བདེ་གཤེགས་སྲས་བཅས་མཐུ་སྟོབས་ཀྱིས། །མ་རྣམས་སེམས་ཅན་སངས་རྒྱས་མྱུར་ཐོབ་ཤོག །གཏན་གྱི་དངོས་གྲུབ་མཆོག་རྣམས་སྩོལ་མཛད་པའི། །རྩ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །ཞི་སོགས་རབ་འབྱམས་ལས་ཀུན་སྒྲུབ་མཛད་པའི། །ཡི་དམ་ལྷ་ཚོགས་རྣམས་ཀྱི་༝ དམ་ཉམས་དགྲ་བགེགས་ཐལ་བར་བརླག་མཛད་པའི། །བསྟན་སྲུང་རྒྱ་མཚོ་རྣམས་ཀྱི་༝ ཡུལ་འདིར་འཐབ་རྩོད་ནད་རིམས་ཞི་མཛད་པའི། །ཡུལ་ལྷ་གཞི་བདག་རྣམས་ཀྱི་༝ ཆར་ཆུ་དུས་འབེབས་འབྲུ་རྣམས་འཕེལ་མཛད་པའི། །ལྷ་ཀླུ་དཀར་ཕྱོགས་སྐྱོང་པའི་བཀྲ་ཤིས་ཤོག །བཀྲ་ཤིས་སོགས་རྒྱས་པར་བྱའོ། །འདི་ཡང་རྗེ་འཇམ་དབྱངས་བཞད་པའི་རྡོ་རྗེས་མཛད་པའོ། །

                                                                                                                             རྩོམ་སྒྲིག་པ། མང་ར་བ།

           གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།