བསང་ཡིག་དགེ་མཚན་པད་མོ་བཞད་པའི་ཉི་མ།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2016-05-01 22:55:49     རྩོམ་པ་པོ།   ལ་མོའི་ཡོངས་འཛིན་བློ་བཟང་མཁས་ག    ཀློག་ཐེངས།  

IMG_2331.JPG

  ༄༅།། ཐུགས་རྗེའི་བདག་ཉིད་རྩ་རྒྱུད་བླ་མ་དང། །ཡི་དམ་ལྷ་ཚོགས་སྐྱབས་གནས་དཀོན་མཆོག་གསུམ། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས། །སྤྱན་འདྲེན་མཆོད་པའི་གནས་འདིར་གཤེགས་སུ་གསོལ། ། རཾ་ཡཾ་ཁཾ། ཨོཾ་ཨཱ་ཧཱུཾ། མཆོད་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ། །བསླུ་བ་མེད་པའི་གཏན་གྱི་སྐྱབས་གནས། །བླ་མ་དཀོན་མཆོག་རིན་ཆེན་རྣམ་གསུམ། །བསྟན་པའི་བདག་པོ་ཤཱཀྱའི་རྒྱལ་བོ།།བསྐལ་བ་བཟང་པོའི་སངས་རྒྱས་སྟོང་རྩ།། དགྲ་བཅོམ་བསྟན་པའི་གཏད་རབས་བདུན་དང་། །འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས། །ཟུང་འཇུག་སྐུ་བརྙེས་གྲུབ་ཆེན་བརྒྱད་ཅུ་སོགས་རྒྱ་གར་འཕགས་པའི་ཡུལ་གྱི་འཕགས་ཡུལ་པཎ་གྲུབ་རིམ་བྱོན་རྣམས་ཀྱི་ཞལ་དུ་རཾ་ཡཾ་ཁཾ། ཨོཾ་ཨཱ་ཧཱུཾ། ཨཻ། བོད་ཡུལ་སྲིན་པོ་མུན་པའི་གླིང་འདིར། །དམ་པའི་ཆོས་ཀྱི་དཀར་ལམ་བཏོད་པའི། །ཆོས་རྒྱལ་ལོ་པཎ་གོང་མ་རིམ་བྱོན། །མཁན་སློབ་ཆོས་གསུམ་ཇོ་འབྲོམ་ཡབ་སྲས། །ཁྱད་པར་གངས་ཅན་ཤིང་རྟའི་སྲོལ་འབྱེད། །འཇམ་མགོན་རྒྱལ་བ་བློ་བཟང་གྲགས་པ།   །ཡབ་སྲས་འཁོར་སློབ་དག་པ་རྣམ་བརྒྱད། །རྒྱལ་ཚབ་འཇམ་དབྱངས་གཙང་པ་བདུན་བརྒྱུད། །འཕགས་མཆོག་ཕྱག་ན་པདྨོའི་རྣམ་སྤྲུལ། །སྐྱབས་མགོན་རྒྱལ་བའི་དབང་བོ་རིམ་བྱོན། །སྣང་བ་མཐའ་ཡས་ངུར་སྨྲིག་རྣམ་རོལ། །ཀུན་གཟིགས་པཎ་ཆེན་འཁྲུངས་རབས་རིམ་བྱོན། །ཀུན་མཁྱེན་བླ་མ་བཞད་པའི་རྡོ་རྗེ།།འཁྲུངས་རབས་གསེར་རིའི་འཕྲེང་བསྟར་བརྒྱུས་པ།།འགྲོ་མགོན་ཐར་ཤུལ་ཆོས་སྐྱོང་རྒྱ་མཚོ་ལ་སོགས་པ་མདོ་སྔགས་བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་བསྒྲེངས་པའི་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱ་ཧཱུཾ། ཨཻ། ཚེ་གཅིག་ལུས་གཅིག་ཉིད་ལ། །སྐུ་བཞིའི་རྒྱལ་ས་སྟེར་བའི།།བྱིན་རླབས་ཅན་གྱི་ཡི་དམ། །ཕ་རྒྱུད་གསང་བ་འདུས་པ། །མ་རྒྱུད་འཁོར་ལོ་བདེ་མཆོག །དཔལ་ཆེན་རྡོ་རྗེ་འཇིགས་བྱེད། །སངས་རྒྱས་དུས་ཀྱི་འཁོར་ལོ། ། ཁྲོ་རྒྱལ་གསང་བདག་འཁོར་ཆེན། །དབང་ཆེན་རྟ་མཆོག་རོལ་བ་ལ་སོགས་པའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་ཁྱེད་རྣམས་ཀྱི་ཞལ་དུ་ཨོཾ་ཨཱ་ཧཱུཾ། ཨཻ། ཤར་ལྷོ་བསིལ་བའི་ཚལ་གྱི་དུར་ཁྲོད། །ཙན་དན་ནགས་ཚལ་འཁྲུགས་པའི་ཀློང་ནས། །མྱུར་མཛད་ཡེ་ཤེས་མགོན་པོ་ཕྱག་དྲུག །གསང་ཡུམ་མ་ཅིག་དཔལ་ལྡན་ལྷ་མོ།།འཕྲིན་ལས་མྱུར་སྒྲུབ་གནོད་སྦྱིན་རྣམ་བཞི། །གཙང་རིས་དཔལ་མགོན་བདུན་ཅུའི་ཚོགས་དང་བཅས་པ་ཁྱེད་རྣམས་ཀྱི་ཞལ་དུ་ཨོཾ་ཨཱ་ཧཱུཾ། ཨཻ། ལྷོ་ཕྱོགས་རིམ་པ་བདུན་གྱི་འོག་རོལ། །འཇིགས་རུང་ལྕགས་མཁར་སྒོ་མེད་ནང་ནས། །ཆོས་ཀྱི་རྒྱལ་བོ་ཕྱི་ནང་གསང་གསུམ། །མ་མོ་ནག་མོ་ཙ་མུཎྟིསོགས། །ཕོ་རྒྱུད་མོ་རྒྱུད་གཤིན་རྗེའི་འཁོར་དང་བཅས་པ་ཁྱེད་རྣམས་ཀྱི་ཞལ་དུ་ཨོཾ་ཨཱ་ཧཱུཾ།  འདོན་མི་འདོན་སྐབས་དང་སྦྱར་བསང་བརྩི་ན།།ཨཻ། གནས་མཆོག་ཧ་ཧ་རྒོད་པའི་དུར་ཁྲོད། །དར་ལུང་གཉན་པོ་ཁའུ་བྲག་རྫོང་། །ས་སྐྱའི་སྤྲུལ་བའི་གཙུག་ལག་ཁང་སོགས། །རང་བཞིན་དག་པ་ཆོས་ཀྱི་དབྱིངས་ནས། །ཀླུ་སྒྲུབ་ཞབས་ཀྱི་ལྟ་བའི་སྲུང་མ། །དཔལ་མགོན་སྟོབས་འཕྲོག་མ་ཧཱ་ཀཱ་ལ། ། ཧེ་རུ་ཀ་དཔལ་བྲམ་ཟེའི་གཟུགས་ཅན། །ཟག་མེད་དགྱེས་བསྐྱེད་ཡུམ་ཆེན་རྣམ་བཞི། །ལས་བྱེད་གྲི་ཐོགས་བཤན་པ་ཉེར་གཅིག །སྤྲུལ་བ་ཡང་སྤྲུལ་འབུམ་སྡེའི་ཚོགས་དང་བཅས་པ་ཁྱེད་རྣམས་ཀྱི་ཞལ་དུ་ཨོཾ་ཨཱ་ཧཱུཾ། ཨཻ།བྱང་ཤར་མུ་ལེ་དུང་གི་ཁྲག་མཚོར།།བསེ་མཁར་སྨུག་པོའི་གཞལ་ཡས་ཁང་ནས།།རིགས་དང་རྒྱུད་ལ་འགོ་བའི་སྲུང་མ།།མ་གཅིག་དཔལ་ལྡན་དམག་ཟོར་རྒྱལ་མོ།།སྣ་ཁྲིད་ཆུ་སྲིན་སེངྒེའི་གདོང་ཅན།། དུས་བཞིའི་ལས་སྒྲུབ་རྒྱལ་མོ་རྣམ་བཞི།།