སྤྱན་འདྲེན་ཁྲུས་གསོལ་བཞུགས་སོ། །

    སྤེལ་དུས།  2016-01-19 11:21:42         ཀློག་ཐེངས།  

                                                                                              

      ༄༅། །རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པ་ཡུམ་དང་བཅས་པའི་སྐུར་བཞེངས་པར་གྱུར། ཨོཾ་ཧྲཱིཿཥྚཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭབྷཱ་ཝ་ཤུདྡྷོ྅ཧཾ། སྟོང་བ་ཉིད་དུ་གྱུར། སྟོང་བའི་ངང་ལས་ཨཱཿལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུཾ་ཧཱུཾ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། དྲི་ཆབ། མེ་ཏོག བདུག་སྤོས། མར་མེ། ཞལ་ཟས། རོལ་མོ་ལ་སོགས་པ་རྣམས་རང་བཞིན་བདེ་སྟོང་རྣམ་པ་མཆོད་རྫས། བྱེད་ལས་དབང་བོ་དྲུག་གི་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར། ཨོཾ་ཨརྒྷཾ་ཨཱཿཧཱུཾ། ཨོཾ་པཱདྱཾ་ཨཱཿཧཱུཾ། ཨོཾ་གནྡྷེ་ཨཱཿཧཱུཾ། ཨོཾ་པུཥྤེ་ཨཱཿཧཱུཾ། ཨོཾ་ངྷཱུ་པེ་ཨཱཿཧཱུཾ། ཨོཾ་ཨཱ་ལོ་ཀེ་ཨཱཿཧཱུཾ། ཨོཾ་ནི་ཝི་དྱ་ཨཱཿཧཱུཾ། ཨོཾ་ཤཔྟ་ཨཱཿཧཱུཾ། ཨོཾ་རཱུ་བ་ཨཱཿཧཱུཾ། ཤཔྟ་ཨཱཿཧཱུཾ། གནྡྷེ་ཨཱཿཧཱུཾ། ར་ས་ཨཱཿཧཱུཾ། སྥརྴ་ཨཱཿཧཱུཾ།
          ས་གཞི་གནས་ཁང་གདན་ཁྲི་མཆོད་པ་བྱིན་རླབས་ཏེ་བྱིན་རླབས་བཞི་སྐོར་དུ་གྲགས་པ་ནི།ཐམས་ཅད་དུ་ནི་ས་གཞི་དག །གསེག་མ་ལ་སོགས་མེད་པ་དང༌། །ལག་མཐིལ་ལྟར་མཉམ་བཻཌཱུ་རྱའི། །རང་བཞིན་འཇམ་པོར་གནས་གྱུར་ཅིག །བདེ་ལྡན་འཇིག་རྟེན་བཀོད་པ་ལྟར། །རིན་ཆེན་ས་གཞི་མེ་ཏོག་བཅས། །ལྗོན་ཤིང་ཆུ་མཚོ་མ་ཚང་མེད། །ཆོས་སྒྲ་རྒྱ་ཆེན་ལྡན་གྱུར་ཅིག །འཇིག་རྟེན་འདས་པའི་དགེ་ལས་བྱུང༌། །རིན་ཆེན་བདུན་ལས་ གྲུབ་པ་ཡི། །ཚོགས་ཀྱི་འོད་ཟེར་འགྱེད་པའི་གནས། །རྒྱལ་བ་སྲས་བཅས་བཞུགས་གྱུར་ཅིག །རིན་ཆེན་དུ་མ་ལས་གྲུབ་སེང་གེའི་ཁྲི། །ཡིད་འོང་སྣ་ཚོགས་གོས་ཀྱིས་བཀབ་པ་འདི། །རྒྱལ་བ་སྲས་བཅས་རྣམས་ལ་ཕུལ་བ་ཡིས། །འགྲོ་ཀུན་རྡོ་རྗེའི་གདན་ལ་བཞུགས་གྱུར་ཅིག །ལྷ་དང་མི་ཡི་མཆོད་པའི་རྫས། །དངོས་སུ་བཤམས་དང་ཡིད་ཀྱིས་སྤྲུལ། །ཀུན་བཟང་མཆོད་སྤྲིན་བླ་ན་མེད། །ནམ་མཁའི་ཁམས་ཀུན་ཁྱབ་གྱུར་ཅིག །
        མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་རིམ་པ་བཞིན་བརྗོད་པའི་སྒོ་ནས་སྤྱན་འདྲེན་པ་ནི།མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཡང་དག་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་བ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེ་རྣམ་སྦྱངས་ཤིང༌། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པ། །ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང༌། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བྱའི་ཕྱིར། །ཡོངས་དག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཆོས་རྣམས་ཀུན་གྱི་དབང་ཕྱུག་གཙོ། །བཙོ་མ་གསེར་གྱི་མདོག་འདྲ་ཞིང༌། །ཉི་མ་ལས་ལྷག་གཟི་བརྗིད་ཆེ། །དད་པས་སྤྱན་ནི་དྲང་བར་བགྱི། །ཞི་ཞིང་ཐུགས་རྗེ་ཆེ་ལྡན་པ། །དུལ་ཞིང་བསམ་གཏན་ས་ལ་བཞུགས། །ཆོས་དང་ཡེ་ཤེས་ཆགས་བྲལ་བ། །ཀུན་ཏུ་མི་ཟད་ནུས་པར་ལྡན། །ཚུར་སྤྱོན་ཚུར་སྤྱོན་ཞི་བདག་ལྷ། །ཐུབ་པའི་སྐྱེས་མཆོག་ཐམས་ཅད་མཁྱེན། །ཤིན་ཏུ་ལེགས་བྱས་གཟུགས་བརྙན་ནི། །མཆོད་པས་འདིར་ནི་གཤེགས་སུ་གསོལ། །འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང༌། །ནད་མེད་ཚེ་དང་དབང་ཕྱུག་དང༌། །མཆོག་རྣམས་ལེགས་པར་བསྩལ་ཏུ་གསོལ། །བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང༌། །ཐུགས་ལ་དགོངས་ཤིང་གནང་བར་མཛོད། །བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཚུར་སྤྱོན་འདིར་ནི་གཤེགས་སུ་གསོལ། །བདག་གི་མཆོད་ཡོན་བཞེས་ནས་ཀྱང༌། །འདི་ཉིད་དུ་ནི་བཞུགས་སུ་གསོལ ། ཚོགས་ཀྱི་ཞིང་ལ་ཁྲུས་གསོལ་གྱི་སྙན་གསན་སྤྱིའི་ཚུལ་གྱིས་འབུལ་བ་ནི། སྐུ་ཁྲུས་གསོལ་བར་ཞུ། གང་འདིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ལ་ཡོ་བྱད་ཐམས་ཅད་དང་ལྡན་པའི་སྒོ་ནས་ཁྲུས་འདི་གསོལ་བར་བགྱིའོ། །ཁྲུས་ཁང་གསལ་འདེབས་ནི། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། །ཅེས་བརྗོད་མ་ཐག་ཚོགསས་ཞིང་རྣམས་ཁྲུས་ཁང་དུ་ཕེབས་ནས་ཁྲིར་བཞུགས།ན་བཟའ་ལྗོན་ཤིང་སོགས་ལ་བཀལ་ཏེ་ཁྲི་སྟེང་དུ་དང་ཁྲུས་རྫིང་དུ་བཞུགས་པ་ལ་ཁྲུས་འབུལ་བའི་ལུགས་གཉིས་གསུངས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ཡི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཨཱཿ་ཧཱུཾ། མཁྱེན་པས་སྲིད་པའི་འཆིང་བ་མཐར་མཛད་ཅིང༌། །ཐུགས་རྗེས་ཞི་ལ་དགའ་བ་རིང་དུ་དོར། །སྲིད་ཞིའི་མཐའ་ལ་མི་གནས་སྲིད་ཞིའི་མགོན། །རྒྱལ་བ་རྡོ་རྗེ་འཆང་ལ་སྐུX། །ཨོཾ་སརྦXཤྲི་ཡེ་ཨཱཿཧཱུཾ། ཕུན་ཚོགས་དགེ་ལེགས་བྱེ་བས་བསྐྲུན་པའི་སྐུ། །མཐའ་ཡས་འགྲོ་བའི་རེ་བ་སྐོང་བའི་གསུང༌། །མ་ལུས་ཤེས་བྱ་ཇི་བཞིན་གཟིགས་པའི་ཐུགས། །ཤཱཀྱའི་གཙོ་བོ་དེ་ལ་སྐུ་X། །ཨོཾ་སརྦXཤྲི་ཡེ་ཨཱཿཧཱུཾ། བྱམས་པ་ཐོགས་མེད་དབྱིག་གཉེན་རྣམ་གྲོལ་སྡེ། །མཆོག་སྡེ་དུལ་བའི་སྡེ་དང་གྲགས་པའི་དཔལ། །སེང་བཟང་ཀུ་སཱ་ལི་གཉིས་གསེར་གླིང་བ། །རྒྱལ་ཆེན་སྤྱོད་པའི་བརྒྱུད་ལ་སྐུX། །ཨོཾ་སརྦXཤྲི་ཡེ་ཨཱཿཧཱུཾ། འཇམ་དབྱངས་ཡོད་མེད་ཕྱོགས་འཇིག་ཀླུ་སྒྲུབ་དང༌། །ཟླ་བ་གྲགས་པ་རིག་པའི་ཁུ་བྱུག་ཆེ། །སངས་རྒྱས་དགོངས་སྐྱོང་འཕགས་པ་ཡབ་སྲས་སོགས། །ཟབ་མོ་ལྟ་བའི་བརྒྱུད་ལ་སྐུX། །ཨོཾ་སརྦXཤྲི་ཡེ་ཨཱཿཧཱུཾ། ཐུགས་རྗེ་ཆེན་པོ་བདེ་གཤེགས་རྡོ་རྗེ་འཆང༌། །མཆོག་གཟིགས་ཏེ་ལོ་བ་དང་ན་རོ་བ། །དཔལ་མཆོག་ཌོམ་བྷ་བ་དང་ཨ་ཏི་ཤ །ཉམས་ལེན་བྱིན་རླབས་བརྒྱུད་ལ་སྐུX། །ཨོཾ་སརྦXཤྲི་ཡེ་ཨཱཿཧཱུཾ། བཤད་སྒྲུབ་གདམས་པའི་མཆོག་མངའ་ཨ་ཏི་ཤ །བཀའ་གདམས་བསྟན་པའི་མེས་པོ་འབྲོམ་སྟོན་རྗེ། །རྣལ་འབྱོར་རྣམ་བཞི་སྐུ་མཆེད་གསུམ་ལ་སོགས། །བཀའ་གདམས་བླ་མ་རྣམས་ལ་སྐུX། །ཨོཾ་སརྦXཤྲི་ཡེ་ཨཱཿཧཱུཾ། གངས་ཅན་ཤིང་རྟའི་སྲོལ་འབྱེད་ཙོང་ཁ་བ། །དངོས་སྟོབས་རིགས་པའི་དབང་ཕྱུག་རྒྱལ་ཚབ་རྗེ། །མདོ་སྔགས་བསྟན་པའི་བདག་པོ་མཁས་གྲུབ་རྗེ། །རྒྱལ་བ་ཡབ་སྲས་གསུམ་ལ་སྐུ་X། །ཨོཾ་སརྦXཤྲི་ཡེ་ཨཱཿཧཱུཾ། རབ་འབྱམས་གསུང་རབ་ཀུན་ལ་ལྟ་བའི་མིག །བསྐལ་བཟང་ཐར་པར་བགྲོད་པའི་འཇུག་ངོགས་མཆོག །བརྩེ་བས་བསྐྱོད་པའི་ཐབས་མཁས་མཛད་པ་ཡིས། །གསལ་མཛད་བཤེས་གཉེན་རྣམས་ལ་སྐུX། །ཨོཾ་སརྦXཤྲི་ཡེ་ཨཱཿཧཱུཾ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །ཨོཾ་ཧཱུཾ་ཏྲཾ་ཧྲཱི་ཨཱཿ་ཀ་ཡ་བི་ཤོ་དྷ་ན་ཡེ་སྭཱ་ཧཱ། །གསང་བ་འདུས་པ་བདེ་མཆོག་ཧེ་རུ་ཀ །དཔལ་ཆེན་རྡོ་རྗེ་འཇིགས་བྱེད་ལ་སོགས་པ། །གྲངས་མེད་རྒྱུད་སྡེ་བཞི་ཡི་འཁོར་ལོའི་ཚོགས། །ཡི་དམ་ལྷ་ཚོགས་རྣམས་ལ་སྐུX། །ཨོཾ་སརྦXཤྲི་ཡེ་ཨཱཿཧཱུཾ། འདྲེན་པ་མཉམ་མེད་སྟོན་པ་བཅོམ་ལྡན་འདས། །རྒྱབ་ཚབ་དམ་པ་རྗེ་བཙུན་མི་ཕམ་མགོན། །རྒྱལ་བས་ལུང་བསྟན་འཕགས་པ་ཐོགས་མེད་ཞབས། །སངས་རྒྱས་བྱང་སེམས་གསུམ་ལ་སྐུX། །ཨོཾ་སརྦXཤྲི་ཡེ་ཨཱཿཧཱུཾ། སྤངས་དང་ཡེ་ཤེས་ཕུན་ཚོགས་སངས་རྒྱས་ཀྱང༌། །གདུལ་བྱའི་དབང་གིས་ཉན་ཐོས་ཚུལ་འཛིན་པ། །ཁྱད་པར་ཅན་གྱི་འཕྲིན་ལས་ཆོས་སྐྱོང་བའི། །གནས་བརྟན་ཆེན་པོ་རྣམས་ལ་སྐུX། །ཨོཾ་སརྦXཤྲི་ཡེ་ཨཱཿཧཱུཾ། མཁའ་ལ་སྤྱོད་པའི་གནས་མཆོག་དམ་པ་ན། །མངོན་ཤེས་རྫུ་འཕྲུལ་མངའ་བའི་མཐུ་སྟོབས་ཅན། །སྒྲུབ་པ་བོ་ལ་མ་ཡིས་བུ་བཞིན་གཟིགས། །གནས་གསུམ་མཁའ་འགྲོའི་གཙོ་ལ་སྐུX། །ཨོཾ་སརྦXཤྲི་ཡེ་ཨཱཿཧཱུཾ། ཡེ་ཤེས་མགོན་པོ་ཆོས་ཀྱི་རྒྱལ་བོ་དང༌། །དམག་ཟོར་རྒྱལ་མོ་རྒྱལ་ཆེན་རྣམ་ཐོས་སྲས། །ལྷ་ཆེན་གུར་དང་དཔལ་མགོན་ཞལ་བཞི་ཚོགས། །བཀའ་སྡོད་ཆོས་སྐྱོང་རྣམསX། །ཨོཾ་སརྦXཤྲི་ཡེ་ཨཱཿཧཱུཾ། ཚེ་རིང་མཆེད་ལྔ་བསྟན་སྐྱོང་བཅས། །གངས་ཅན་གནས་པ་ཐམས་ཅད་དང༌། །ཁྱད་པར་ཡུལ་ཕྱོགས་འདིར་གནས་པའི། །ལྷ་ཀླུ་གཞི་བདག་རྣམས་ལX། །རྒྱལ་བའི་སྐུ་གསུང་ཐུགས་ལ་ཉོན་མོངས་མི་མངའ་ཡང༌། །སེམས་ཅན་ལུས་ངག་ཡིད་གསུམ་སྒྲིབ་པ་སྦྱང་སླད་དུ། །རྒྱལ་བའི་སྐུ་གསུང་ཐུགས་ལ་ཁྲུས་ཆབ་འདི་གསོལ་བས། །སེམས་ཅན་ལུས་ངག་ཡིད་གསུམ་སྒྲིབ་པ་དག་གྱུར་ཅིག །ཨོཾ་སརྦXཤྲི་ཡེ་ཨཱཿཧཱུཾ། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་ཅིང༌། །གཏོང་བ་དྲི་ཡིས་ལེགས་བསྒོས་ཆུས། །ཁྲུས་ལེགས་མཛད་ལ་ཁྲུས་བགྱིའོ། །འདི་ནི་ཚུལ་ཁྲིམསX ། །ཚུལ་འཆལX ། །སྲུང་བX ། །ཁྲུས་ལེགསX ། །འདི་ནི་བཟོད་པའིX ། །ཁོང་ཁྲོའིX ། །བྱམས་པX ། །ཁྲུས་ལེགསX ། །འདི་ནི་བརྩོན་འགྲུསX ། །ལེ་ལོའིX ། །བརྩོན་པX ། །ཁྲུས་ལེགསX ། །འདི་ནི་བསམ་གཏནX ། །རྣམ་གཡེངX ། །ཏིང་འཛིནX ། །ཁྲུས་ལེགསX ། །འདི་ནི་ཤེས་རབX ། །ཤེས་འཆལX ། །ཡེ་ཤེསX ། །ཁྲུས་ལེགསX ། །     ཅེསབརྗོད།                                                                                                                                                             དེ་བཞིན་དུ་སྦྱིན་པ་ཞེས་པའི་གནས་སུ་ཚུལ་ཁྲིམས་སོགས་དང༌། སེར་སྣ་ཞེས་པའི་གནས་སུ་ཚུལ་འཆལ་སོགས་ཀྱང་བཅུག་ལ་སྔར་བཞིན་བཀྲུས་ལ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །ཨོཾ་ཧཱུཾ་ཏྲཱཾ་ཧྲཱི་ཨཱཿཀ་ཡ་བི་ཤོ་དྷ་ན་ཡེ་སྭཱཧཱ། ཞེས་སོགས་སྐབས་སྐུ་དབྱི་བྱེད་ཚུལ་གྱི་དམིགས་པ་ནི་ཚོགས་ཞིང་རྣམས་ཀྱིས་གནས་ལྔར་བཀོད་པའི་ས་བོན་དང༌། ཁྲུས་དར་གྱི་སྟེང་གི་ཡི་གེ་རྣམས་ལས་འོད་ཟེར་འཕྲོས། སྐུའི་སྟོད་སྨད་བར་གསུམ་གྱི་བརླན་ཐམས་ཅད་གནས་ལྔར་བསྡུས་ནས་ཕྱི་བ་ཡིན། དེ་ལས་ས་བོན་འགོད་ཚུལ་ནི་ཨོཾ་ཨཱཿཧཱུཾ་གིས་ཡི་གེ་སྤྱི་ལྟར་གནས་གསུམ་དང་དཔུང་བ་གཡས་སུ་ཏྲཱཾ། གཡོན་དུ་ཧྲཱི་འགོད་པའི་ལུགས་གཅིག་དང༌། ཡང་སྤྱི་བོར་ཨོཾ། ཐུགས་ཀར་ཧཱུཾ། ལྟེ་བར་ཏྲཱཾ། དཔུང་གཡས་སུ་ཧྲཱི། གཡོན་དུ་ཨཱཿའགོད་པའི་ལུགས་གཉིས་བྱུང་བའི་ཕྱི་མའི་དབང་དུ་བྱས་ནས་སྐུ་སྟོད་ཀྱི་བརླན་ཐམས་ཅད་དཔྲལ་བ། སྐུ་རྐེད་ཀྱི་བརླན་ཐམས་ཅད་ཐུགས་ཀར། སྐུ་སྨད་ཀྱི་བརླན་ཐམས་ཅད་ལྟེ་བ། ཕྱག་གཡས་གཡོན་གྱི་བརླན་ཐམས་ཅད་རང་རང་ཕྱོགས་ཀྱི་ཕྲག་པར་བསྡུས་ཏེ་ཕྱི་བའི་ལུགས་ཕྱི་མ་འཐད་པར་དམ་པ་སྔ་མ་མང་བོས་གསུངས་པ་ལྟར་བྲིས་སོ། །སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་བཅོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཞེས་འདག་ཆལ་ལམ་དྲི་བཟང་གི་ལྡེ་གུས་བྱུགས། མིའི་ཡུལ་གྱི་དྲི་བཟང་སྣ་ཚོགས་ཀྱི་བྱེ་སྐམ་པོས་དྲིལ་ཕྱིས་སོགས་ཀྱང་བྱ་བར་གསུངས། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས། །འཕགས་པ་ཀུན་ཏུ་བཟང་དང་འཇམ་དབྱངས་དང༌། །འཇིག་རྟེན་དབང་ཕྱུག་སོགས་ལ་བརྒྱན་པར་བགྱི། །སྲབ་འཇམ་ཡང་བ་ལྷ་ཡི་གོས། །མི་ཕྱེད་རྡོ་རྗེའི་སྐུ་བརྙེས་ལ། །མི་ཕྱེད་དད་པས་བདག་འབུལ་ན། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །སྣ་ཚོགས་དབང་བོའི་གཞུ་ལྟར་རབ་བཀྲ་ཞིང། །གང་ལ་རེག་ན་བདེ་བའི་རྒྱུར་འགྱུར་པ། །གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་དབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག ། ཅེས་པས་ཚོགས་ཞིང་གི་ལྷ་ལོངས་སྤྲུལ་དང་ཞི་ཁྲོ་སོགས་རང་རང་ལ་གང་འོས་པའི་ན་བཟའ་འབུལ། རྒྱལ་བ་མཚན་དཔེའི་རང་བཞིན་རྒྱན་ལྡན་ཕྱིར། །རྒྱན་གཞན་དག་གིས་བརྒྱན་པར་མི་འཚལ་ཡང། །རིན་ཆེན་རྒྱན་མཆོག་ཕུལ་བས་འགྲོ་བ་ཀུན། །མཚན་དཔེས་བརྒྱན་པའི་སྐུ་ལུས་ཐོབ་པར་ཤོག །ཅེས་སྔར་ལྟར་ལྷ་རང་རང་ལ་འོས་པའི་རྒྱན་འབུལ། བརྩེ་བའི་ཁོར་ཡུག་སྙན་པའི་བ་དན་ཅན། །ཏིང་འཛིན་བླ་བྲེ་སྤོབས་པའི་འོད་གསལ་བ། །མཆོག་རྐྱེན་འོས་པའི་ཉེར་འཁོ་འདི་དག་འབུལ། །སྐྱེ་བོ་རྣམ་དག་ཡེ་ཤེས་ཐོབ་པར་ཤོག །ཅེས་པས་རང་རྒྱུད་ཀྱི་ཡོན་ཏན་སྙིང་རྗེ་སོགས་འཁོར་ཡུག་དང་བ་དན་སོགས་སུ་མོས་ནས་འབུལ། རིན་ཆེན་མཛེས་པའི་བཀྲ་ཤིས་བུམ་པ་འདི། །སྣ་ཚོགས་བཅུད་ཀྱིས་བཀང་སྟེ་ཕུལ་བ་ཡིས། །ལས་དང་ཉོན་མོངས་སྒྲིབ་པ་ཀུན་སྦྱངས་ནས། །བྱང་ཆུབ་སེམས་ཀྱི་རླན་གྱིས་བརླན་པར་ཤོག། ཞེས་བུམ་པ་འདེགས། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །                ཕུན་ཚོགས་གསེར་འོད་ཕྱོགས་བཅུར་རབ་ཏུ་འཕྲོ། །བཀྲ་ཤིས་དཔལ་གྱིས་ཀུན་ནས་ལྷམ་མེ་བ། །རིན་ཆེན་ས་ལེ་སྦྲམ་གྱི་དབུ་རྒྱན་འདི། །ཤཱཀྱའི་རྒྱལ་པོའི་དབུ་ལ་ཕུལ་བ་ཡིས། །བསྟན་པ་རིན་ཆེན་ཕྱོགས་བཅུར་རྒྱས་པ་དང༌། །འཇིག་རྟེན་བདེ་ལེགས་ཆེན་པོས་ཁྱབ་པ་དང༌། །ལྷར་བཅས་འགྲོ་བའི་གཙུག་གི་རྒྱན་གྱུར་པའི། །སྟོབས་བཅུ་མངའ་བའི་གོ་འཕང་ཐོབ་པར་ཤོག །ཅེས་བདག་ཉིད་ཆེན་པོས་ཐུགས་བསྐྱེད་སྨོན་ལམ་ཇི་ལྟར་གནང་བའི་རྣམ་ཐར་ལྟར་བདག་ཀྱང་དེ་ལྟ་བུའི་རིན་པོ་ཆེའི་དབུ་རྒྱན་ཕུལ་བས་སངས་རྒྱས་ཀྱི་བསྟན་པ་རྒྱས་ཤིང་འགྲོ་བའི་བདེ་སྐྱིད་འཕེལ་བའི་སྨོན་ལམ་ཤུགས་དྲག་བྱ། རྒྱལ་བ་རྒྱ་མཚོའི་མཆོད་རྫས་ལས་གྲུབ་པའི། །ཞིང་ཁམས་རྒྱ་མཚོའི་མཆོད་ཡོན་རྒྱ་མཚོའི་ཚོགས། ཡོན་ཏན་རྒྱ་མཚོའི་རྒྱལ་བ་འཁོར་བཅས་ལ། །དད་པ་རྒྱ་མཚོས་འབུལ་ལོ་བཞེས་སུ་གསོལ། །ཞབས་བསིལ། མེ་ཏོག གདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས།རོལ་མོ་སོགས་ཆུ་གཉིས་ཉེར་སྦྱོད་འབུལ། རིན་ཆེན་དབང་གི་རྒྱལ་པོ་བཻ་ཌཱུརྱ། །སྔོན་པོ་ལ་སོགས་ཁ་དོག་དབྱིབས་ཀྱི་གཟུགས། །རྣམ་གསུམ་གཟུགས་ཀྱི་རྡོ་རྗེ་མར་བྱས་ནས། །བླ་མ་ལྷ་ཡི་སྤྱན་ལ་དབུལ་བར་བྱ། །མ་ཟིན་འབྱུང་བའི་ཚོགས་པ་ལས་བྱུང་བའི། །བརྗོད་བྲལ་དབྱངས་ལ་སོགས་པ་སྒྲ་ཡི་ཚོགས། །རྣམ་གསུམ་སྒྲ་ཡི་རྡོ་རྗེ་མར་བྱས་ནས། །བླ་མ་ལྷ་ཡི་སྙན་ལ་དབུལ་བར་བྱ། །ག་བུར་ཨ་ཀར་ཛ་ཏི་ལ་སོགས་པ། །ལེགས་པར་སྦྱར་ལས་བྱུང་བ་དྲི་ཡི་ཚོགས། རྣམ་གསུམ་དྲི་ཡི་རྡོ་རྗེ་མར་བྱས་ནས། །བླ་མ་ལྷ་ཡི་ཤངས་ལ་དབུལ་བར་བྱ། །ལུས་མཆོག་རྟས་བྱེད་བདུད་རྩིའི་ཟས་སོགས་ཀྱི། །མངར་སྐྱུར་ཁ་དང་བསྐ་ལ་སོགས་པའི་རོ། །རྣམ་གསུམ་རོ་ཡི་རྡོ་རྗེ་མར་བྱས་ནས། །བླ་མ་ལྷ་ཡི་ལྗགས་ལ་དབུལ་བར་བྱ། །ལུས་ལ་རེག་པ་ཙམ་གྱིས་བདེ་སྟེར་བ། །དཔག་བསམ་གོས་ལ་སོགས་པ་རེག་བྱའི་ཚོགས། །རྣམ་གསུམ་རེག་བྱའི་རྡོ་རྗེ་མར་བྱས་ནས། །བླ་མ་ལྷ་ཡི་སྐུ་ལ་དབུལ་བར་བྱ། །ཅེས་འདོད་ཡོན་སྣ་ལྔ་འབུལ། ཞིང་འདིར་འཁོར་ལོ་རིན་པོ་ཆེན་གྱིས། །མཁས་པ་དག་གིས་ཡོངས་བཀང་སྟེ། །དངོས་གྲུབ་འདོད་པ་སྦྱིན་པའི་ཕྱིར། །ཉིན་རེ་ཤེས་རབ་ཅན་གྱིས་དབུལ། །ཞིང་འདིར་ནོར་བུX།བཙུན་མོX།བློན་པོX།གླང་པོX།རྟ་མཆོགX།དམག་དཔོནX།མཁས་པ་དག་གིས་ཡོངས་བཀང་སྟེ། །དངོས་གྲུབ་འདོད་པ་སྦྱིན་པའི་ཕྱིར། །ཉིན་རེ་ཤེས་རབ་ཅན་གྱིས་དབུལ། ཞེས་རྒྱལ་སྲིད་སྣ་བདུན་འབུལ། རིན་ཆེན་གདུགས་དང་གསེར་ཉ་དང༌། །གཏེར་ཆེན་བུམ་པ་པད་མ་བཟང༌། །དུང་དཀར་གཡས་འཁྱིལ་དཔལ་བེའུ། །མཆོག་གི་རྒྱལ་མཚན་འཁོར་ལོ་སོགས། །དངོས་གྲུབ་རྣམ་གཉིས་སྩོལ་བའི་ཕྱིར