ལྗགས་བྱིན་རླབས།

    སྤེལ་དུས།  2015-12-07 08:37:37     རྩོམ་པ་པོ།   བྲག་དཀར་སྔགས་རམས་པ་    ཀློག་ཐེངས།  

         སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེའི་ངོ་བོ་འོད་དཔག་མེད་ལ་ཕྱག་འཚལ་ལོ། ། ངག་བྱིན་རླབས་ཀྱི་ངག་འདོན་མདོར་བསྡུས་འཁྱེར་བདེ་ཚིགས་བཅད་དུ་བསྡེབས་པ་ནི།

རང་ཉིད་ཡི་དམ་ལྷ་རུ་གསལ་བ་ཡི། ། ལྗགས་ཀྱི་སྟེང་དུ་ཨ་ཡིག་དཀར་པོ་ལས། ། བྱུང་བའི་ཟླ་དཀྱིལ་མཎྜལ་ཁ་སྦུབ་ལྟའི། ། སྟེང་དུ་ཨོཾ་ཡིག་དཀར་པོ་ཐོལ་གྱིས་བྱུང༌། ། དེ་མཐར་དབྱངས་ཡིག་དཀར་པོ་གཡས་བསྐོར་དང༌། ། དེ་མཐར་གསལ་བྱེད་དམར་བོ་གཡོན་དུ་བསྐོར། ། དེ་མཐར་རྟེན་འབྲེལ་སྙིང་བོ་སྔོན་པོ་ཡིས། ། གཡས་སུ་བསྐོར་བའི་ཨོཾ་དང་སྔགས་ཕྲེང་ལས། ། འོད་འཕྲོས་བླ་མ་རྒྱལ་བ་སྲས་བཅས་དང༌། ། ཉན་རང་དཔའ་བོ་མཁའ་འགྲོ་སྲུང་ཚོགས་བཅས། ། ཀུན་གྱི་བྱིན་རླབས་སྔགས་ཕྲེང་རྣམ་པ་དང༌། ། དྲང་སྲོང་རིག་འཛིན་ལྷ་མིའི་བདེན་སྟོབས་ཀུན། ། དབྱངས་གསལ་རྣམ་པར་བཀུགས་ནས་ཨོཾ་ལ་ཐིམ། ། གཞན་ཡང་སྣོད་བཅུད་ནུས་པའི་ཡོན་ཏན་ཀུན། ། བཀྲ་ཤིས་རྫས་རྟགས་རིན་ཆེན་སྣ་བདུན་གྱི། ། རྣམ་པར་བཀུགས་ནས་ཨོཾ་ལ་ཐིམ་པར་གྱུར། །
ཞེས་བརྗོད། དེ་ནས་སྤྲོ་ཞིང་ལོང་བྱུང་ན། ཡི་དམ་གྱི་སྙིང་པོ་བརྒྱ་རྩ་བརྒྱད་དམ་ཉེར་གཅིག་དང༌། དེ་ནས་མཇུག་ཏུ།
ཨོཾ་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨ། ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ། ཀྵ། སྭཱ་ཧཱ། བདུན་ནམ་ཉེར་གཅིགཨོཾ་ཡེ་དྷ་ རྨཱ་ཧེ་ཏུ་པྲ་བྷ་ཝཱ། ཧེ་ཏུནྟེ་ཥཱན། ཏ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱ་ཡོ། ནི་རོ་དྷ་ཨེ་ཝཾ་བཱ་དཱི། མཧཱ་ཤྲཱ་མ་ཎ་ཡེ་སྭཱཧཱ། བདུན་ནམ་ཉེར་གཅིག
ཨོཾ་ལས་འོད་འཕྲོས་སྔགས་ཕྲེང་རྣམས་ལ་ཕོག། ཕྱི་ནས་རིམ་གྱིས་ཞུ་བ་ཨོཾ་ལ་ཐིམ། ། ཨོཾ་ཡང་འོད་དུ་ཞུ་ནས་ཟླ་དཀྱིལ་ལ། ། ཟླ་བ་ཨ་ལ་ཨ་ཡང་ལྕེ་ལ་ཐིམ། ། ལྕེ་ནི་རྡོ་རྗེའི་རང་བཞིན་སྨྲ་བརྗོད་ཀུན། ། སྔགས་ཀྱི་ངོ་བོར་བྱིན་གྱིས་བརླབས་པར་གྱུར། ། ཅེས་བརྗོད།
ཅེས་པ་མཁས་གྲུབ་ཁྱུང་པོའི་མགུར་བརྒྱད་ཀྱི་ནང་ནས། སྔར་ངག་ལ་བྱིན་གྱིས་མ་བརླབས་པས། ། སྔགས་བཟླས་པ་རྣམས་ལ་ནུས་པ་མ་བྱུང༌། ། དཔལ་ཨཱ་ལི་ཀཱ་ལིའི་གདམས་པ་འདིས། ། སྔགས་མི་འགྲུབ་སྙམ་པའི་དོགས་པ་མེད། ། ཅེས་གསུངས་པའི་དོན་གྱི་མན་ངག་ཞལ་ཤེས་བྲག་དཀར་སྔགས་རམས་པ་མ་ཏི་ཤ་ས་ན་བྷ་དྲས་མཛད་པའི་དོན་ལྟར་ཉམས་སུ་བླངས་བདེ་ཆེད་ཚིགས་བཅད་མདོར་བསྡུས་སུ་བསྡེབས་པ་འདི་ཡང་དགའ་ལྡན་བརྟན་བཞུགས་ཆོས་འཁོར་གླིང་བའི་དགེ་འདུན་རྣམས་ཀྱི་ཉམས་བཞེས་དང༌། གཞན་ཡང་ངག་ནུས་འདོད་པ་མང་བོར་ཕན་སླད་རྟ་ཚག་པས་སྦྱར་བའོ། ། འདི་ཉམས་སུ་བླངས་ན། སྔགས་ཀྱི་ནུས་པ་ཉམས་པའི་རྒྱུ། ལྕེ་ཤ་ཟ་བ། ལན་ཚྭ། སྒོག་ཙོང་ལ་ཕུག་ཟ་བ། མེ་ལ་ཕུ་བྱས་པ་སོགས་ཀྱིས་ནུས་པ་འཕྲོག་མི་ནུས་པར་གསུངས། འོན་ཀྱང་གདམས་པ་འདི་ཡོད་པའི་བློ་རྩེས་དེ་དག་ལ་བག་མེད་དུ་སྤྱད་ན། དུག་སྨན་ཡོད་པའི་བློ་རྩེས་དུག་མང་དུ་འགམ་པ་དང་འདྲ་བར་མི་ལེགས་པས་དེ་ལྟར་ཡིད་ལ་བཅང་བར་བྱའོ། ། འདིས་ཀྱང་རང་གཞན་མང་བོར་ཕན་ཐོགས་པར་གྱུར་ཅིག།
བརྒྱུད་འགོད།