མགོན་པོའི་བསྐང་བ་བཞུགས་སོ། །

    སྤེལ་དུས།  2015-12-07 13:51:52         ཀློག་ཐེངས།  

    ༄༅།།ཨོཾ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར་ཨཱ་ཝརྟ་ཡ་ཨཱ་ཝརྟ་ཡ་ཧོ།བཛྲ་སྥ་ར་ཎ་ཁཾ། ཨོཾ་ཨརྒྷཾ། པཱ་དྱཾ། པུཥྤེ། ངྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་དྱ། ཤཔྟ་ཨཱཿཧཱུཾ། ཨོཾ་རཱུ་བ། ཤཔྟ། གནྡྷེ། ར་ས། སྥརྴ་ཨཱཿཧཱུཾ།

ཧཱུཾ་རྩ་བརྒྱུད་བླ་མ་མཆོག་གསུམ་རྒྱལ་བའི་བཀའ། །གསང་སྔགས་རིག་སྔགས་ཏིང་འཛིན་ཕྱག་རྒྱའི་མཐུ། །རང་བཞིན་རྣམ་དག་ཆོས་དབྱིངས་བདེན་པ་ཡིས། །མཐུན་པའི་དམ་རྫས་ཕྱི་ནང་མཆོད་པའི་ཚོགས། །ས་དང་བར་སྣང་ནམ་མཁའི་ཁྱོན་གང་ཞིང༌། །ཟག་མེད་བདེ་སྟེར་རེ་བ་རྫོགས་བྱེད་པ། །ཡེ་ཤེས་མགོན་པོ་འཁོར་བཅས་སྤྱན་ལམ་དུ། །འབྱུང་ཞིང་རྒྱས་ལ་ཐུགས་དམ་སྐོངས་གྱུར་ཅིག །གདུག་པའི་དགྲ་བགེགས་རྣམས་ཀྱི་སྙིང་གི་ཁྲག །དམར་ཆེན་རཀྟའི་རྒྱ་མཚོ་རབ་འཁྱིལ་བ། །དམར་སེར་ལྦུ་བ་འཁྲིགས་པའི་མཆོད་ཡོན་འདིས། །མྱུར་མཛད་ཡེ་ཤེས་མགོན་པོའི་ཐུགས་དམ་བསྐང༌། །མ་ཅིག་དཔལ་ལྡན་ལྷ་མོའི་ཐུགས་དམ་བསྐང༌། །སྲོག་གཅོད་གནོད་སྦྱིན་བཞི་ཡི་ཐུགས་དམ་བསྐང༌། །གཙང་རིས་དཔལ་མགོན་བདུན་ཅུའི་ཐུགས་དམ་བསྐང༌། །བཀའ་སྡོད་དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང༌། །འཁོར་དང་བཅས་པའི་ཐུགས་དམ་སྐོངས་གྱུར་ནས། །རྣལ་འབྱོར་དཔོན་སློབ་ཉམས་ཆགས་སོས་གྱུར་ཅིག །མི་མཐུན་རྐྱེན་དང་བར་ཆད་བཟློག་པ་དང༌། །མཐུན་པའི་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །གདུག་པའི་དགྲ་བགེགས་རྣམས་ཀྱི་མིག་དང་ནི། །རྣ་བ་སྣ་དང་ལྕེ་དང་དེ་བཞིན་སྙིང༌། །རི་ལྟར་སྤུངས་པའི་དབང་བོའི་མེ་ཏོག་འདིས། །མྱུར་མཛད་ཡེ་ཤེས་མགོན་པོའིX སྩལ་དུ་གསོལ། །དུག་ཁྲག་ཡུངས་ཀར་གུ་གུལ་ནག་པོ་སོགས། །དྲག་པོའི་རྫས་མཆོག་སྦྱར་བའི་མཐུན་པའི་སྤོས། །རོ་སོལ་མེ་ཡིས་བསྲེགས་པའི་དུད་སྤྲིན་འདིས། །མྱུར་མཛདX