འཇམ་མགོན་བླ་མ་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོ་ལ་བླ་མའི་རྣལ་འབྱོར་དང་འབྲེལ་བའི་སྟོང་མཆོད་འབུལ་བའི་ཆོ་ག་དངོས་གྲུབ་སྙེ་མ་ཞེས་བྱ་བ་བཞུགས་སོ། །

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-01-10 22:11:48     རྩོམ་པ་པོ།   རྒྱལ་དབང་ངག་དབང་ཐུབ་བསྟན་རྒྱ་མ    ཀློག་ཐེངས།  

                                                        ༄༅། །འཇམ་མགོན་བླ་མ་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོ་ལ་བླ་མའི་རྣལ་འབྱོར་དང་འབྲེལ་བའི་སྟོང་མཆོད་འབུལ་བའི་ཆོ་ག་དངོས་གྲུབ་སྙེ་མ་ཞེས་བྱ་བ་བཞུགས་སོ། །

 

     ན་མོ་གུ་རུ་མཉྫུ་གྷོ་ཥྰ་ཡ།   ཕུལ་བྱུང་ལེགས་ཚོགས་རིན་ཆེན་རྡུལ་མངས་ཀྱི། །ཁང་བཟང་བསླབ་གསུམ་ནོར་བུའི་རྒྱན་གྱིས་མཛེས། །ལེགས་བཤད་བདུད་རྩིས་འགྲོ་རྣམས་ཚིམ་མཛད་པའི། །གསུམ་ལྡན་མ་ཕམ་བླ་མ་གཉིས་པ་རྒྱལ། །ཁྱབ་བདག་འཁོར་ལོའི་མགོན་པོ་ངུར་སྨྲིག་འཆང་། །གང་གི་སྐུ་གསུང་ཐུགས་ཡོན་མཛད་པ་ཡི། །པདྨའི་དྲི་ངད་སྐྱེ་འགྲོ་བུང་བའི་ཚོགས། །ཚིམ་ནས་ལེགས་བཤད་ཀླུ་དབྱངས་དར་དིར་སྒྲོགས། །ལྷན་ཅིག་གསོལ་འདེབས་ཕྱག་མཆོད་རིམ་པ་དང་། །ཚོགས་གསོག་ཇི་ལྟར་བྱ་བའི་ཆོ་གའི་ཚུལ། །དོན་གཉིས་སྒྲུབ་ཐབས་དངོས་གྲུབ་སྙེ་མ་འདི། །ཐར་འདོད་ཡོངས་ཀྱི་རྒྱན་ཡིན་ཅིས་མི་ལེན།  ཞེས་མཆོད་པར་བརྗོད་ཅིང་རྩམ་པར་དམ་བཅའ་བ་སྔོན་དུ་འགྲོ་བས། དེ་ལ་འདིར་རབ་འབྱམས་རྒྱལ་ཀུན་སྐྱེད་པའི་ཡབ་གྱུར་རྗེ་བཙུན་ཟུར་ཕུད་ལྔ་བ་བདག་ཅག་འགྲོ་བ་ཉམ་ཐག་པ་རྣམས་ཀྱི་མགོན་དུ་མཐོན་མཐིང་ལན་བུའི་ཟུར་ཕུད་དོར་ཏེ། བཀའ་དྲིན་གསུམ་ལྡན་ངུར་སྨྲིག་གར་རོལ་བླ་མ་ལྷ་མཆོག་འཇམ་མགོན་རྒྱལ་བ་གཉིས་པ་ལ་བརྟེན་ནས་གསོལ་འདེབས་བླ་མའི་རྣལ་འབྱོར་དང་འབྲེལ་བའི་ཕྱག་མཆོད་ཚུལ་བཞིན་དུ་བསྒྲུབ་པར་བྱ་བ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་བོ་གང་དུ་བྱ་བའི་གནས་ཡིད་དུ་འོང་བར་ཕྱག་བདར་སོགས་ལེགས་པར་བྱས་ལ་རྗེ་བླ་མའི་སྐུ་བྲིས་འབུར་གང་རུང་རབ་གནས་ཅན་ལེགས་པར་བཤམས། གཙང་སྦྲ་དང་ལྡན་པའི་བདག་བསྐྱེད་ཀྱི་མཆོད་པ་དང་། མདུན་བསྐྱེད་ལ་འབུལ་རྒྱུའི་མཆོད་སྤྲིན་སྣ་ལྔ་སྟོང་ཚར་སོགས་སྐབས་དང་སྦྱར་ཏེ་ཇི་ལྟར་དགོས་པ་འདུ་བྱ།  