སྨོན་ཚིག་དངོས་གྲུབ་ཀུན་འབྱུང་ཞེས་བྱ་བ་ བཞུགས་སོ། །

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-11-16 20:14:45     རྩོམ་པ་པོ།   བཙུན་གཟུགས་དགེ་འདུན་རྒྱ་མཚོས་བ    ཀློག་ཐེངས།  

744526801892300728.jpg

        རྒྱལ་ཀུན་གསང་གསུམ་ཡེ་ཤེས་སྣང་བའི་མཛོད། །ཐབས་མཁས་སྒྱུ་འཕྲུལ་དྲ་བའི་ཟློས་གར་གྱིས། །ཐར་ལམ་གསལ་མཛད་ཐུབ་དབང་སློབ་མར་བཅས། །སྐྱེ་བ་ཀུན་ཏུ་གུས་པས་ཕྱག་འཚལ་ལོ། །རྒྱལ་བའི་ཡབ་གཅིག་བརྟན་པའི་འཁོར་ལོ་དང་། །དབྱེར་མེད་རྒྱལ་བ་གཉིས་པ་ཙོང་ཁ་བ། །བཞད་པའི་རྡོ་རྗེ་ཡབ་སྲས་ཕྲེང་བརྒྱུད་ཀྱིས། ། སྨོན་དོན་ཡིད་བཞིན་འགྲུབ་པའི་དགེ་ལེགས་སྩོལ། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་ཏིང་འཛིན་དང་། །ཤེས་རབ་མཆོག་གིས་རྒྱལ་བའི་བསྟན་པ་སྤེལ། །ཡོན་ཏན་རྒྱ་མཚོ་ཆེ་ལ་མངའ་བརྙེས་པ། །བཤེས་གཉེན་དམ་པའི་ཞབས་ལ་གསོལ་བ་འདེབས། །ཁྱོད་ཀྱི་ལྷག་བསམ་ཟླ་བའི་འོད་དཀར་གྱིས། །ཡིད་འོང་ཀུ་མུད་འདབ་མ་འབུམ་བཞད་ཅིང་། །ཕན་བདེ་དགའ་སྟོན་སྩོལ་བའི་དཔལ་ཡོན་ཅན། །བཤེས་གཉེན་དམ་པས་རྗེས་སུ་འཛིན་གྱུར་ཅིག །རྣམ་ཀུན་དགེ་བའི་བཤེས་ཀྱིས་རྗེས་བཟུང་བས། །ལེགས་བཤད་དམ་ཆོས་ཡན་ལག་བརྒྱད་ལྡན་ཆབ། །ཅི་དགར་སྤྱོད་པའི་སྐལ་བཟང་གང་གའི་རྒྱུན། །སྐད་ཅིག་ཙམ་ཡང་ལྷོད་པར་མ་གྱུར་ཅིག །དེ་ཡི་མཐུ་ལས་སྐྱེ་བ་ཐམས་ཅད་དུ། །ལེགས་ཚོགས་རྩ་བ་ཚུགས་ཤིང་དལ་འབྱོར་རྙེད། །སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཡིས། །བླ་མེད་ཐེག་པ་མཆོག་ལ་འཇུག་པར་ཤོག །སྐྱེ་ཤི་བར་དོ་རྒྱལ་བའི་སྐུ་གསུམ་དུ། །སྒྱུར་བྱེད་རིམ་པ་དང་བོས་རྒྱུད་སྦྱངས་ནས། །གྲོལ་བྱེད་རྫོགས་རིམ་རིམ་པ་རྣམ་ལྔ་ཡིས། །སྐུ་གསུམ་རིན་ཆེན་གླིང་དུ་མྱུར་སོན་ཤོག །རྨད་བྱུང་སྲས་བཅས་རྒྱལ་བའི་བྱིན་རླབས་དང་། །རྟེན་འབྲེལ་སླུ་བླ་ན་མེད་པའི་བདེན་པ་དང་། །བདག་གི་ལྷག་བསམ་དག་པའི་མཐུ་སྟོབས་ཀྱིས། །རྣམ་དག་སྨོན་པའི་གནས་ཀུན་མྱུར་འགྲུབ་ཤོག །ཅེས་ངེས་དོན་གྱི་དགེ་བའི་བཤེས་གཉེན་བཟོད་པ་རྒྱ་མཚོ་བའི་ཚེ་རབས་རྗེས་འཛིན་གྱི་སྨོན་ཚིག་འདི་ལྟ་བུ་ཞིག་དགོས་ཞེས་རྙེ་དགོན་བཤད་སྒྲུབ་དར་རྒྱས་དགེ་འཕེལ་གླིང་གི་འདུས་སྤྱི་ཐུན་མོང་ནས་སྐུལ་མ་བྱུང་བ་བཞིན་དུ་བཙུན་གཟུགས་དགེ་འདུན་རྒྱ་མཚོས་བྲིས་པ་དགེ་ལེགས་སུ་གྱུར་ཅིག །


                                                    རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།
     གསལ་འདེབས།། 
          རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
          དྲ་བའི་སྦྲེལ་ཐགhttp://www.tb1025.cn
 

 

བརྒྱུད་འགོད།