རྗེས་དྲན་ཆེད་བསྒྲིགས། བརྟན་གསོལ་སྨོན་ཚིག་དགེ་ལེགས་ཀུན་འབྱུང་ཞེས་བྱ་བ་བཞུགས་སོ། །

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-06-09 07:43:16     རྩོམ་པ་པོ།   ཡོངས་འཛིན་པོ་ཆེ།    ཀློག་ཐེངས།  

 5ab5c9ea15ce36d31c6d382238f33a87e950b1b3.jpg

       

  བློ་བཟང་རྒྱལ་བའི་སྙན་བརྒྱུད་གདམས་པའི་མཛོད།  །མཁས་གྲུབ་དམ་པའི་ཞལ་ནས་འོངས་པའི་རྒྱུན།  །སྐལ་ལྡན་རྒྱ་མཚོའི་ཚོགས་ལ་སྩོལ་མཛད་པ།  །ཡོངས་འཛིན་སྨྲ་བའི་དབང་བོར་གསོལ་འདེབས།  །རྨད་བྱུང་ལོངས་སྤྱོད་རྫོགས་སྐུ་ཚེ་མཐའ་ཡས།  །རྣམ་པར་རྒྱལ་མ་ཡིད་བཞིན་འཁོར་ལོ་སོགས།  །ཚེ་དཔལ་སྟེར་མཛད་ལྷ་ཡི་མཐུ་བྱིན་གྱིས།  །ཁྱོད་ཞབས་རྡོ་རྗེ་ངོ་བོར་རྟག་བཞུགས་གསོལ།  །དེང་ནས་ཚེ་རབས་པདྨོའི་ཕྲེང་བ་རུ།  །ཁྱོད་གསུང་ཟབ་རྒྱས་བདུད་རྩིའི་རོ་མངར་བོ།  །རྟག་ཏུ་འཐུང་བས་རྨོངས་མུན་ཀུན་བཅིལ་ཏེ།  །གསང་བའི་མཛོད་ཀུན་འཛིན་ལ་དབང་འབྱོར་ཤོག  །བླ་མ་ལྷར་བཅས་མཆོག་གསུམ་བྱིན་རླབས་དང་།  །བདག་ཅག་དད་མོས་ཚོགས་པའི་རྟེན་འབྱུང་གིས།  །ཇི་ལྟར་སྨོན་པའི་རེ་འབྲས་དངོས་པོ་ཀུན།  །འབད་མེད་ལྷུན་འགྲུབ་དགེ་མཚན་དར་ཤོག  །ཨོཾ་ཨཱཿགུ་རུ་བཛྲ་དྷ་ར་སུ་མ་ཏི་པ་ཊུ་སིངྔྷི་ས་མུ་ཏྲ་སརྦ་སིདྡྷི་ཧཱུཾཧཱུཾ། སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་།  །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་།  །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས།  །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག  །རྗེ་བཙུན་བླ་མ་སྐུ་ཚེ་རབ་བརྟན་ཅིང་།  །རྣམ་དཀར་འཕྲིན་ལས་ཕྱོགས་བཅུར་རྒྱས་པ་དང་།  །བློ་བཟང་བསྟན་པའི་སྒྲོན་མེ་ས་གསུམ་གྱིས།  །འགྲོ་བའི་མུན་སེལ་རྟག་ཏུ་གནས་གྱུར་ཅིག  །

           ཅེས་པ་འདི་ནི་བསླབ་གསུམ་ནོར་བུའི་རྒྱན་ལྡན་དགེ་སློང་བསོད་ནམས་ཡོན་ཏན་དང་སྔགས་འཆང་དགེ་འདུན་དར་རྒྱས་གཉིས་ནས་ཡང་ཡང་བསྐུལ་ངོ་མ་ཟློག་ཙམ་དུ་ཡོངས་འཛིན་མིང་ཅན་ནས་བྲིས་པ་དགེ་ལེགས་འཕེལ།  སྨྲས་པ།  རྣམ་གྲོལ་འདོད་པའི་སྐྱེ་བོ་མཐའ་དག་ལ།  །ལེགས་བཤད་བདུད་རྩིའི་དགའ་སྟོན་འགྱེད་པའི་ཕྱིར།  །ཁྲིམས་ལྡན་གླིང་ཞེས་བསྔགས་པའི་ཆོས་གྲྭ་ནས།  མི་བཟད་པར་གྱི་ཀུན་བཟང་སྤྲིན་འདི་སྤྲོས།  །སརྦ་མངྒ་ལཾ།  

                          རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

དྲ་བའི་སྦྲེལ་ཐགhttp://www.tb1025.cn            



བརྒྱུད་འགོད།