བརྐྱངས་བསྐུམས་མ།

    སྤེལ་དུས།  2016-01-19 11:27:39         ཀློག་ཐེངས།  

༄༅། །ན་མཿཤྲཱི་བཛྲ་བྷཻ་ར་ཝཱ་ཡ། བརྐྱངས་བསྐུམས་ཞབས་ནི་ཅུང་ཟད་བརྡབས་པ་ཙམ་གྱིས་དཀྱིལ་འཁོར་བཞིར་བཅས་རི་དབང་ཤིག་ཤིག་པོར་འགྱུར་ཞིང༌། །གཏུམ་དྲག་མ་ཧེའི་ཞལ་ནི་རབ་ཏུ་གདངས་པས་བསྒྲགས་པའི་གད་རྒྱངས་ཆེན་པོས་ས་གསུམ་ཀུན་འགེངས་པ། །རྒྱལ་བའི་ཡབ་གཅིག་འཇམ་པའི་དབྱངས་གང་མ་རུང་འདུལ་ཕྱིར་དྲག་པོའི་སྐུར་བསྟན་བཅོམ་ལྡན་གཤིན་རྗེའི་གཤེད། །གང་དེར་གུས་པས་བཏུད་ནས་གཤིན་རྗེའི་རྒྱལ་བོ་བསྟོད་ཀྱིས་ད་ནི་བགེགས་རྣམས་བག་ཡོད་དུས་ལ་བབ། །རི་བོ་རལ་ཞིང་ཆུ་གཏེར་འཁྲུགས་པ་ལྟ་བུར་འུར་འུར་ཞེས་པའི་སྒྲ་ཆེན་བརྒྱུད་མར་རབ་སྒྲོག་པ། །དྲག་པོའི་མེ་ལྕེ་གནག་པོའི་དུ་བས་འཁྱུད་པའི་ཚོགས་རྣམས་འབུམ་ཕྲག་གློག་འཕྲེང་ཆར་སྤྲིན་ནང་འཁྱུག་བཞིན། །ཤིན་ཏུ་བཟོད་དཀའི་རེག་བྱ་ཚ་བའི་ངར་ལྡན་ཁ་དོག་ལྔ་ཡི་ཕྲེང་བས་ཟླུམ་པོར་བསྐོར་བའི་དབུས། །མུན་པ་བྱེ་བས་བྱུགས་ལྟར་གནག་པའི་ཆོས་འབྱུང་ཆལ་ཆིལ་གཡོ་བའི་ཁྲག་ཞགས་རྒྱ་མཚོས་གང་བའི་སྟེང༌། །རྟ་བདུན་བདག་པོའི་གདན་ལ་གནོད་བྱེད་ནག་པོ་གན་རྐྱལ་བསྒྱེལ་བའི་སྟེང་ན་གཤིན་རྗེའི་རྒྱལ་བོ་ནི། །མིག་སྨན་ལྟར་ནག་ཐུང་ལ་སྦོམ་པའི་ལུས་ཅན་གཡས་བརྐྱངས་གཡོན་བསྐུམས་ས་ཆེན་གཡོ་བའི་གོམ་སྟབས་ཅན། །སེར་སྐྱའི་རལ་བ་གྱེན་དུ་འཛིངས་པའི་དབུ་ལ་ཐོད་སྐམ་ལྔས་བརྒྱན་དྲག་པོའི་རྡོ་རྗེ་སྤྱི་བོར་འཛིན། །ཁྲག་གིས་སྦགས་པའི་མགོ་རློན་ཕྲེང་བ་མགྲིན་པར་འཕྱང་ཞིང་སྤྱན་གསུམ་བགྲད་པའི་སྡང་མིག་གཡོ་བ་ཅན། །མཆེ་བ་རྣོན་པོ་གཙིགས་པའི་བགྲད་པའི་ཞལ་ནས་དབུགས་ཕྲེང་གཡོ་བ་གདུག་པའི་སྦྲུལ་གྱི་ཁ་རླངས་བཞིན། །གཡས་པས་འབར་བའི་གྲི་གུག་བདུད་དཔུང་ཀླད་ལ་འཕྱར་ཞིང་ཁྲག་ལྡན་ཐོད་པ་གཡོན་གྱིས་བཟུང་ལ་རོལ། །སྟག་ལྤགས་སྨད་གཡོགས་བགོས་པའི་གཏུམ་ཆེན་ཁྱོད་ཀྱིས་གཤིན་རྗེའི་གཤེད་ལ་ཇི་ལྟར་ཞལ་བཞེས་དེ་བཞིན་དུ། །མ་གཡེལ་མ་གཡེལ་མྱུར་ཏུ་དྲན་པར་མཛོད་ལ་རྣལ་འབྱོར་བདག་གིས་གང་ཞིག་བསྒོ་བ་ཐམས་ཅད་སྒྲུབས། །གཞན་ཡང་ཁྱོད་ཀྱི་ཕྱོགས་བཞིར་རྭ་དང་རྨིག་པ་རབ་ཏུ་རྣོ་བའི་མ་ཧེ་དྲག་པོའི་གདན་སྟེང་ན། །དཀར་དང་སེར་དང་དམར་དང་གནག་པའི་གཤིན་རྗེ་ཆེན་པོ་དྲག་ཏུ་ཁྲོས་པའི་མ་ཧེའི་གདོང་བ་ཅན། །བརྐྱངས་བསྐུམས་སྟབས་ཀྱིས་རབ་ཏུ་འགྱིང་ཞིང་དུར་ཁྲོད་ཆས་ཀྱིས་ལེགས་བརྒྱན་ཞལ་གདངས་མིག་རྩ་ཀུན་ཏུ་དམར། །བགེགས་དཔུང་འཇོམས་ལ་རྡོ་རྗེ་ཐོག་ལྟར་བསྔགས་པ་དེ་དག་གིས་ཀྱང་ཞི་རྒྱས་དབང་དྲག་ལས་ཀུན་སྒྲུབས། །མདོར་ན་རྒྱལ་བ་ཀུན་གྱིས་ཡང་དང་ཡང་བསྔགས་འཇམ་པའི་དབྱངས་ཞེས་ས་སྟེང་ཀུན་ཏུ་གྲགས་པ་དེའི། །ཕུན་ཚོགས་གོ་འཕང་མཆོག་དེ་མཁའ་མཉམ་ལུས་ཅན་ཀུན་གྱི་དོན་དུ་ཇི་སྲིད་བདག་གིས་མ་མནན་པ། །དེ་སྲིད་གཤིན་རྗེའི་གཤེད་ཀྱི་བཀའ་ནི་གུས་པས་ལྷུར་ལེན་ཆོས་རྒྱལ་གཤིན་རྗེ་འཁོར་དང་བཅས་པ་ཡིས། །ཡང་དག་ལམ་གྱི་ནོར་མཆོག་འཕྲོག་ལ་བརྩོན་པའི་ནག་པོའི་རྩ་ལག་སྡེ་དང་བཅས་པ་གཞོམ་པར་མཛོད། །


གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་བཅས་གསལ་པོར་དགོད་པར་ཞུ།
རྩོམ་ཁུངས། དགེ་ལུགས་པའི་དྲ་བ།
རྩོམ་འདིའི་སྦྲེལ་ཐག http://www.tb1025.cn

 

བརྒྱུད་འགོད།