ཚེ་རབས་རྗེས་འཛིན་དད་པའི་འཁྲི་ཤིང་བཞུགས་སོ། །

    སྤེལ་དུས།  2015-12-07 13:54:18         ཀློག་ཐེངས།  

          ༄༅། །འཇིགས་ཀུན་འཇིགས་མཛད་འཇམ་དཔལ་ཞི་ཁྲོའི་གར། །མཉམ་མེད་འགྲོ་བའི་མིག་གཅིག་ཙོང་ཁ་བའི། །གསང་གསུམ་འཕྲིན་ལས་ཕུང་བོ་གཅིག་བསྡུས་པ། །དཀྱིལ་འཁོར་རྒྱལ་བ་རྒྱ་མཚོའི་དགེ་ལེགས་སྩོལ། །བློ་བཟང་ཐུབ་པ་མཆོག་གི་ཆོས་ཚུལ་ལ། །མཁས་ཤིང་གྲུབ་པའི་རྣམ་ཐར་ལྷུར་བཞེས་ནས། །བསྟན་དང་བསྟན་འཛིན་སྐྱོང་བའི་དཔལ་མངའ་བ། །ལུས་ཅན་རྒྱ་མཚོའི་མགོན་པོར་གསོལ་བ་འདེབས། །མཚན་ལྡན་དམ་པའི་དེད་དཔོན་ལ་བརྟེན་ནས། །ཕུན་ཚོགས་ཡོན་ཏན་རྒྱ་མཚོར་དབང་འབྱོར་ཞིང༌། །མཆོག་མཐུན་དངོས་གྲུབ་ཡིད་བཞིན་དབྱིག་གི་ནོར། །སྩོལ་མཛད་དྲིན་ཅན་བླ་མར་གསོལ་བ་འདེབས། །རྣམ་དག་དྭངས་པའི་ཡིད་མཚོར་མགོན་ཁྱོད་ཀྱི། །གསང་གསུམ་མི་ཟད་འཁོར་ལོའི་ཟླ་སྣང་འབུམ། །ཡང་ཡང་བཀོད་དེ་སྙིང་ནས་གསོལ་འདེབས་ན། །ཐུགས་རྗེས་གཟིགས་ཤིང་བླ་མ་རྡོ་རྗེ་འཆང༌། །ཆེར་སྙིགས་མི་བཟད་དུཿཁའི་འཇིག་རྟེན་འདིར། །དམ་པ་རྣམས་ནི་ཞི་བའི་དབྱིངས་ལ་གཞོལ། །མགོན་མེད་ཉམ་ཐག་མར་གྱུར་འགྲོ་འདི་ ཀུན། །སྲིད་ཞིའི་གཡང་ལས་སྐྱོབས་ཤིག་སྙིང་རྗེའི་གཏེར། །བདག་ནི་ཚེ་རབས་སྲིད་པའི་ཕུན་ཚོགས་ཀུན། །སྙིང་བོ་མེད་པ་ཁྱིམ་གྱི་གཟེབ་སྤངས་ཏེ། །ཉེས་ལྟུང་རྙོག་བྲལ་ཚུལ་ཁྲིམས་ཡོངས་རྫོགས་པར། །མངོན་དགའི་མགོན་དང་ཁྱོད་ཀྱི་རྗེས་འགྲོར་ཤོག །སྐྱེ་དགུ་རྣམས་ཀྱི་བསོད་ནམས་ཚོགས་ཀྱི་གཞི། །ཚངས་སྤྱོད་བསླབ་གསུམ་རྒྱན་གྱིས་རབ་མཛེས་པ། །བག་ཡོད་དུལ་བའི་གོས་འཆང་དགེ་འདུན་སྡེས། །ནོར་འཛིན་དཔལ་མོའི་ཁྱོན་ཀུན་འགེང་བར་ཤོག །བསམ་སྦྱོར་དག་པས་དམ་པ་ལེགས་བསྙེན་ནས། །གསུང་རབ་ཀུན་གྱི་སྙིང་བོ་ཡོངས་རྫོགས་པ། །རྒྱལ་བ་དགྱེས་པའི་ཡང་དག་ལམ་བཟང་ལ། །བཤད་དང་སྒྲུབ་པས་ཉིན་མཚན་འདའ་བར་ཤོག །དངོས་གྲུབ་རིན་ཆེན་བྱེ་བའི་གཏེར་གྱུར་བ། །ཟབ་ཡངས་རྒྱུད་སྡེ་རྒྱ་མཚོའི་འཇིང་བརྒལ་ནས། །ཐུབ་བསྟན་གདན་གཅིག་རྫོགས་པའི་སྙིང་ནོར་གྱིས། །མཐའ་ཡས་འགྲོ་བའི་དབུལ་བ་མྱུར་སེལ་ཤོག །གྲངས་མེད་རྒྱལ་བ་རྣམས་ཀྱིས་བསྐལ་མང་དུ། །ལུས་སྲོག་ཡོངས་བཏང་གཞན་དོན་འབའ་ཞིག་ལ། །རྣམ་པར་གཞོལ་བའི་ལེགས་མཛད་བདེན་པའི་མཐུས། །ཇི་ལྟར་རེ་འབྲས་མངོན་དུ་འགྱུར་བར་ཤོག །གང་སྣང་བླ་མའི་གསང་གསུམ་རོལ་བར་འཆར། །གང་བྱས་བླ་མ་མཉེས་པའི་རྒྱུ་རུ་འགྲོ། །གང་བྱས་བླ་མའི་ཐུགས་རྗེས་མྱུར་དུ་འགྲུབ། །གང་དུ་སྐྱེས་ཀྱང་བླ་མའི་རྗེས་འཛིན་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང༌། །འབྲེལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང༌། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག ། དགེའོ། །


བརྒྱུད་འགོད།