ཇ་མཆོད་ཀྱི་སྐོར།

    སྤེལ་དུས།  2016-01-22 10:45:47         ཀློག་ཐེངས།  

        ༄༅། །བདག་སོགས་འཁོར་བཅས་ཚེ་རབས་ཐམས་ཅད་དུ། །དཀོན་མཆོག་གསུམ་དང་ནམ་ཡང་མི་འབྲལ་ཞིང༌། །དཀོན་མཆོག་གསུམ་པོ་རྒྱུན་དུ་མཆོད་པ་དང༌། །དཀོན་མཆོག་གསུམ་གྱི་འཕྲིན་ལས་འཇུག་པར་ཤོག །ཚེ་རིང་མཆེད་ལྔ་བསྟན་སྐྱོང་བཅས། །གངས་ཅན་གནས་པ་ཐམས་ཅད་དང༌། །ཁྱད་པར་ཡུལ་ཕྱོགས་འདིར་གནས་པའི། །ལྷ་ཀླུ་གཞི་བདག་རྣམས་ལ་མཆོད་པ་འབུལ། །                                                                                                                                                                                                           ༄༅། །ཆོས་ཀྱི་སྐུ་ལ་བྱམས་སྡང་མི་མངའ་ཡང༌། །སྲིད་གསུམ་གདུག་པ་མ་ལུས་འདུལ་བའི་ཕྱིར། །ཐུགས་རྗེའི་ཐབས་ཀྱིས་ཁྲོ་རྒྱལ་སྐུར་སྟོན་པ། །འཇིགས་བྱེད་གཤིན་རྗེའི་གཤེད་ལ་མཆོད་པ་འབུལ། །    ༄༅། །ཡེ་ཤེས་མགོན་པོ་ཆོས་ཀྱི་རྒྱལ་བོ་དང༌། །དམག་ཟོར་རྒྱལ་མོ་རྒྱལ་ཆེན་རྣམ་ཐོས་སྲས། །ལྷ་ཆེན་གུར་དང་དཔལ་མགོན་ཞལ་བཞི་སོགས། །བཀའ་སྡོད་ཆོས་སྐྱོང་རྣམས་ལ་མཆོད་པ་འབུལ། །
༄༅། །རྣམ་ཐར་ཞལ་གསུམ་རིགས་ལྔའི་ཐོད་པས་བརྒྱན། །ཡན་ལག་དྲུག་ཕྱག་དངོས་གྲུབ་མཚོན་ཆ་འཛིན། །བདེ་ཆེན་རྣམ་རོལ་རྟ་མགོ་མཐོན་པོས་བརྗིད། །པདྨ་དབང་གི་ལྷ་ལ་མཆོད་པ་འབུལ། །
༄༅། །དཔལ་ལྡན་ས་གསུམ་འགྲོ་བའི་མིག་གཅིག་པུ། །ཐར་འདོད་ཡོངས་ཀྱི་བླ་ན་མེད་པའི་མགོན། །རྒྱལ་བ་ཀུན་ལས་ལྷག་པའི་ཐུགས་རྗེ་ཅན། །ཟླ་མེད་བླ་མ་མཆོག་ལ་མཆོད་པ་འབུལ། །
༄༅། །ཞལ་ཟས་རོ་བརྒྱ་ལྡན་པའི་ཡིད་འཕྲོག་པ། །ལེགས་སྦྱར་འདི་ནི་རྒྱལ་བ་སྲས་བཅས་ལ། །དད་པས་ཕུལ་བའི་འགྲོ་བ་འདི་དག་ཀུན། །འབྱོར་ལྡན་ཏིང་འཛིན་ཟས་ལ་སྤྱོད་པར་ཤོག །
༄༅། །འདྲེན་པ་མཉམ་མེད་ཟས་གཙང་སྲས། །དེ་སྲས་མཁྱེན་དང་བརྩེ་བའི་བདག །འཇམ་པའི་དབྱངས་དང་མི་ཕམ་མགོན། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ལྔ་བརྒྱའི་གཙུག་རྒྱན་ཐམས་ཅད་མཁྱེན། །འོད་དཔག་མེད་མགོན་མར་མེ་མཛད། །སྤྱན་རས་གཟིགས་དབང་རྒྱལ་བ་འབྲོམ། །ཟག་མེད་བདུད་རྩིའི་མཆོད་པ་བཞེས། །རྒྱལ་བའི་ཡབ་གཅིག་འཇམ་པའི་དབྱངས། །དགེ་སློང་ཚུལ་བཟུང་ཙོང་ཁ་བ། །བྱིན་རླབས་ཐུགས་རྗེའི་སྤྲིན་དཀྲིགས་ནས། །བདེ་ཆེན་བདུད་རྩིས་ཚིམ་པར་མཛོད། །ཡབ་གཅིག་ཡབ་གཅིག་འཇམ་པའི་དབྱངས། །གཏན་གྱི་སྐྱབས་གནས་རིན་པོ་ཆེ། །འབྲལ་མེད་སྙིང་གའི་པད་མོར་བཞུགས། །དཔག་མེད་བདུད་རྩིའི་མཆོད་པ་བཞེས། །རང་ལུས་ལྷ་སྐུའི་ངོ་བོ་ཉིད། །རོ་བརྒྱ་བདུད་རྩིའི་སྲེད་བྲལ་ཡང༌། །འདོད་རྒུར་སྤྱད་པས་བདེ་བ་ཆེ། །ཨེ་མ་ཧོ་རྨད་བྱུང་སྐལ་བ་བཟང༌། །
༄༅། །ཀླུ་སྒྲུབ་ཨརྱ་དེ་བ་ཐོགས་མེད་དང༌། །དབྱིག་གཉེན་ཕྱོགས་གླང་ཆོས་ཀྱི་གྲགས་པའི་དཔལ། །ཡོན་ཏན་འོད་དང་རྒྱལ་སྲས་ཤཱཀྱ་འོད། །འཛམ་གླིང་མཛེས་བྱེད་རྣམས་ལ་མཆོད་པ་འབུལ། །

 


གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་བཅས་གསལ་པོར་དགོད་པར་ཞུ།
རྩོམ་ཁུངས། དགེ་ལུགས་པའི་དྲ་བ།
རྩོམ་འདིའི་སྦྲེལ་ཐག http://www.tb1025.cn


 

བརྒྱུད་འགོད།