གཞི་བདག་གཏོར་མ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-03-21 23:04:15         ཀློག་ཐེངས།  

      ཨོཾ་བཛྲ་ཨ་མྲི་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ་ཀྱིས་བསངས།སྭཱ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར།།ཨོཾ་ཨཱཿཧཱུཾ།ལན་གསུམ།ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུཾ།གསུམ་མམ།བདུན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྒྱལ་བ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཀུན་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །ཕུན་ཚོགས་འདོད་ཡོན་ལྔ་ལྡན་པའི། །བདུད་རྩིའི་རྒྱ་མཚོའི་གཏོར་མ་འདི། །ས་ཡི་ལྷ་མོ་བསྟན་མ་སོགས། །སྟོང་གསུམ་གཞི་བདག་ཚོགས་རྣམས་དང༌། །ཚེ་རིང་མཆེད་ལྔ་བསྟན་སྐྱོང་བཅས། །གངས་ཅན་གནས་པ་ཐམས་ཅད་དང་། །ཁྱད་པར་ཡུལ་ཕྱོགས་འདི་ཉིད་ཀྱི། །ཡུལ་ལྷ་གཞི་བདག་རྣམས་ལ་འབུལ། །བཞེས་ནས་བདག་ཅག་ཡོན་མཆོད་རྣམས། །ལས་དང་བྱ་བ་ཅི་བྱེད་ཀྱང༌། །ཀོ་ལོང་ཕྲག་དོག་མ་མཛད་པར། །མཐུན་རྐྱེན་ཡིད་བཞིན་འགྲུབ་པར་ཤོག །བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་བྱིན་སྟོབས་དང༌། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པར། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །འདི་རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའོ། །

གསལ་འདེབས། 
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
རྩོམ་ཁུངས། རྩོམ་འདིའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།