སྲོག་ཆགས་གྲོག་མ་ལ་སྦྱིན་པ་གཏོང་ཚུལ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-08-10 10:15:48     རྩོམ་པ་པོ།   ཐུའུ་བཀྭན་ཆོས་ཀྱི་ཉི་མ།    ཀློག་ཐེངས།  

༄༅།།ན་མོ་གུ་རུ་རཏྣ་ཡ།སྲོག་ཆགས་གྲོག་མ་ཟས་སྦྱིན་གཏོང་ཚུལ་ནི།དབྱར་དུས་སོགས་གྲོག་ཚང་བརྡོལ་བའི་དུས་སུ།ལག་པ་བཀྲུས་ལ་སྣུམ་སོགས་ཀྱི་དྲི་ཙམ་ཡང་མེད་པར་བྱས་ཏེ།སྐྱེ་བདུན་རྟེན་འདུས་མ་ཎི་རིལ་བུ་སོགས་བྱིན་རྟེན་བཟང་བོས་སྦྱངས་པའི་ཆུ་གཙང་མའམ།དེ་མ་བྱུང་ཀྱང་སྒྲིབ་སྦྱོང་གི་གཟུངས་སྔགས་སོགས་མང་དུ་བཟླས་པའི་ཆུའམ།ཆུ་ཕལ་བས་ཀྱང་རུང་སྟེ།ནད་ཀྱི་རྩམ་པ་སྦྲུས་ལ་བརླན་ཡོད་པ་ཙམ་བྱས།དེ་ནས་ཤིང་གི་རྩ་བ་སོགས་གྲོག་མའི་གྲོང་ཁྱེར་ཆེན་པོ་ཡོད་པ་རྣམས་སུ་ཕྱིན་ནས།སྐྱབས་འགྲོ་སེམས་བསྐྱེད་བྱས་ལ།

