མགོན་པོ་ཡིད་བཞིན་ནོར་བུའི་སྤྱན་འདྲེན་དངོས་གྲུབ་སྦྲང་ཆར་དཔའ་བོ་འབོད་པའི་མྱུར་མགྱོགས་ཕོ་ཉ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-11-26 20:38:12     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

68269665559478536.jpg 

    ཧཱུཾཿ བཞེངས་ཤིག་ཆོས་དབྱིངས་མཉམ་ཉིད་ཀློང་ནས་བཞེངས། །དགོངས་ཤིག་བདག་ཅག་དད་སོགས་རྗེས་དགོངས་ལ། །བླ་མགོན་ཡིད་བཞིན་ནོར་བུ་གཤེགས་སུ་གསོལ། །དཔའ་བོ་མཁའ་འགྲོའི་མངའ་བདག་གཤེགས་སུ་གསོལ། །ཁམས་གསུམ་མ་ལུས་དབང་སྡུད་གཤེགས་སུ་གསོལ། །ཉེར་བཞིའི་གནས་ནས་མཁའ་འགྲོ་སྡེ་ལྔ་སོགས། །དཔའ་པོ་དཔའ་མོ་འཁོར་དང་བཅས་རྣམས་ཀྱང༌། །སྔོན་གྱི་དམ་ཚིག་དགོངས་ནས་གཤེགས་སུ་གསོལ། །རྣལ་འབྱོར་བདེ་ཆེན་སྐྱེད་ཕྱིར་གཤེགས་སུ་གསོལ། །བླ་མགོན་མཁའ་འགྲོ་སྡེ་བཅས་འབྱོན་པའི་ཚེ། །སྐྱེ་འགྲོ་དབང་སྡུད་ཌ་དྲིལ་ཁྲོལ་ལོ་ལོ། །དགྱེས་པའི་རྣམ་འགྱུར་གར་སྟབས་ཁྲིགས་སེ་ཁྲིགས། །རིན་ཆེན་རྒྱན་གྱི་ཚོགས་རྣམས་སི་ལི་ལི། །ཁམས་གསུམ་བརྟན་གཡོའི་ཚོགས་ཀུན་ཤིགས་སེ་ཤིགས། །དྲུག་ལྡན་རྡོ་རྗེའི་གླུ་དབྱངས་གྱུ་རུ་རུ། །མཆོག་ཐུན་དངོས་གྲུབ་སྤྲིན་ཆར་ཉི་ལི་ལི། །དེ་ལྟར་ཐོགས་མེད་ཐུགས་རྗེས་འདིར་གཤེགས་ལ། །རྩ་བརྒྱུད་བླ་མས་ཇི་ལྟར་བཀའ་བསྒོས་བཞིན། །མཆོད་གཏོར་འདི་བཞེས་མཆོག་ཐུན་དངོས་གྲུབ་ཀུན། །རྣལ་འབྱོར་གང་བཅོལ་མྱུར་སྒྲུབ་དུས་ལ་བབ། །ཨོཾ་གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ས་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་ཁྲིཾ། ཞེས་ཉེར་གཅིག་བརྗོད་ལ་སྤྱན་དྲངས་ན་ངེས་པར་འབྱོན་པའི་མཚན་མ་འབྱུང་ངོ༌། །མགོན་པོ་ཡིད་བཞིན་ནོར་བུའི་སྤྱན་འདྲེན་དངོས་གྲུབ་སྦྲང་ཆར་དཔའ་བོ་འབོད་པའི་མྱུར་མགྱོགས་ཕོ་ཉ་ཞེས་པའང་རང་གི་ངག་འདོན་དུ་༸འཇམ་དབྱངས་བཞད་པའི་རྡོ་རྗེས་སྦྱར་བས་ལུས་ཅན་ཀུན་གྱི་རེ་བ་ཡིད་བཞིན་དུ་སྐོང་བར་གྱུར་ཅིག །

                                                                                                                          རྩོམ་སྒྲིག་པ། མང་ར་བ།

 

           གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།