སྩལ་དུ་གསོལ། །གདུག་པའི་དགྲ་བགེགས་རྣམས་ཀྱི་ཞུན་ཆེན་པོ། །སྐྲ་ཡི་རས་ཀྱི་སྡོང་བུར་བཅས་པ་ལ། །ཡི་དྭགས་མེ་ཡིས་སྤར་བའི་སྒྲོན་མེ་འདིས། །མྱུར་མཛདX སྩལ་དུ་གསོལ། །གསར་སྙིང་ཁྲག་དང་ག་བུར་སྦྱར་བ་ལ། །བདུད་རྩི་ལྔ་ཡིས་སྦགས་ཤིང་བྱིན་བརླབས་པ། །ཞག་ཆེན་སྤྲིས་མ་ཆགས་པའི་དྲི་ཆབ་འདིས། །མྱུར་མཛདX སྩལ་དུ་གསོལ། །འབྲུ་ནག་ཟན་དང་འབྲས་ཆེན་འཁུར་བ་དང༌། །ལ་ཕུག་ལ་དུ་ཤ་ཁྲག་རུས་པར་བཅས། །རོ་བརྒྱ་ལྡན་པའི་ཞལ་ཟས་རྒྱ་མཚོ་འདིས། །མྱུར་མཛདX སྩལ་དུ་གསོལ། །མི་རྐང་གླིང་བུ་གསང་བའི་རྔ་ཆུང་དང༌། །རྫ་རྔ་རྔ་ཟླུམ་ཐོད་པའི་ཅང་ཏེའུ། །བརྗིད་པའི་སྒྲ་ལྡན་སྣ་ཚོགས་རོལ་མོ་འདིས། །མྱུར་མཛདX སྩལ་དུ་གསོལ། །དགྲ་བགེགས་གཡང་གཞིའི་བླ་རེ་མཁའ་ལ་བྲེས། །གདུག་པའི་རྒྱུ་རློན་ལྡ་ལྡིས་བར་སྣང་གང༌། །ཀེང་རུས་ས་གཞི་ཁྱབ་པར་གཅལ་དུ་བཀྲམ། །མྱུར་མཛདX སྩལ་དུ་གསོལ །གླང་ཆེན་ཀོ་རློན་སྟག་གི་པགས་པ་དང༌། །མི་མགོའི་འཕྲེང་བ་ཕྱག་རྒྱ་རྣམ་པ་དྲུག །མཁའ་འགྲོའི་རྫས་མཆོག་ལི་ཁྲིའི་བྱུག་པ་འདིས། །མྱུར་མཛདX སྩལ་དུ་གསོལ། །མྱོས་བྱེད་སྟོང་གི་བཅུད་བསྡུས་བདུད་རྩི་མཆོག །སྦྱངས་ཤིང་བསྐྱེད་དེ་སྦར་བའི་བྱང་ཆུབ་སེམས། །རྨད་བྱུང་དགྱེས་པ་བསྐྱེད་པའི་བཏུང་བ་འདིས། །མྱུར་མཛདX སྩལ་དུ་གསོལ། །སྤྲིན་གྱི་ཤུགས་འཆང་གླིང་བཞི་ཡུད་ཀྱིས་འཁོར། །ཤ་རྒྱས་སྤུ་སྡུག་དར་གྱི་ཅོད་པན་ཅན། །ཟླ་བའི་མདོངས་མཛེས་རྟ་ནག་བཅུ་གསུམ་གྱིས། །མྱུར་མཛདX སྩལ་དུ་གསོལ། །གཡག་རོག་ཞོལ་ཆེན་སྤྲིན་ལྟར་འཐིབས་པ་ལ། །རྣོ་ཞིང་མཐོ་བའི་རྡོ་རྗེའི་རྭ་རྩེ་ཅན། །དྲག་པོའི་ངར་སྒྲ་སྒྲོག་པ་བཅུ་གསུམ་གྱིས། །མྱུར་མཛདX སྩལ་དུ་གསོལ། །ལུག་ནག་སྤྱི་དཀར་དབང་བོ་མ་ཉམས་ཤིང༌། །འཁྱིལ་ལེགས་ཆུ་གཉེར་མཛེས་པའི་རྭ་བཞི་བ། །འཇམ་ལེགས་སྤུ་ཡི་གོས་གྱོན་བཅུ་གསུམ་གྱིས། །མྱུར་མཛདX སྩལ་དུ་གསོལ། །དགྲ་བོའི་སྙིང་འབྱིན་རྡོ་རྗེའི་མཆུ་སྡེར་ཅན། །དྲག་པོའི་སྒྲ་སྒྲོག་ཁ་ནས་གློག་འཁྱུག་ཅིང༌། །ཁྱུང་ལྟར་ལྡིང་བའི་བྱ་ནག་བཅུ་གསུམ་གྱིས། །མྱུར་མཛདX