དྲེགས་པའི་སྤྱི་དཔོན་མཆོད་ཆོག་རིན་ཆེན་དབང་རྒྱལ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-11-26 20:42:16     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

70035007226342927.jpg 

    ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། བླ་མ་མཆོག་གསུམ་ཡི་དམ་ལྷ་ཚོགས་དང༌། །དཔལ་ལྡན་རྡོ་རྗེ་འཇིགས་བྱེད་ལ་བཏུད་ནས། །དྲེགས་པའི་སྤྱི་དཔོན་མཆོད་ཆོག་རིན་ཆེན་དབང༌། །རྒྱུན་འཁྱེར་འཇུག་པ་བདེ་བ་འདི་ལྟར་བྱ། །དེ་ལ་འདིར་ཆོས་སྐྱོང་ཆེན་པོའི་གསོལ་མཆོད་བྱ་ཚུལ་ལ། མཆོད་པ་སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབ། རྒྱས་པར་སྤྲོ་ན། ཧཱུཾ་ལྷུན་གྲུབ་བདེ་བ་ཆེན་པོའི་ཕོ་བྲང་ནས། །དུས་གསུམ་སངས་རྒྱས་པདྨ་ཐོད་ཕྲེང་རྩལ། །རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས། །ཐོགས་མེད་ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ། །མདུན་གྱི་ནམ་མཁར་པད་སྡོང་ཡངས་པའི་སྟེང༌། །སེང་ཁྲི་པདྨ་ཉི་མའི་གདན་ཁྲི་ལ། །ཡིད་འཕྲོག་འཇའ་ཚོན་སྣ་ལྔའི་གུར་ཁྱིམ་དབུས། །ཞབས་སེན་འོད་ཆགས་བརྟན་པར་བཞུགས་སུ་གསོལ། །ཕྱི་ཡི་མཆོད་པ་ས་དང་བར་སྣང་འགེངས། །ནང་གི་མཆོད་པ་ཟག་མེད་བདུད་རྩིའི་མཚོ། །གསང་བ་བདེ་ཆེན་སྨྲ་བསམ་བརྗོད་ལས་འདས། །འགྲོ་བའི་དོན་དུ་དགྱེས་བཞིན་བཞེས་སུ་གསོལ། །རིག་འཛིན་གྲུབ་པའི་དབང་ཕྱུག་པདྨ་འབྱུང༌། །ལྔ་བརྒྱའི་གཙུག་རྒྱན་དཔལ་ལྡན་མར་མེ་མཛད། །རྡོ་རྗེ་འཆང་དབང་བློ་བཟང་གྲགས་པའི་དཔལ། །སྣ་ཚོགས་སྤྲུལ་པའི་གར་མཛད་དེ་ལ་འདུད། །དཔལ་ལྡན་བསྟན་སྐྱོང་ཆེན་པོ་འཁོར་བཅས་རྣམས། །ཁྱེད་ཀྱི་བཀའ་དང་དམ་ཚིག་ལ་གནས་པས། །འཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་དང༌། །ཆོས་གྲྭ་ཆེན་པོ་དར་ཞིང༌རྒྱས་པར་མཛོད། །ཅེས་བླ་མ་སྤྱན་དྲངས། ཆོས་སྐྱོང་སྤྱན་དྲངས་པ་ནི། ཧྲཱིཿརང་བཞིན་རྣམ་དག་ཆོས་སྐུའི་ངང་ཉིད་ནས། །དཔག་མེད་དུས་ནས་གཡོ་བ་མེད་གྱུར་ཀྱང༌། །ཞིང་འདིར་བསྟན་དང་བསྟན་འཛིན་སྐྱོང་བ་དང༌། །མ་རུང་དགྲ་བགེགས་མ་ལུས་འདུལ་པའི་ཕྱིར། །རྒྱལ་རྣམས་གསང་གསུམ་ཡོན་ཏན་འཕྲིན་ལས་ཀྱི། །རྣམ་རོལ་ཆོས་སྐྱོང་རྒྱལ་པོ་སྐུ་ལྔའི་ཚོགས། །རྣལ་འབྱོར་འཕྲིན་ལས་བསྒྲུབ་ཕྱིར་གནས་འདིར་གཤེགས། །མདུན་གྱི་ནམ་མཁར་རིན་ཆེན་གཞལ་ཡས་དབུས། །པད་ཉི་དགྲ་བགེགས་བསྣོལ་པའི་གདན་སྟེང་དུ། །ཧྲཱིཿལས་བྱུང་བའི་ཆོས་རྒྱལ་སྐུ་ལྔའི་ཚོགས། །འཁོར་བཅས་བསྟན་པ་བསྲུང་ཕྱིར་བཞུགས་སུ་གསོལ། །སྤྲོས་ཀུན་ཉེར་ཞིའི་དབྱིངས་ལས་མ་གཡོས་ཀྱང༌། །ལོག་འདྲེན་གཤེད་དུ་དྲག་པོའི་སྐུར་བསྟན་པ། །སྤྲུལ་པའི་ཆོས་རྒྱལ་བེ་ཧར་འཁོར་བཅས་རྣམས། །རྒྱལ་བའི་བསྟན་པ་བསྲུང་ཕྱིར་དགྱེས་པར་བཞུགས། །བར་འདིར་དམ་བསྲེས་ནའང་རུང༌། དེ་ནས་ཡིག་བརྒྱ་མང་ཙམ་བརྗོད་ལ། བཤགས་པ་ནི། ཧྲཱིཿ མ་རིག་དབང་གིས་དམ་ཚིག་ཉམས་པ་དང༌། །མཆོད་གཏོར་བསྟེན་པའི་རྫས་རྣམས་མ་ཚང་འབག །རྟག་གཏོར་དུས་ཀྱི་མཆོད་པ་ཆག་པ་སོགས། །གསལ་སྟོང་འཛིན་མེད་ངང་ནས་མཐོལ་ཞིང་བཤགས། །དེ་ནས་ཐུགས་དམ་བསྐང་བ་ནི། ཧཱུཾ་དམ་ཅན་སྲུང་མ་འདུ་བའི་གནས་མཆོག་འདིར། །ཕྱི་ནང་གསང་པའི་རྟེན་དང་མཆོད་པའི་ཚོགས། །དངོས་བཤམས་ཡིད་སྤྲུལ་ནམ་མཁའ་བཀང་སྟེ་འབུལ། །དགྱེས་བཞིན་བཞེས་ནས་དངོས་གྲུབ་སྩལ་ཏུ་གསོལ། །ཡན་ལག་བརྒྱད་ལྡན་ཨརྒྷཾ་མཚོ་ལྟར་བསྐྱིལ། །ལྷ་མིའི་མེ་ཏོག་དབང་པོའི་མེ་ཏོག་དང༌། །སྨན་སྣ་ཤིང་སྣ་ཚི་ཆེན་བདུག་པ་སྤོས། །རྩི་བཅུད་རིན་ཆེན་སྒྲོན་མེ་ཚར་དུ་དངར། །ཙན་དན་ག་བུར་རཀྟའི་དྲི་ཆབ་དང༌། །རྒྱན་ལྡན་ཞལ་ཟས་ཤ་སོགས་རི་ལྟར་སྤུངས། །རྔ་ཆེན་དུང་ཆེན་རྐང་གླིང་རོལ་མོ་སོགས། །སྤྲུལ་པའི་ཆོས་རྒྱལ་འཁོར་དང་བཅས་ལ་འབུལ། །ཐུགས་དམ་བསྐངས་ཤིང་མཐུན་པའི་དངོས་གྲུབ་སྩོལ། །མཛེས་ཤིང་བརྗིད་ཆགས་རྫུ་འཕྲུལ་ཤུགས་ལྡན་རྟ། །དྲག་པོའི་སྒྲ་སྒྲོགས་སྤྲིན་ལྟར་གཡོ་བའི་གཡག །འཇམ་པའི་སྤུ་ལྡན་ཤེལ་ལྟར་འཚེར་བའི་ལུག །ཁྱུང་ལྟར་ལྡིང་བའི་བྱ་རྣམས་དུ་མ་དང༌། །ཁྱི་དཀར་ཁྱི་ནག་དོམ་དང་སྟག་སེང་སོགས། །སྤྲུལ་པའི་ཆོས་རྒྱལ་འཁོར་དང་བཅས་ལ་འབུལ། །ཐུགས་དམ་བསྐང་ཞིང་༝ དམ་ཉམས་བསྒྲལ་བའི་ཐོད་པར་ཤ་ལྔ་དང༌། །བདུད་རྩི་ལྔ་དང་སྨན་ལྔ་རིན་ཆེན་ལྔ། །དྲི་ལྔ་འབྲུ་ལྔ་སྙིང་པོ་ལྔ་དང་བཅས། །རི་རབ་གླིང་བཞི་དམར་ཆེན་གཏོར་མ་སོགས། །ལྷུན་པོ་ལ་འགྲན་བཀོད་ལེགས་མཐུན་པའི་རྫས། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པས། །སྤྲུལ་པའི་༝ ཐུགས་དམ་༝ རབ་འཇིགས་དགྲ་བགེགས་ཁྲག་དྲོན་རྟག་རོལ་ཡང༌། །སྒྱུ་མའི་དགྲ་བསད་སྙིང་བཏོན་ཇི་བཞིན་དུ། །རྒྱལ་བའི་གསང་གསུམ་བདེ་ཆེན་སྒྱུ་མའི་གར། །རྩ་གསུམ་ཆོས་དབྱིངས་རོལ་པར་ལྟ་བ་འདི། །སྤྲུལ་བའི་ཆོས་རྒྱལ་འཁོར་དང་བཅས་ལ་འབུལ། །ཕྱི་ནང་གསང་བའི་རྟེན་འབྲེལ་བསླུ་མེད་འདིས། །དགྱེས་ནས་ཐུབ་བསྟན་སྤྱི་དང་ཙོང་ཁ་བའི། །བསྟན་དང་བསྟན་འཛིན་འདུས་སྡེ་སྦྱིན་བདག་སོགས། །བསམ་བཞིན་དར་ཞིང་ཡུན་རིང་རྒྱས་པར་མཛོད། །དེ་ནས་བཟློག་པ་བྱས་ན་ལེགས། དེ་ནས་གཏོར་མ་བྱིན་གྱིས་བརླབས་ཏེ། སྤྲུལ་པའི་ཆོས་སྐྱོང་འཁོར་དང་བཅས་པའི་ལྗགས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པའི་འོད་ཀྱིས་དྲངས་ཏེ་གསོལ་བར་འགྱུར། ཨོཾ་མ་ཧཱ་ནི་རྨཱ་ཡ་དྷརྨཱ་པཱ་ལ་བེ་ཧཱ་རཱ་ཛ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་དང༌། ཨ་ཀ་རོས་འཁོར་ཕལ་པ་ལ་འབུལ། ཨོཾ་མ་ཧཱ་ནས་ས་པ་རི་ཝཱུ་ཨརྒྷཾ་སོགས་ཀྱིས་མཆོད་པ་དང་ནད་མཆོད་ཀྱང་ཕུལ། གཞི་བདག་གཏོར་མ་བསྔོས། །བསྟོད་པ་ནི། ཧྲཱིཿ ཀུན་བཟང་ཐུགས་རྗེའི་སྒྱུ་མའི་རོལ་གར་ལས། །རྒྱལ་བའི་བསྟན་དང་བསྟན་འཛིན་སྲུང་བ་དང༌། །དམུ་རྒོད་འདུལ་ཕྱིར་ཀེང་ཆེད་ལྔར་སྤྲུལ་པའི། །བསྟན་སྲུང་ཆོས་རྒྱལ་སྐུ་ལྔ་འཁོར་བཅས་བསྟོད། །ཧཱུཾ་ཁྲོ་ཆགས་སྒེག་དང་ཞི་སོགས་སྣ་ཚོགས་མདོག །འཇིག་རྟེན་འགུག་མཛད་ལྕགས་ཀྱུ་ཞགས་པ་མདའ། །རྡོ་རྗེ་རལ་གྲི་སོགས་བསྣམས་མི་བོ་ཆེ། །འཕྲིན་ལས་སྤྲུལ་པའི་ཆོས་རྒྱལ་སྐུ་ལ་བསྟོད། །མ་རུང་ཚར་གཅོད་ཧ་ཧ་ཞེས་སྒྲོག་ཅིང༌། །སྣ་ཚོགས་སྐད་ཀྱིས་རྒྱལ་བའི་འཕྲིན་ལས་བཞིན། །ཕན་བདེའི་ལམ་སྟོན་བསྟན་པ་བསྲུང་མཛད་པའི། །སྤྲུལ་པའི་ཆོས་རྒྱལ་གསུང་ལ་མངོན་པར་བསྟོད། །ལྐོག་གྱུར་ཆོས་ཀྱི་སྣང་བརྙན་ལེགས་འཆར་ཞིང༌། །སྟོང་ཉིད་སྙིང་པོའི་བདེ་སྟོང་རང་བཞིན་གྱིས། །འགྲོ་འདུལ་ཐབས་མཁས་བྱེ་བ་འབུམ་འཆང་བའི། །སྤྲུལ་པའི་ཆོས་སྐྱོང་ཆེན་པོའི་ཐུགས་ལ་བསྟོད། །ཐང་ཆེན་དང་ནི་ཚལ་གྱི་གཙུག་ལག་ཁང༌། །ཁྱད་པར་དཔལ་ལྡན་འབྲས་སྤུངས་ཆོས་སྡེ་དང༌། །རྒྱལ་སོགས་ཐམས་ཅད་མཁྱེན་པས་བཀའ་བསྒོས་བཞིན། །བསྲུང་མཛད་ཞྭ་སེར་ཆེས་སྐྱོང་མཆོག་ཁྱོད་བསྟོད། །རྒྱལ་བསྟན་སྤྱི་དང་ཁྱད་པར་དབུ་མ་དང༌། །འདུལ་བ་བཞིན་དང་ཆོས་བཞིན་བགྱིད་པ་ཀུན། །མ་བཅོལ་བར་ཡང་སྤྱན་བཞིན་བསྲུང་མཛད་པའི། །ཧྲལ་པོ་ཉམས་པ་ཚར་གཅོད་ཁྱོད་ལ་བསྟོད། །ཚུལ་བཞིན་བསྟེན་དང་གསོལ་བ་ལེགས་བཏབ་དང༌། །ཁྱད་པར་ཆོས་བཞིན་སྤྱོད་པའི་སྐྱེས་བུ་ཡིས། །དྲན་པ་ཙམ་གྱིས་འདོད་དགུ་སྦྱིན་མཛད་པའི། །ཆོས་སྐྱོང་ཡིད་བཞིན་ནོར་བུ་ལ་མངོན་བསྟོད་། །ཅེས་བསྟོད་དེ། རྒྱལ་དང་དེ་བསྟན་འཛིན་པའི་སྲོང་བཙན་སོགས། །རྒྱལ་བ་གཉིས་པ་དགེ་འདུན་རྒྱ་མཚོ་དང༌། །བསོད་ནམས་རྒྱ་མཚོ་སོགས་ཀྱིས་བཀའ་བསྒོས་བཞིན། །བདག་ཅག་འཕྲིན་ལས་བཅོལ་ཚེ་མཐུ་མ་ཆུང༌། །ཕན་བདེའི་འབྱུང་གནས་ཀུན་མཁྱེན་རྒྱལ་བའི་བསྟན། །དེ་འཛིན་སྐྱེས་བུ་ཁྲིམས་ལྡན་དགེ་འདུན་སྡེ། །ཐོས་བསམ་སྒོམ་པའི་བྱ་བ་མ་ལུས་པ། །ཡར་ངོའི་ཟླ་ལྟར་འཕེལ་བའི་འཕྲིན་ལས་མཛོད། །ཁྱད་པར་དུས་གསུམ་རྒྱལ་བའི་སྤྱི་གཟུགས་མཆོག།།བློ་བཟང་སྙན་འགྱུར་རིང་ལུགས་གྲགས་པའི་དབྱངས། །གདུགས་དཀར་སྲིད་པའི་རྩེ་མོར་རབ་ཁྱབ་ནས། །ནམ་ཡང་མི་ནུབ་རིང་དུ་རྒྱས་གྱུར་ཅིག །འཛམ་གླིང་སྤྱི་དང་ཁྱད་པར་བྱང་ཕྱོགས་འདིར། མི་ནད་ཕྱུགས་ནད་དུས་ཀྱི་འཁྲུགས་པ་སོགས །མི་མཐུན་རྒུད་པའི་ཚོགས་ཀུན་རབ་ཞི་ནས། །བདེ་སྐྱིད་དགའ་སྟོན་དཔལ་ལ་སྤྱོད་པར་མཛོད། །བསྟན་དང་བདག་ཅག་དཔོན་སློབ་སྦྱིན་བདག་ལ། །བན་བོན་སྔགས་ནག་སོགས་ཀྱི་མཐུ་དང་བྱད། །འཕངས་བསྲེག་མནན་གཏད་སྡེ་བརྒྱད་གནོད་པ་ཀུན། །ནད་རིམས་གདོན་བགེགས་དུས་མིན་འཆི་སོགས་བཟློག །རྫོགས་ལྡན་དུས་བཞིན་ཚེ་དཔལ་འབྱོར་པ་ཀུན། །ཡར་ངོའི་ཟླ་བ་ལྟ་བུར་རབ་འཕེལ་ཞིང༌། །ཆོས་སྲིད་འདོད་པའི་དོན་ཀུན་བསྒྲུབ་པ་ལ། །ཡིད་བཞིན་དབང་གི་རྒྱལ་པོ་ལྟ་བུར་མཛོད། །ཇུག་ཏུ་རྟེན་ཡོད་ན། འདིར་ནི་གཟུགས་དང་སོགས མེད་ན། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་བྱས་ལ་བཀྲ་ཤིས་བྱའོ། །སྤྲུལ་པའི་ཆོས་སྐྱོང་མཆོད་ཆོག་དབང་གི་རྒྱལ། །རྒྱལ་བ་གོང་མ་རྣམས་ཀྱིས་གསུངས་བཞིན་དུ། །དུ་མར་ཕན་འདོད་ཤཱཀྱའི་དགེ་སྦྱོང་ཞིག །རྩེ་གཞུང་བྱམས་པའི་མདུན་ས་ཐེག་ཆེན་མཛོད། །གང་དེར་ཟླ་ཚེས་དགེ་བར་བྲིས་པ་དགེ །

                                                                                                                        རྩོམ་སྒྲིག་པ། མང་ར་བ།

 

           གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།