སྒྲུབ་པ་བོ་རྣམས་ཕྱི་ནང་གི་ཁྲུས་སོགས་གཙང་སྦྲ་དང་ལྡན་པས། དང་བོ་སྐྱབས་འགྲོ་སེམས་བསྐྱེད་རྒྱུད་ཁུལ་ངེས་སྔོན་དུ་འགྲོ་བའི་དགའ་ལྡན་ལྷ་བརྒྱ་མའི་གསོལ་འདེབས་དང་། ཁྱད་པར་གྱི་སེམས་བསྐྱེད་སོགས་བྱ། ཆོ་ག་དངོས་ལ་བདག་མདུན་གཉིས་ལས། ཐོག་མར་བླ་མའི་རྣལ་འབྱོར་དང་འབྲེལ་བའི་བདག་བསྐྱེད་ནི། སྭ་བྷཱ་ས་སྟོང་བར་སྦྱངས། སྟོང་བའི་ངང་ལས་རང་གི་སྤྱི་བོ་རུ། །གདོང་ལྔའི་དབང་བོ་བརྒྱད་ཀྱིས་ཉེར་བཏགས་པའི། །པད་ཟླའི་སྟེང་དུ་རབ་འབྱམས་རྒྱལ་ཀུན་རྣམས། །འདུས་ཞལ་རྩ་བའི་བླ་མ་རྡོ་རྗེ་འཆང་། །དབྱེ་མེད་འཇམ་མགོན་བླ་མ་ཆོས་ཀྱིས་རྒྱལ། །སྐུ་མདོག་དཀར་གསལ་མཚན་དཔེའི་ལོངས་སྤྱོད་རྫོགས། །འགྲོ་ལ་དགྱེས་པའི་འཛུམ་ཞལ་ཕྱག་གཉིས་ཀྱིས། །ཆོས་འཁོར་ཕྱག་རྒྱ་ཤེས་རབ་རལ་གྲི་དང་། །སྟོང་ཕྲག་བརྒྱད་པའི་གླེགས་བམ་ཕྱག་རྒྱས་མཚན། །གསེར་མདོག་ཆོས་གོས་གསུམ་གྱིས་སྐུ་ལ་མཛེས། །དབུ་ལ་པཎ་ཞྭ་གསེར་མདོག་སྣེ་རིང་གསོལ། །ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་ཚུལ་གྱིས་བཞུགས། །སྐུ་གསུང་ཐུགས་གསུམ་ཨོཾ་ཨཱ་ཧཱུཾ་གིས་མཚན། སྐྱབས་གནས་ཀུན་འདུས་ཟླ་མེད་བླ་མ་ལྷར། །སྒོ་གསུམ་དད་པས་འདུད་ཅིང་ཕྱག་འཚལ་ནས། །དངོས་སུ་བཤམས་དང་ཡིད་སྤྲུལ་མཆོད་ཚོགས་འབུལ། །བདག་ཅག་འཁོར་བའི་ལས་ཉོན་གཞན་དབང་གིས། །ཐོག་མེད་ནས་བསགས་སྡིག་ལྟུང་སྒྲིབ་པའི་ཚོགས། །ནོངས་ཤིང་འགྱོད་པའི་སེམས་ཀྱིས་རབ་བཤགས་ནས། །རང་གཞན་ཀུན་གྱི་སྒོ་གསུམ་དགེ་བའི་ཚོགས། །སྔར་བསགས་ཀུན་ལ་རྗེས་སུ་ཡི་རང་ཞིང་། །སླར་ཡང་སྡིག་སྤོང་དགེ་སྒྲུབ་བྱིན་གྱིས་རློབས། །སྲིད་པའི་ཕྱི་མཐའ་མ་རྫོགས་བར་དེ་སྲིད། །མྱ་ངན་མི་འདའ་རྟག་པར་ལེགས་བཞུགས་ནས། །འགྲོ་རྣམས་གཏན་བདེའི་ལམ་བཟང་ལ་འགོད་ཕྱིར། །ཐར་བའི་ས་བོན་བསྐྲུན་པའི་ཟབ་རྒྱས་ཀྱི། །ཆོས་འཁོར་རྒྱུན་ཆད་མེད་པར་བསྐོར་དུ་གསོལ། །བདག་གཞན་ཀུན་གྱི་དགེ་ཚོགས་མ་