འཇམ་དབྱངས་གང་བློ་མ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-03-21 22:49:45     རྩོམ་པ་པོ།   སློབ་དཔོན་རྡོ་རྗེ་མཚོན་ཆ།     ཀློག་ཐེངས།  

450975548380563560.jpg

           བླ་མ་དང་མགོན་པོ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །གང་གི་བློ་གྲོས་སྒྲིབ་གཉིས་སྤྲིན་བྲལ་ཉི་ལྟར་རྣམ་དག་རབ་གསལ་བས། །ཇི་སྙེད་དོན་ཀུན་ཇི་བཞིན་གཟིགས་ཕྱིར་ཉིད་ཀྱིས་ཐུགས་ཀར་གླེགས་བམ་འཛིན། །གང་དག་སྲིད་པའི་བཙོན་རར་མ་རིག་མུན་འཐོམས་སྡུག་བསྔལ་གྱིས་གཟིར་བའི། །འགྲོ་ཚོགས་ཀུན་ལ་བུ་གཅིག་ལྟར་བརྩེ་ཡན་ལག་དྲུག་ཅུའི་དབྱངས་ལྡན་གསུང༌། །འབྲུག་ལྟར་ཆེར་སྒྲོགས་ཉོན་མོངས་གཉིད་སློང་ལས་ཀྱི་ལྕགས་སྒྲོག་སྒྲོལ་མཛད་ཅིང༌། །མ་རིག་མུན་སེལ་སྡུག་བསྔལ་མྱུ་གུ་ཇི་སྙེད་གཅོད་མཛད་རལ་གྲི་བསྣམས། །གདོད་ནས་དག་ཅིང་ས་བཅུའི་མཐར་སོན་ཡོན་ཏན་ལུས་རྫོགས་རྒྱལ་སྲས་ཐུ་བོའི་སྐུ། །བཅུ་ཕྲག་བཅུ་དང་བཅུ་གཉིས་རྒྱན་སྤྲས་བདག་བློའི་མུན་སེལ་འཇམ་དཔལ་དབྱངས་ལ་འདུད། །བརྩེ་ལྡན་ཁྱོད་ཀྱིས་མཁྱེན་རབ་འོད་ཟེར་གྱིས། །བདག་བློའི་གཏི་མུག་མུན་པ་རབ་གསལ་ནས། །བཀའ་དང་བསྟན་བཅོས་གཞུང་ལུགས་རྟོགས་པ་ཡི། །བློ་གྲོས་སྤོབས་པའི་སྣང་བ་སྩལ་དུ་གསོལ། །

          གང་ཞིག་ལྷག་པའི་ལྷ་རྣམ་པར་དག་པས་གཅིག་དང་བདུན་དང་།ཉི་ཤུ་རྩ་གཅིག་དང་།བརྒྱ་དང་།སྟོང་ལ་སོགས་པ་དག་ཉིན་རེ་བཞིན་་སྒྲོག་པ་དེ་ནི་གོ་རིམ་ཇི་ལྟ་བ་བཞིན་དུ་སྒྲིབ་པ་འདག་པ་དང་ཐོས་པ་འཛིན་པ་དང་། སྤོབས་པ་དང་།མི་བརྗིད་པའི་གཟུངས་དང་།ཕྱིར་རྒོལ་བ་ཐམས་ཅད་འཇོམས་པའི་ཁ་ཕྱིས་རབ་ཀྱི་དབང་པོ་དང་ལྟོབས་ལ་སོགས་པ་ཡིན་ཏན་དཔག་ཏུ་མེད་པ་དང་ལྡན་པར་འགྱུར་རོ༎གང་ཞིག་ཉིན་རེ་བཞིན་དུ་ལན་གསུམ་དུ་བསྟོད་པ་བྱེད་པ་དེ་ནི་ཇི་སྐད་བཤད་པའི་ཡོན་ཏན་དང་ལྡན་པས་ཤེས་རབ་དང་སྙིང་རྗེས་ལམ་དང་ས་་རྣམས་རིམ་གྱིས་བགྲོད་དེ། གོང་ནས་གོང་དུ་ཆེས་ཆེར་འཕར་ནས་མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པའི་གྲོང་ཁྱེར་དུ་ཕྱིན་ནས་འགྲོ་བ་མ་ལུས་པ་འཁོར་བ་ལས་སྒྲོལ་བའི་དེད་དཔོན་ཆེན་པོར་འགྱུར་རོ༎དཔལ་ཡེ་ཤེས་བཟང་བོ་ཞེས་བྱ་བའི་བསྟོད་པ། སློབ་དཔོན་རྡོ་རྗེ་མཚོན་ཆས་མཛད་པ་རྫོགས་སོ༎

གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
རྩོམ་ཁུངས། རྩོམ་འདིའི་སྦྲེལ་ཐགhttp://www.tb1025.cn
 

 

བརྒྱུད་འགོད།