རང་ཉིད་སྐད་ཅིག་གིས་འཕགས་པ་སྤྱན་རས་གཟིགས་ཁ་སར་པཱ་ནིའི་སྐུར་གྱུར་པར་བསམཨོཾ་མ་ཎི་པདྨེ་ཧཱུཾ།གང་འགྲུབ་འདྲེན།དེ་ནསཨོཾ་མ་ཎི་པདྨེ་ཧཱུཾ།དང་།ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་རཱ་ཎི་མེ་སརྦ་ས་ཏྭ་ནཱཉྩ་སྭཱ་ཧཱ། ཀུན་རིག་གི་རྩ་སྔགས། ན་མོ་བྷ་ག་ཝ་ཏེ། སརྦ་དུརྒ་ཏི་པ་རི་ཤོ་དྷ་ནི་རཱ་ཛ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུད་དྷ་ཡ། ཏདྱ་ཐཱ། ཨོཾ་ཤོ་དྷ་ནི་ཤོ་དྷ་ནི། སརྦ་པཱ་པཾ་བི་ཤོ་དྷ་ནི། ཤུད་དྷེ་བི་ཤུད་དྷེ། སརྦ་ཀརྨཱཿཨཱ་ཝ་ར་ཎཱ་བི་ཤོ་དྷ་ནི་སྭཱ་ཧཱ།སོགས་སྒྲིབ་སྦྱོང་གི་གཟུངས་སྔགས་ཅི་རིགས་བཟླ་བཞིན་བྱམས་པ་དང་སྙིང་རྗེའི་བསམ་པ་མངོན་དུ་བྱས་ཏེ།སྔར་གྱི་རྩམ་པ་མང་ཉུང་འཚམ་པ་རེ་གྲོག་ཚང་གི་སྒོ་རྣམས་སུ་བཏབ།དེ་འཁྱེར་ཚར་བ་དང་སྔར་བཞིན་ཅུང་ཟད་རེ་བཏབ།གྲོག་མ་རྣམས་ཚིམ་པར་མངོན་པ་ན་མཚམས་བཅད་ལ།འདི་ལྟར་བགྱིས་པའི་བསོད་ནམས་དང་། །བདག་གི་དུས་གསུམ་དགེ་བའི་ཚོགས། །ཉམ་ཐག་འགྲོ་བ་མཐའ་དག་གི།མགོན་སྐྱབས་དམ་པར་བདག་གྱུར་ཅིག།ཚ་གདུང་དམྱལ་བའི་འཇིགས་པ་རྣམས། །སྐྱོབ་བྱེད་བསིལ་བའི་ཆར་དང་ནི། །གྲང་བའི་དམྱལ་བ་མཐའ་དག་གི །གདུང་སེལ་ཉི་མ་མཆོག་གྱུར་ཅིག །རོ་བརྒྱའི་ཟས་སྐོམ་རྒྱ་མཚོ་ཡིས། །ཡི་དྭགས་མ་ལུས་དབྱུགས་འབྱིན་ཅིང་། །བཀོལ་སྤྱོད་རྨོངས་པའི་མུན་སེལ་པའི༎སྒྲོན་མེ་མཆོག་ཏུ་བདག་གྱུར་ཅིག།ཕྲག་དོག་འཐབ་རྩོད་སྡུག་བསྔལ་གྱི། །མདའ་ཆར་འབབ་ལ་གོ་ཆ་དང་། །འཆི་འཕོ་ལྟུང་བའི་ཆུ་འཁྲུག་པར། །སྒྲོལ་བྱེད་བརྟན་པོ་གཟིངས་གྱུར་ཅིག །འཇིགས་རུང་སྐྱེ་རྒ་ན་འཆི་ཡི༎རིམས་ནད་དྲག་པོས་གཙེས་པ་ལ༎ཉོན་མོངས་ནད་ཀུན་སེལ་བྱེད་པའི། །སྨན་པའི་མཆོག་ཏུ་བདག་གྱུར་ཅིག།བདག་ནི་དབུལ་ཞིང་ཕོངས་རྣམས་ལ། །འདོད་རྒུའི་འབྱུང་བའི་གཏེར་ཆེན་དང་། །གཉེན་དང་བྲལ་བས་གདུང་རྣམས་ཀྱི། །གཉེན་དང་བཤེས་སུ་ངེས་གྱུར་ཅིག།བདག་ཀྱང་ཚེ་རབས་ཐམས་ཅད་དུ། །དལ་འབྱོར་རྟེན་བཟང་དགེ་བའི་བཤེས། །ཡིད་བཞིན་ནོར་བུ་སྤྱི་བོར་འཛིན། །ཐོས་བསམ་སྒོམ་པའི་གྲུར་ཞུགས་ནས༎སྐུ་གསུམ་གླིང་དུ་ཕྱིན་གྱུར་ཅིག།ཞེས་གཏོར་མ་བརྒྱ་རྩའི་སྨོན་ལམ་མམ།དམིགས་བསལ་ལྟ་བུ་ལ།བླ་མ་མཆོད་གསུམ་བྱིན་རླབས་དང་༎སྦྱིན་པ་འདི་ཡིས་བསོད་ནམས་མཐུས༎བདག་དང་དམིགས་ཡུལ་སྦྱིན་བདག་གི །ནད་གདོན་ཉེར་འཚེ་ཞི་གྱུར་ཅིག །ལས་ངན་ལན་ཆགས་མ་ལུས་པ། །བསོད་ནམས་འདིའི་མཐུས་བྱང་སྟེ། །ཚེ་རིང་ནད་མེད་བདེ་སྐྱིད་ལྡན། །རྟག་ཏུ་ཆོས་ལ་སྤྱོད་པར་ཤོག།དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཏེ། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་ནི་མྱུར་ཐོབ་ཤོགཞེས་སོགས་སྨོན་ལམ་དང་།འཁོར་གསུམ་དམིགས་མེད་ཀྱིས་རྒྱས་བཏབ།

བོད་ན་གྲོག་སྦྱིན་གཏོང་ཚུལ་ཟེར་བའི་ཡི་གེ་འགའ་ཞིག་ན་ལོ་རྒྱུས་སོགས་ཀྱི་གཏམ་ཉག་ཉོག་མང་བོ་ཞིག་བྲིས་འདུག་ལ།ཡིག་བརྟན་མི་སྣང་ཡང་།གྲོག་མ་སོགས་ཟན་ཟ་བའི་ཉ་དང་འབུ་སྲིན་སོགས་ལ་དེ་དག་ལ་མི་གནོད་པའི་ཟས་སྟེར་ན་ཕན་ཡོན་ཆེ་བ་གོར་མ་ཆག་པས་ཀུན་སློང་བཟང་བོས་བཤད་མ་ཐག་པ་བཞིན་བསྒྲུབ་ན་ཕུན་སུམ་ཚོགས་པར་འགྱུར་རོ། །ཅེས་པའང་དྷརྨ་བཛྲས་རང་ཉིད་ལ་བྲོ་འཚལ་ནས་ངན་སློང་ལ་སྦྱིན་གཏོང་སོགས་རིམ་གྲོ་མང་དུ་སྒྲུབ་སྐབས་འདི་ལྟ་བུ་ཡང་ཚོགས་གསོག་གི་ཡན་ལག་ཏུ་འགྱུར་བར་བསམས་ནས་ལག་ལེན་དུ་བགྱིས་པའི་ཚེ་ཕྲལ་མར་བྲིས་པའོ༎

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།