མོ་རྒྱུད་སྲུང་མའི་ཚོགས་དང་བཅས་པ་ཁྱེད་རྣམས་ཀྱི་ཞལ་དུ་ཨོཾ་ཨཱ་ཧཱུཾ། ཨཻ། བྱང་ཤར་མ་རུ་ཙྱེ་ཡཻ་དུར་ཁྲོད། །བྲག་དམར་མཆོང་ལྡིང་ཕོ་བྲང་སོགས་ནས།།གནོད་སྦྱིན་ཆེན་པོ་དྲེགས་པ་ལྕམ་སྲིང་། །སྲིང་མོ་སྲིད་པའི་ལྷ་མོ་གདོང་དམར། །བཀའ་ཉན་ལས་མཁན་སྲོག་བདག་དམར་པོ། །འཁོར་ཚོགས་བཤན་པའི་ཚོགས་དང་བཅས་པ་ཁྱེད་རྣམས་ཀྱི་ཞལ་དུ་ཨོཾ་ཨཱ་ཧཱུཾ། ཨཻ། རྒྱལ་ཀུན་གསང་གསུམ་བདག་པོའི་ཞིང་ཁམས། །བྱང་ཕྱོགས་ལྕང་ལོ་ཅན་གྱི་གནས་ནས། །བསླབ་གསུམ་ཚུལ་ཁྲིམས་བསྟན་པའི་སྲུང་མ། །རྒྱལ་པོ་ཆེན་པོ་རྣམ་མང་ཐོས་སྲས། །ཐུགས་སྤྲུལ་གནོད་སྦྱིན་རྟ་བདག་བརྒྱད་སོགས། །གྲངས་མེད་ནོར་ལྷའི་ཚོགས་དང་བཅས་པ་ཁྱེད་རྣམས་ཀྱི་ཞལ་དུ་ཨོཾ་ཨཱ་ཧཱུཾ། ཨཻ། འོག་མིན་བདེ་ཆེན་ཆོས་ཀྱི་ཞིང་ཁམས། །རི་བོ་ཧི་མ་ལ་ཡི་སྐྱེད་ཚལ། །ནུབ་ཕྱོགས་ཕ་ཝང་ལུང་བའི་སྐུ་མཁར། །གར་བཞུགས་སྡེ་བརྒྱད་དྲེགས་པའི་གནས་ནས། །འཛམ་གླིང་གནམ་ས་ཕྱེད་ཀྱི་བདག་པོ། །སྐྱེས་མཆོག་དམ་ཅན་རྡོ་རྗེ་ལག་པ། །དངོས་གྲུབ་མཆོག་སྩོལ་དམ་ཅན་ནོར་ལྷ། །ཐེའུ་རང་སྟོང་དཔོན་མགར་བ་ནག་པོ།། ཐུགས་ཀྱི་དགྱེས་སྡེ་བསྟན་མ་བཅུ་གཉིས། ། ལས་བཞི་མྱུར་སྒྲུབ་རུ་འདྲེན་སྡེ་བཞི། །ལྷ་ཀླུ་བཙན་བདུད་མ་མོའི་དཔུང་ཚོགས། །དགེ་བསྙེན་མཆེད་འཁོར་སུམ་བརྒྱ་དྲུག་ཅུ་དང་བཅས་པ་ཁྱེད་རྣམས་ཀྱི་ཞལ་དུ་ཨོཾ་ཨཱ་ཧཱུཾ། ཨཻ། སངས་རྒྱས་རྣམ་པར་གཟིགས་པའི་སྤྱན་སྔར། །སེམས་བསྐྱེད་ནས་བཟུང་ས་བཅུ་བགྲོད་ཀྱང་། །ཐུབ་བསྟན་ཆོས་འཁོར་སྐྱོང་བའི་སླད་དུ།།འབྲོག་གནས་ཚུལ་བཟུང་རྨ་རྒྱལ་སྦོམ་ར། །ཕྱོགས་བཞི་སྐྱོང་བའི་གཉན་ཆེན་སྡེ་བཞི། ། བསྟན་སྐྱོང་རྨ་རིགས་སུམ་བརྒྱ་དྲུག་ཅུ། །རྨ་འཁོར་སྟོང་དང་ལྔ་བརྒྱའི་ཚོགས་དང་བཅས་པ་ཁྱེད་རྣམས་ཀྱི་ཞལ་དུ་ཨོཾ་ཨཱ་ཧཱུཾ། ཨཻ། སྟོང་གསུམ་འཇིག་རྟེན་ཡུད་ཀྱིས་བགྲོད་པའི། །རྫུ་འཕྲུལ་ཤུགས་ལྡན་དྲེའུ་དཀར་སྟེང་ན། །འཕྲིན་ལས་མྱུར་མགྱོགས་ཀུན་གྱི་སྡེ་དཔོན། །འཇམ་དཔལ་ནག་པོའི་ཐུགས་ཀྱི་སྤྲུལ་བ། །བུན་ཁྲང་གསེར་ཞལ་ཡུལ་ལྷ་གཉན་པོ། །བཀའ་ཉན་ལས་བྱེད་བཤན་པ་ཙི་ཐུང་། །སྡིག་ཅན་སྲོག་ལེན་ཤན་པ་ར་མགོ །ཀླུ་བཙན་མ་མོའི་འཁོར་དང་བཅས་པ་ཁྱེད་རྣམས་ཀྱི་ཞལ་དུ་ཨོཾ་ཨཱ་ཧཱུཾ། ཧོ། སྟོབས་ལྡན་དགྲ་ལྷ་ཡོངས་ཀྱི་སྡེ་དཔོན།།འཕྲིན་ལས་མྱུར་མགྱོགས་བྲག་དཀར་མཆེད་གསུམ།།མང་ཡུལ་གསེར་ལྗོངས་རིང་མོའི་གོང་བ།།མཁའ་འགྲོ་སྒེས་ཀྱི་ལྷ་མོ་སྤུན་གསུམ།།བླ་རི་ཁེ་རབ་དཔག་ཆེན་གཙོ་བས།།དཀར་ཕྱོགས་སྐྱོང་བའི་མཐོན་པོ་བཅུ་གསུམ།།བན་བོན་དཔོན་གྱི་བླ་གནས་ས་འཛིན།། ཨ་མྱེས་གླང་ཆེན་འགྱིངས་རི་མཐོན་པོ།། ཁྱུང་མགོན་ཡར་སེང་ཐུགས་ཀྱི་སྲས་པོ།།གནས་སྲུང་ཁྱུང་ཐོད་འཕགས་པ་ཀླུ་སྒྲུབ།། དགེ་བསྙེན་ཕྱིང་དཀར་སྤྲུལ་བ་ཡང་སྤྲུལ།།དངོས་གྲུབ་མཆོག་སྩོལ་དགྲ་ལྷའི་རྒྱལ་བོ།།མཐུ་ལྡན་བཙོད་ལུང་དམག་དཔོན་མཐོན་པོ།།དགོས་འདོད་ཡིད་བཞིན་སྩོལ་བའི་དགྲ་ལྷ།། འཕྲིན་ལས་མྱུར་མགྱོགས་གཡུ་རྒོད་གཉན་པོ།།དཀར་ཕྱོགས་སྐྱོང་བ་ཀུན་གྱི་སྡེ་དཔོན།།ལྷ་དཔོན་ཆུ་བཟང་རྫ་རི་དཀར་བོ།།ནག་ཕྱོགས་བདུད་སྡེ་རྩ་ནས་འཇོམས་པའི།།ལྷ་གཉན་བཙན་པོ་ཁུ་ལུང་གཡག་སྙིང་།།འདོད་རྒུའི་འབྱོར་བ་ཅི་དགར་སྩོལ་བའི།།གཏེར་བདག་བཅུད་པར་རྫ་རྒན་མཐོན་པོ།།གནས་གསུམ་ཊཱ་ཀི་བྱེ་བའི་རོལ་རོལ་གར།།མང་རའི་མཁའ་འགྲོ་དཔལ་མོ་བརྒྱ་རྩ་སོགས་མང་སྟོད་སྨད་ཀྱི་དཀར་ཕྱོགས་སྐྱོང་བའི་ལྷ་སྲིན་སྡེ་བརྒྱད་ཡུལ་ལྷ་གཞི་བདག་རྣམས་ལ་འབུལ་ལོ།། མཆོད་དོ། དགྱེས་བཞིན་བཞེས་སུ་གསོལ།ཧོ། བསླུ་མེད་མཆོག་གསུམ་འདུས་པའི་བདག་ཉིད།།དྲིན་ཅན་རྩ་བ་བརྒྱུད་པའི་བླ་མ།། རྒྱུད་སྡེ་རྣམ་བཞིའི་ཡི་དམ་ལྷ་ཚོགས།།མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་དང་།།ཡུལ་ཁམས་སྐྱོང་བའི་གཞི་བདག་གནས་བདག །མཐུ་ལྡན་དཀར་ཕྱོགས་སྐྱོང་བ་རྣམས་ལ། །ཨོཾ་ཨཱ་ཧཱུཾ་གིས་བྱིན་གྱིས་བརླབས་པའི། །ཟག་མེད་བདུད་རྩིའི་བསང་རྫས་འདི་རྣམས། །ཀུན་བཟང་མཆོད་པའི་སྤྲིན་དུ་སྤྲོས་ནས། །མཆོད་ཡུལ་རྣམས་ལ་འཕྲིན་ལས་བཅོལ་རྒྱུ། ཨཻ། སངས་རྒྱས་བསྟན་པའི་དབུ་འཕང་དགུང་ལ་བསྟོད་ཅིག །བསྟན་འཛིན་སྐྱེས་བུ་རྣམས་ཀྱི་སྐུ་ཚེ་སྲིངས་ཤིག དགོན་གནས་དགེ་འདུན་སྡེ་རྣམས་ཕྱོགས་མཐར་ཁྱབ་ཅིག །རྒྱལ་ཁམས་ཡོངས་ལ་བདེ་སྐྱིད་འཕེལ་བར་མཛོད་ཅིག །ནག་ཕྱོགས་བདུད་སྡེའི་དཔུང་ཚོགས་འཇོམས་པར་མཛོད་ཅིག །མཐའ་དམག་མཐའ་འདྲེའི་འཇིགས་པ་ཞི་བར་མཛོད་ཅིག །བསམ་སྦྱོར་ངན་པའི་གདུག་རྩུབ་དྲུངས་ནས་ཕྱུངས་ཤིག །འཐབ་རྩོད་འཁྲུག་སློང་གྱོད་སྣ་དགྲ་ལ་སྒྱུར་ཅིག ཉིན་གསུམ་མཐོ་བའི་སྒང་ནས་སོ་བ་མཛོད་ཅིག །མཚན་གསུམ་དམའ་སའི་གཞུང་ནས་མེལ་ཚེ་མཛོད་ཅིག །སྒོ་ཟོག་ཕྱུགས་ནོར་རིགས་ལ་གོད་ཁ་མ་གཏོང་། །ཕ་མ་ཉེ་དུ་ཚང་མར་ནད་ཚ་མ་གཏོང་། །སྐྱིད་ཀྱི་ཉི་མ་རྟག་ཏུ་ཤར་བར་མཛོད་ཅིག །སྡུག་གི་མུན་པ་གཏིང་ནང་སེལ་བར་མཛོད་ཅིག །ཆོས་སྲིད་གཡང་གི་མཚོ་མོ་འཁྱིལ་བར་མཛོད་ཅིག །བླ་ཚེ་སྲོག་གི་རི་རྒྱལ་བརྟན་པར་མཛོད་ཅིག །ཕྱོགས་བཅུར་སྙན་པའི་གཡས་འཁྱིལ་དུང་དཀར་བུས་ཤིག ས་གསུམ་གྲགས་པའི་དར་ཆེན་སྲིད་རྩེར་སྒྲེངས་ཤིག། བསམ་པའི་དོན་འགྲུབ་འདོད་པའི་རེ་བ་སྐོངས་ཤིག བཅོལ་བའི་འཕྲིན་ལས་མ་ལུས་མྱུར་དུ་འགྲུབ་པར་མཛོད་མཛོད།། བླ་མ་ཡི་དམ་ཆོས་སྐྱོང་སྲུང་ཚོགས་ཀྱི།།གཙང་མ་ཕུད་ཀྱི་བསང་མཆོད་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་བསམ་དོན་འགྲུབ་པ་དང་། །སངས་རྒྱས་བསྟན་པ་རྒྱས་པའི་འཕྲིན་ལས་མཛོད།།  ཅེས་པ་འདི་ནི། བླ་མས་ཅི་གསུངས་བཀའ་བཞིན་བསྒྲུབས་པའི་སློབ་མ་བཟང་བོ།།དགེ་སློང་འཇམ་དབྱངས་རྒྱ་མཚོས་རྣ་བ་ཚ་བར་ཡང་ཡང་བསྐུལ་ངོར། གྲོང་བའི་བསང་འབོད་ངག་འགྲོས་ལྟར་དགུ་བཅུའི་རྒན་པོ་སུ་མ་ཏི་པ་ཊུ་སི་ངྷམ་ས་ར་ནས་གང་དྲན་ཐོལ་བྱུང་དུ་སྨྲས་པའོ།།

  གསལ་འདེབས། 

            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
             རྩོམ་ཁུངས།  རྩོམ་འདིའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།