སྨོན་ཚིག་རིན་ཆེན་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ། །

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-10-16 19:59:28     རྩོམ་པ་པོ།   རྗེའཇམ་དབྱངས་རྒྱ་མཚོ།    ཀློག་ཐེངས།  

  

༄༅། །རྒྱལ་བའི་ཡབ་གཅིག་རྗེ་བཙུན་འཇམ་པའི་དབྱངས། །རིགས་གསུམ་བདག་ཉིད་རྒྱལ་བ་ཙོང་ཁ་པ། །འཇམ་དཔལ་དབྱངས་དངོས་བཞད་པའི་རྡོ་རྗེའི་མཚན། །དབྱེར་མེད་ཞབས་ཀྱི་པདྨོར་གུས་པས་འདུད། །འཇམ་དཔལ་དབྱངས་དངོས་ཐེག་མཆོག་དགེ་བའི་བཤེས། །དུ་མའི་ཞབས་རྡུལ་སྤྱི་བོར་བསྟེན་པའི་མཐུས། །ཟབ་དོན་གདམས་པའི་བཅུད་ཀྱིས་ཡོངས་གང་བའི། །གཞུང་ལུགས་རྒྱ་མཚོར་འཇུག་ལ་གསོལ་བ་འདེབས། །དེང་ནས་བཟུང་སྟེ་སྐྱེ་བའི་འཕྲེང་བ་རུ། །ཡང་དག་བླ་མས་འབྲལ་མེད་རྗེས་བཟུང་སྟེ། །བཤེེས་གཉེན་ཚུལ་བཞིན་བསྟེན་ལ་ཟླ་བྲལ་བ། །རྒྱལ་སྲས་རྟག་ཏུ་ངུ་དང་མཚུངས་པར་ཤོག ། འཇམ་དཔལ་དབྱངས་དང་དབྱེར་མེད་བླ་མ་ཡིས། །མི་འབྲལ་བརྩེ་བ་ཆེན་པོས་རྗེས་བཟུང་ནས། །དམ་ཆོས་གདམས་པའི་མཛོད་ཀུན་འཛིན་པ་ལ། །ནམ་ཡང་ཞུམ་མེད་སྙིང་སྟོབས་ལྡན་པར་ཤོག །བདེ་ལེགས་ཀུན་གྱི་རྩ་བ་ལས་འབྲས་ལ། །ཡིད་ཆེས་དད་པ་བརྟན་པོ་རྙེད་པ་དང་། །སྡོམ་གསུམ་གཅས་མཚམས་ཕྲ་རགས་མཐའ་དག་ལས། །སྲོག་གི་ཕྱིར་ཡང་འདའ་བར་མ་གྱུར་ཅིག །སྲིད་མཚོ་སྡུག་བསྔལ་ཀུན་གྱི་སྒོར་མཐོང་ནས། །བཅོས་མིན་ངེས་འབྱུང་རྒྱུད་ལ་སྐྱེ་བ་དང་། །མ་རྣམས་སྡུག་བསྔལ་ཀུན་ལས་བསྒྲལ་བའི་ཕྱིར། །ཐེག་མཆོག་སེམས་བསྐྱེད་འབྱོངས་པ་ཉིད་གྱུར་ཅིག །བདག་སོགས་དེང་ནས་སྐྱེ་བ་ཐམས་ཅད་དུ། །རྒྱལ་སྲས་སྤྱོད་པ་རྒྱ་མཚོ་ལྟ་བུ་ལ། །བརྩོན་པ་ནམ་ཡང་འགྲན་ཟླ་མ་མཆིས་པའི། །སར་གནས་སེམས་དཔའ་རྣམས་དང་མཚུངས་པར་ཤོག ། མདོར་ན་དེང་ནས་ཚེ་རབས་ཐམས་ཅད་དུ། །སྒོ་གསུམ་དགེ་བའི་བྱ་བ་གང་བགྱིས་པ། །དེ་དག་གང་ཡིན་གཅིག་ཏུ་བསྡོམས་པའི་མཐུས། །འགྲོ་ཀུན་གཏན་གྱི་བདེ་ལ་རེག་གྱུར་ཅིག །

 

ཅེས་བླ་མའི་བྱིན་རླབས་སེམས་ལ་འཇུག་པའི་སྨོན་ཚིག་འདི་ལྟ་བུ་ཞིག་དགོས་ཞེས་༧རྒྱལ་མཁན་སྤྲུལ་བློ་བཟང་མཁས་གྲུབ་རྒྱ་མཚོ་སོགས་འགའ་ཞིག་གིས་བསྐུལ་ངོ་མ་བཟློག་ཙམ་དུ་བཙུན་གཟུགས་འཇམ་དབྱངས་རྒྱ་མཚོས་བྲིས་པའོ། །། །


རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn            

བརྒྱུད་འགོད།