རྗེས་དྲན་ཆེད་བསྒྲིགས། ལ་མོའི་ཡོངས་འཛིན་རིན་པོ་ཆེའི་བརྟན་གསོལ་སྨོན་ཚིག་བཞུགས་སོ། །

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-06-09 07:38:39     རྩོམ་པ་པོ།   བླ་ཁོ་རིན་པོ་ཆེ།    ཀློག་ཐེངས།  

 IMG_5205.JPG

འགྲོ་ལ་རྗེས་ཆགས་སྙིང་རྗེ་སྤྱན་རས་ཀྱི།  །ཐུགས་རྗེས་གཟིགས་པ་ནམ་ཡང་འདོར་མིན་པ།  །གངས་ཅན་ལྷ་གཅིག་ཕྱག་ན་པདྨོ་ཡི།  །བྱིན་རླབས་ཉིན་བྱེད་འོད་ཀྱིས་རིང་དུ་སྐྱོངས།  །འཇམ་མགོན་བློ་བཟང་རྒྱལ་བའི་བསྟན་པ་ལ།  །རྨད་བྱུང་མཁས་དང་གྲུབ་པའི་དཔལ་བརྙེས་པ།  །ལུས་ཅན་རྒྱ་མཚོའི་མགོན་དཔུང་དམ་པ་རུ།  །ཞབས་པད་གཡོ་བ་མེད་པའི་དགེ་ལེགས་སྩོལ།  །བསྟན་པ་རིན་ཆེན་བྱང་ནས་བྱང་གི་ཆར།  །དར་བར་ལུང་བསྟན་བདེན་པའི་མཐུ་བྱིན་གྱིས།  །འཛམ་གླིང་གསེར་ལྡན་འཛིན་མའི་བྱང་གི་ཆར།  །བློ་བཟང་རིང་ལུགས་དར་རྒྱས་སྤེལ་ལ་སྨོན།  །བསྟན་པའི་རྩ་བ་འདུལ་བ་འབུམ་སྡེའི་སྙིང་།  །བསླབ་པ་གསུམ་དང་སྡེ་སྣོད་རྣམ་གསུམ་གྱི།  །སྒྲུབ་དང་འཆད་ཉན་ཐོས་བསམ་སྒོམ་པ་ཡིས།  །རྫོགས་ལྡན་དགའ་བ་རྒྱ་ཆེར་བསྐྱེད་གྱུར་ཅིག །དེའི་ཕྱིར་བསྟན་འཛིན་དམ་པའི་ཚོགས་རྣམས་ཀྱི།  །ཞབས་པད་རི་དབང་ལྟ་བུར་རབ་བརྟན་ནས།  །རྣམ་དཀར་མཛད་བཟང་སྣང་བའི་རྩེ་དགའ་ལ།  །སྐྱེ་དགུས་ལོངས་སུ་སྤྱོད་པའི་མཐུ་འགྲུབ་ཤོག  །བསླུ་མེད་མཆོག་གསུམ་རིན་ཆེན་བདེན་བྱིན་དང་།  །དམ་ཅན་ཆོས་སྐྱོང་སྲུང་མའི་འཕྲིན་ལས་ཀྱིས།  །སྨོན་དོན་གེགས་མེད་བདེ་ལེགས་འགྲུབ་གྱུར་པའི།  །བཀྲ་ཤིས་དཔལ་གྱི་རིང་དུ་སྐྱོང་བར་ཤོག  །

ཅེས་ལུང་རིགས་སྨྲ་བའི་དབང་བོ་ལ་མོའི་ཡོངས་འཛིན་རིན་པོ་ཆེའི་བརྟན་གསོལ་སྨོན་ཚིག་འདི་ནི།  དགེ་ཚུལ་བློ་བཟང་རྒྱ་མཚོ་དང་བྱམས་པ་འཕྲིན་ལས་གཉིས་ཀྱིས་བསྐུལ་ངོར། སྙོམས་ལས་པ་འཇིགས་མེད་འཕྲིན་ལས་རྒྱ་མཚོས་སྦྱར་བའོ།  །

རྩོམ་སྒྲིག་པ། ཤེས་རབ་རལ་གྲི། 

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 

དྲ་བའི་སྦྲེལ་ཐགhttp://www.tb1025.cn  

          

བརྒྱུད་འགོད།