། །བླ་མ་ལྷ་ཡི་ཚོགས་ལ་འབུལ། །ཞེས་བཀྲ་ཤིས་རྟགས་བརྒྱད་འབུལ། དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སིམ་བྱེད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །དམ་ཆོས་དཀོན་མཆོག་ཐམས་ཅད་དང། །མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །རིན་ཆེན་མེ་ཏོག་ལ་སོགས་ཆར། །རྒྱུན་མི་འཆད་པར་འབབ་པར་ཤོག །ཇི་ལྟར་འཇམ་དབྱངས་ལ་སོགས་པས། །རྒྱལ་བ་རྣམས་ལ་མཆོད་མཛད་པ། །དེ་བཞིན་བདག་གིས་དེ་བཞིན་གཤེགས། །མགོན་པོ་སྲས་དང་བཅས་རྣམས་མཆོད། །ཡོན་ཏན་རྒྱ་མཚོ་རྣམས་ལ་བདག །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག །ཐོས་པ་རྒྱ་མཚོའི་མཆོད་ཡོན་ཀུན་ནས་འཁྱིལ། །ཡོན་ཏན་མེ་ཏོག་ཚུལ་ཁྲིམས་བདུག་སྤོས་སྤྲིན། །ཤེས་རབ་སྒྲོན་མེ་དད་པ་སྤོས་ཆུའི་མཚོ། །ཏིང་འཛིན་བདུད་རྩིའི་ཞལ་ཟས་དམ་པ་དང། །བསྟོད་དབྱངས་སྙན་པའི་རོལ་མོ་སྒྲ་ འབྱིན་ཅིང༌། །ཀུན་ནས་སྙིང་བརྩེ་རྣམ་དཔྱོད་སྤོབས་པ་ཡི། །གདུགས་དང་རྒྱལ་མཚན་བ་དན་བསྒྲེངས་བྱས་པས། །བདག་ལུས་གཞལ་མེད་ཁང་བརྩེགས་རབ་བརྒྱན་ནས། །སྙིང་དབུས་ཆུ་སྐྱེས་ཐིག་ལེ་འདབ་རྒྱས་ལ། །བརྟན་པར་བཞུགས་པའི་ཆོས་རྗེ་མཉེས་བྱེད་ཅིང༌། །ངེས་པར་འདུན་པའི་ཡིད་ཀྱིས་གསོལ་འདེབས་ན། །འགྲོ་བའི་བླ་མ་རྟག་ཏུ་མཉེས་གྱུར་ཅིག །ཆོས་ཀྱི་རྒྱལ་བོ་རྟག་ཏུ་རྒྱལ་གྱུར་ཅིག །
དེང་ནས་བྱང་ཆུབ་སྙིང་བོའི་བར། །བདག་གི་ལུས་དང་སེམས་ལོངས་སྤྱོད། །དུས་གསུམ་སེམས་དགེ་བའི་དངོས་བོ་རྣམས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གུས་པས་ཁྱེད་ལ་དབུལ་བར་བགྱི། །ཀུན་ནས་གཟིགས་པའི་སྤྱན་ལྡན་པ། །ཡོན་གནས་དམ་པ་ཁྱེད་རྣམས་ ཀྱིས། །བདག་ལ་བརྩེ་བས་ཉེར་དགོངས་ནས། །བདག་གི་སེམས་འདི་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ས་གཞི་སྤོས་ཀྱིས་བྱུགས་ཤིངX ། །ལྟུང་བཤགསX ། །

   གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་བཅས་གསལ་པོར་དགོད་པར་ཞུ།
    རྩོམ་འདིའི་སྦྲེལ་ཐག http://www.tb1025.cn

 

བརྒྱུད་འགོད།