སྩལ་དུ་གསོལ། །ཁྱི་ནག་སྙིང་དཀར་དོམ་ལྟར་འཕྱོ་བ་ལ། །ཁ་གདངས་མཆེ་གཙིགས་འཇིགས་པའི་ང་རོ་ཅན། །སྣ་ཚོགས་རྒྱན་གྱིས་མཛེས་པ་བཅུ་གསུམ་གྱིས། །མྱུར་མཛདX སྩལ་དུ་གསོལ། །གཞན་ཡང་རིན་ཆེན་བདུན་དང་འདོད་ཡོན་ལྔ། །ཕྱི་ནང་ཉེར་སྤྱོད་གླིང་བཞི་རི་རབ་སོགས། །དངོས་བཤམས་ཡིད་ཀྱི་སྤྲུལ་བའི་མཆོད་སྤྲིན་འདིས། །མྱུར་མཛདX སྩལ་དུ་གསོལ། །དམར་ཆེན་གཏོར་མ་རི་ལྟར་སྤུངས་པ་ལ། །དམར་ནག་དར་གྱི་ཅོད་པན་དུ་མས་བརྒྱན། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པས། །མྱུར་མཛདX སྩལ་དུ་གསོལ། །གཉེན་ལྕུག་དྲང་ཞིང་རྒོད་ཆེན་སྒྲོ་ཡིས་བརྒྱན། །སྲོག་གི་སྔགས་བྲིས་དར་ནག་མགུལ་བར་འཕྱང༌། །གནམ་ལྕགས་མདེའུ་དགྲ་བགེགས་སྙིང་དཀྱིལ་དུ། །ཐོག་ལྟར་རྒྱུག་པའི་ནང་རྟེན་དམ་པ་འདིས། །མྱུར་མཛདX སྩལ་དུ་གསོལ། །དཔའ་བོ་གཡུལ་དུ་མཚོན་གྱིས་བསད་པའི་སྙིང༌། །རྩ་གསུམ་མ་ཉམས་རིན་ཆེན་ཕྱེ་མ་དང༌། །བཟང་བོའི་སྨན་དང་སྔགས་ཀྱིས་རབ་བཀང་ནས། །བསྐྱེད་ཅིང་བྱིན་བརླབས་གསང་བའི་རྟེན་རྫས་འདིས། །མྱུར་མཛདX སྩལ་དུ་གསོལ། །ཁམས་གསུམ་ཟ་བྱེད་དྲག་པོའི་སྐུར་བསྟན་ཀྱང༌། །རྩ་བརྒྱུད་བླ་མ་ཀུན་དང་དབྱེར་མེད་པའི། །སྣང་སྟོང་སྒྱུ་མ་ལྟ་བུའི་སྐུར་བལྟས་ནས། །གདུང་བས་གསོལ་འདེབས་བླ་མེད་རྟེན་མཆོག་འདིས། །མྱུར་མཛད་ཡེ་ཤེས་མགོན་པོའི་ཐུགས་དམ་བསྐང༌། །མ་ཅིག་དཔལ་ལྡན་ལྷ་མོའི་ཐུགས་དམ་བསྐང༌། །སྲོག་གཅོད་གནོད་སྦྱིན་བཞི་ཡི་ཐུགས་དམ་བསྐང༌། །གཙང་རིས་དཔལ་མགོན་བདུན་ཅུའི་ཐུགས་དམ་བསྐང༌། །བཀའ་སྡོད་དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང༌། །འཁོར་དང་བཅས་པའི་ཐུགས་དམ་སྐོངས་གྱུར་ནས། །རྣལ་འབྱོར་དཔོན་སློབ་ཉམས་ཆགས་སོས་གྱུར་ཅིག །མི་མཐུན་རྐྱེན་དང་བར་ཆད་བཟློག་པ་དང༌། །མཐུན་པའི་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །

ཧཱུཾ་བདེ་ཆེན་ལྷུན་གྲུབ་གདོད་མའི་རང་བཞིན་ལས། །སྣ་ཚོགས་མཆོད་པའི་བྱེ་བྲག་མཐའ་ཡས་པ། །ཆོས་ཀྱི་རྒྱལ་བོ་ཡབ་ཡུམ་སྤྱན་ལམ་དུ། །ལེགས་པར་འབྱུང་བས་དགྱེས་པ་བསྐྱེད་གྱུར་ཅིག །དམར་ཆེན་ཁྲག་གི་མཆོད་ཡོན་དགྲ་བགེགས་ཀྱི། །དབང་བོའི་མེ་ཏོག་ཤ་སྣའི་དུད་སྤྲིན་དང༌། །ཚིལ་ཆེན་མར་མེ་ཞག་ཆེན་དྲི་ཆབ་དང༌། །ཤ་རུས་ཞལ་ཟས་སྣ་ཚོགས་རོལ་མོ་འདིས། །ཆོས་ཀྱི་རྒྱལ་བོ་ཡབ་ཡུམ་ཐུགས་དམ་བསྐང༌། །དྲེགས་པ་ཕོ་བརྒྱད་མོ་བརྒྱད་ལ་སོགས་པའི། །བཀའ་སྡོད་ལས་བྱེད་ཐུགས་དམ་སྐོངས་གྱུར་ནས། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་བསྒྲུབ་པར་མཛོད། །རླུང་ལྟར་མྱུར་མགྱོགས་རྟ་ནག་ཚོགས་རྣམས་དང༌། །མིག་སྨན་མདངས་ཆགས་སྟོབས་ལྡན་ར་དང་ལུག །རྔམས་བརྗིད་གཡག་རྒོད་དགྲ་འཇོམས་གཅན་གཟན་དང༌། །འཕུར་ལྡིང་རོལ་བའི་བྱ་ནག་ཚོགས་རྣམས་ཀྱིས། །ཆོས་ཀྱི་རྒྱལ་བོ་ཡབ་ཡུམ་ཐུགས་དམ་བསྐང༌། །དྲེགས་པ་ཕོ་བརྒྱད་མོ་བརྒྱད་ལ་སོགས་པའི། །བཀའ་སྡོད་ལས་བྱེད་ཐུགས་དམ་སྐོངས་གྱུར་ནས། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་བསྒྲུབ་པར་མཛོད། །ཆར་སྤྲིན་ལྟར་ནག་དྲག་པོའི་ང་རོ་ཅན། །རྔམས་པའི་ཁ་རླངས་དུས་ཀྱི་སྤྲིན་ལྟར་གཡོ། །རྡོ་རྗེའི་རྭ་ལྡན་དགྲ་བགེགས་སྲོག་ལ་རོལ། །རབ་བརྗིད་མཛེས་པའི་མ་ཧེའི་ཚོགས་རྣམས་ཀྱིས། །ཆོས་ཀྱི་རྒྱལ་བོ་ཡབ་ཡུམ་ཐུགས་དམ་བསྐང༌། །དྲེགས་པ་ཕོ་བརྒྱད་མོ་བརྒྱད་ལ་སོགས་པའི། །བཀའ་སྡོད་ལས་བྱེད་ཐུགས་དམ་སྐོངས་གྱུར་ནས། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་བསྒྲུབ་པར་མཛོད། །དམ་ཉམས་ཀླད་ལ་རྔམས་པའི་ཐོད་དབྱུག་དང༌། །དགྲ་བགེགས་འཆིང་བྱེད་དུས་ཀྱི་ཞགས་པ་དང༌། །སྲོག་འཕྲོག་མཚོན་ཆ་ཁྲམ་བམ་ཐོད་ཁྲག་སོགས། །བསྟན་དགྲ་འཇོམས་པའི་ཆ་རྐྱེན་དམ་པ་འདིས། །ཆོས་ཀྱི་རྒྱལ་བོ་ཡབ་ཡུམ་ཐུགས་དམ་བསྐང༌། །དྲེགས་པ་ཕོ་བརྒྱད་མོ་བརྒྱད་ལ་སོགས་པའི། །བཀའ་སྡོད་ལས་བྱེད་ཐུགས་དམ་སྐོངས་གྱུར་ནས། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་བསྒྲུབ་པར་མཛོད། །ཞིང་ཆེན་གཡང་གཞི་མགོ་ཕྲེང་དོ་ཤལ་དང༌། །རྡོ་རྗེའི་གོ་མཚོན་དམར་ཆེན་གཏོར་མའི་ཚོགས། །འདོད་ཡོན་སྣ་ལྔ་ལྷུན་པོ་གླིང་བཞིར་བཅས། །ཕྱི་ནང་གསང་རྟེན་མ་ཚང་མེད་པ་འདིས། །ཆོས་ཀྱི་རྒྱལ་བོ་ཡབ་ཡུམ་ཐུགས་དམ་བསྐང༌། །དྲེགས་པ་ཕོ་བརྒྱད་མོ་བརྒྱད་ལ་སོགས་པའི། །བཀའ་སྡོད་ལས་བྱེད་ཐུགས་དམ་སྐོངས་གྱུར་ནས། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་བསྒྲུབ་པར་མཛོད། །སྟོབས་ཆེན་གཤིན་རྗེ་རྒྱལ་བོ་འཁོར་བཅས་ཀྱིས། །ཨ་ཏི་ཤ་དང་བློ་བཟང་གྲགས་པ་ཡི། །བསྟན་ལ་གནོད་བྱེད་དགྲ་བགེགས་ཚར་ཆོད་ལ། །བསྟན་དང་བསྟན་འཛིན་བུ་བཞིན་སྐྱོང་བར་མཛོད། །

ཧཱུཾ ཆོས་སྐུ་ཡངས་པའི་ཕོ་བྲང་ནས། །ཆོས་སྐྱོང་སྲུང་མ་འཁོར་བཅས་ཀྱིས། །མཐུན་པའི་དམ་རྫས་འདི་བཞེས་ལ། །རྣལ་འབྱོར་དཔོན་སློབ་འཁོར་བཅས་ལ། །གཞན་གྱི་བསམ་སྤྱོར་ངན་པ་དང༌། །ཚེ་ཟོར་ཡུངས་ཟོར་འཕེན་པ་བཟློག །འབྱུང་བོའི་ཐོད་ཟོར་འཕེན་པ་བཟློག །གཤེན་རྗེའི་འཁོར་ལོ་བསྐོར་བ་བཟློག །བདུད་ཀྱི་ཁྲམ་ཁ་བསྟན་པ་བཟློག །མ་མོའི་ཁྲག་ཟོར་འཕེན་པ་བཟློག །ཞང་ཞུང་བཙོ་དམར་འཕེན་པ་བཟློག །སུམ་པ་གླང་ཟོར་འཕེན་པ་བཟློག །བནྡྷེ་སྔགས་ཟོར་འཕེན་པ་བཟློག །བོན་པོ་རྟ་ཟོར་འཕེན་པ་བཟློག །སྔགས་པ་སྒོང་ཟོར་འཕེན་པ་བཟློག །སྐྱེས་པ་མདའ་ཟོར་འཕེན་པ་བཟློག །བུད་མེད་དམོད་ཟོར་འཕེན་པ་བཟློག །མུ་སྟེགས་བར་ཆད་བྱེད་པ་བཟློག །ངན་སྔགས་གདུག་པའི་རྦོད་སྟོང་བཟློག །ཀླུ་ཡི་བྱད་དུ་བཅུག་པ་བཟློག །ཐེའུ་རང་སྲིས་ལ་བརྐུ་བ་བཟློག །རྒྱལ་བོའི་སྨྱོ་འབོག་གཏོང་བ་བཟློག །དྲང་སྲོང་གཟའ་ཡི་ཀི་ཀཾ་བཟློག །ལྟས་ངན་བརྒྱད་ཅུ་རྩ་བཞི་བཟློག །ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་བཟློག །རྨི་ལམ་ངན་དང་མཚན་མ་ངན། །ལོ་སྐེག་ཟླ་སྐེག་ཞག་སྐེག་དང༌། །ནད་རིགས་བཞི་བརྒྱ་རྩ་བཞི་བཟློག །མཁའ་འགྲོ་མ་དང་རོ་ལངས་དང༌། །རྒྱལ་སེན་བར་ཆད་བྱེད་པ་བཟློག །གནོད་བྱེད་དགྲ་ཇག་ཆོམ་རྐུན་དང༌། །དགྲ་སྲི་ཕུང་སྲི་ཐམས་ཅད་བཟློག །དེ་ལ་སོགས་པའི་གདུག་ཅན་རྣམས། །ཐམས་ཅད་སྡང་བའི་དགྲ་ལ་བྷྱོ། །ཐམས་ཅད་གནོད་པའི་བགེགས་ལ་བྷྱོ། །

ཧཱུཾ་མཐུན་པའི་དངོས་གྲུབ་མ་ལུས་པ། །དུས་འདིར་བདག་ལ་སྩལ་ཏུ་གསོལ། །འཁོར་དང་བསྟན་པ་ལོངས་སྤྱོད་རྣམས། །རྒྱས་པར་མཛོད་ཅིག་སྲུང་མའི་ཚོགས། །


བརྒྱུད་འགོད།