ལུས་ཀུན། །བླ་མེད་རྫོགས་པའི་བྱང་ཆེན་རྒྱུ་རུ་བསྔོ། །གང་ཡང་ཞེན་མེད་ཞིང་ཁམས་རྒྱ་མཚོ་ཡི། །བཀོད་པར་ཡིད་ཀྱིས་སྤྲུལ་ཏེ་སྒོ་གསུམ་གྱི། །གུས་པས་འདུད་དོ་རྩེ་གཅིག་འབུལ་ལེགས་ན། །ཐུགས་རྗེས་བཞེས་ལ་བདག་རྒྱུད་བྱིན་གྱིས་རློབས། །ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ངྷཱིཿཡིག་མཐའ་རུ་མཚན་སྔགས་ཀྱིས་བསྐོར་བ། དེ་ལས་བདུད་རྩིའི་རྒྱུན་བབས་སྤྱི་བོ་ནས། །ཞུགས་པས་ལུས་ངག་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བཟླས་དམིགས་དང་བཅས་ཏེ། ཨོཾ་ཨཱ་གུ་རུ་བཛྲ་ངྷ་ར་སུ་མ་ཏི་ཀིརྟི་སིངྔྷི་ཧཱུཾ་ཧཱུཾ། ཞེས་བརྒྱ་རྩ་དང་། ཉེར་གཅིག་སོགས་ཅི་འགྲུབ་བཟླས་པས་གསོལ་བ་ཕུར་ཚུགས་སུ་བཏབ་ལ།མགོན་ཁྱོད་དགྱེས་པའི་སྐུ་གསུང་ཐུགས་གསུམ་ལས། །བདུད་རྩི་འོད་ཟེར་དཀར་དམར་མཐིང་གསུམ་པོ། །རིམ་དང་ཅིག་ཅར་བྱུང་ནས་བདག་ཉིད་ཀྱི། །གནས་གསུམ་དག་ཏུ་སོ་སོར་ཐིམ་པ་ཡིས། །སྒྲིབ་བཞིའི་ཚོགས་རྣམས་རིམ་གྱིས་དག་པ་ལས། །རྣམ་དག་དབང་བཞི་ཐོབ་ཅིང་སྐུ་བཞི་ཡི། །གོ་འཕང་མངོན་གྱུར་བླ་མ་གཉིས་པ་ཞིག །དགྱེས་བཞིན་ཐིམ་པས་ཀུན་རྟོག་སྤྲོས་པའི་ཚོགས། །ཞི་ནས་རང་བཞིན་མི་དམིགས་སྟོང་བའི་ངང་། །སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་ཁྲིར། །སྣ་ཚོགས་པདྨ་ཟླ་ཉིའི་གདན་སྟེང་དུ། །རང་གི་སེམས་ཉིད་ངྷཱིཿལས་འོད་ཟེར་འཕྲོས། དོན་གཉིས་བྱས་ཤིང་སླར་ཡང་ཚུར་འདུས་པ། །ཡོངས་གྱུར་རང་ཉིད་རྒྱལ་ཀུན་འདུས་པའི་ཞལ། །རྗེ་བཙུན་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ། །སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། །དགྱེས་པའི་འཛུམ་ཞལ་ཕྱག་གཉིས་ཆོས་འཁོར་གྱི། །ཕྱག་རྒྱས་ཐབས་ཤེས་གླེགས་བམ་རལ་གྲི་འཛིན། །ཆོས་གོས་གསུམ་མཛེས་མཚན་དཔེའི་ལང་ཚོ་རྒྱས། །གསེར་མདོག་པཎ་ཞྭ་དབུ་ལ་བསྣམས་ཤིང་མཛེས། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་ལྡན་པས་བཞུགས། །སྐུ་ཡི་གནས་གསུམ་ཨོཾ་ཨཱ་ཧཱུཾ་གིས་མཚན། །ཐུགས་ཀའི་ས་བོན་ཧཱུཾ་ལས་འོད་ཟེར་འཕྲོས། །རང་བཞིན་གནས་མཆོག་དགའ་ལྡན་ཞིང་ཁམས་ནས། །བསྒོམ་པ་དང་འདྲའི་ཡེ་ཤེས་ལྷ་ཚོགས་རྣམས། །སྤྱན་དྲངས་ཛ་ཧཱུཾ་བཾ་ཧོ་དབྱེར་མེད་གྱུར། །ཅེས་པས་སྤྱན་དྲངས། མཆོད་པ་རྣམས། ཨ་མྲྀ་ཏས་བསངས། སྭ་བྷ་ཝས་སྦྱངས། སྟོང་བའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱིས་ནང་དུ་ཨོཾ་འོད་དུ་ཞུ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་སྐྱེད་པར་གྱུར།ཨོཾ་ཨརྒྷཾ།དྱཾ། པཥྤེ། དྷུ་བེ། ཨ་ལོ་ཀེ གནྡྷེ། ནེེ་ཝི་དྱ། ཤཔྟ་ཨཱ་ཧཱུཾགིས་བྱིན་གྱིས་བརླབས། བསོད་ནམས་ཞིང་དུ་གྱུར་པའི་སངས་རྒྱས་ལ། །སྣང་ལ་རང་བཞིན་མེད་པའི་མཆོད་ཡོན་འདི། །སྣང་སྟོང་དབྱེར་མེད་སེམས་ཀྱིས་འབུལ་ལགས་ན། །དབྱེར་མེད་བདེ་ཆེན་ཐུགས་ཀྱིས་བཞེས་སུ་གསོལ། །ཨོཾ་ཨཱ་གུ་རུ་བཛྲ་ངྷ་ར་སུ་མ་ཏི་ཀིརྟི་ས་པྰ་རི་ཝ་ར་ཨརྒྷཾ་པྲ་ཏྰི་ཙྪ་ཧཱུཾ་སྭཱ་ཧྰ། ཞེས་པ་ནས་ཤཔྟའི་བར་རིགས་འགྲེ། རྣམ་དག་གངས་རིའི་ཕྲེང་བས་ཡོངས་བསྐོར་བའི། །ཕྱོགས་འདིར་བདག་ཅག་མགོན་མེད་རྣམས་ཀྱི་མགོན། །བློ་དམན་བསམ་པའི་ངོ་དང་འཚམ་པའི་སྐུ། །སྟོན་མཛད་བླ་མ་མཆོག་ལ་བདག་ཕྱག་འཚལ། །ཞེས་པས་བསྟོད། བཟླས་དམིགས་ནི། རང་གི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་སྟེང་། །རང་ཉིད་ངྷཱིཿཡིག་དམར་སེར་མཐའ་སྐོར་དུ། །སྔགས་ཀྱི་ཕྲེང་བས་ཡོངས་སུ་བསྐོར་བ་ལས། །འོད་འཕྲོས་ཕྱོགས་བཅུའི་བདེ་གཤེགས་སྲས་བཅས་མཆོད། །དེ་ཡི་སྐུ་གསུང་ཐུགས་ཀྱི་བྱིན་བརླབས་ཚོགས། །སྐུ་སྔགས་ཕྱག་མཚན་རྣམ་པས་རང་ལ་ཐིམ། །སྒོ་གསུམ་བྱིན་བརླབས་སླར་ཡང་འོད་ཟེར་རྣམས། །དཔག་མེད་འཕྲོས་པས་རིགས་དྲུག་སེམས་ཅན་གྱི། །སྡིག་སྒྲིབ་ཉེས་པའི་ཚོགས་ཀུན་མ་ལུས་སྦྱངས། །འགྲོ་རྣམས་དགའ་ལྡན་ཞིང་མཆོག་ཉམས་དགའ་བར། །ཁྱབ་བདག་བློ་བཟང་རྡོ་རྗེ་འཆང་དབང་གི །གོ་འཕང་མཆོག་ལ་བདག་གིས་བཀོད་པར་བསམ།། དམིགས་པ་མ་ཡེངས་པའི་ངང་ནས་དམིགས་བརྩེ་མའི་གསོལ་འདེབས་བརྒྱ་སྟོང་ཅི་རིགས་བཟླས་པའི་མཐར་ཡིག་བརྒྱ་བརྗོད། མཆོད་བསྟོད་མདོར་བསྡུས་དང་།དགེ་བ་འདི་ཡིས་མྱུར་དུ་བདག །འཇམ་མགོན་བླ་མ་འགྲུབ་གྱུར་ནས། ། འགྲོ་བ་གཅིག་ཀྱང་མ་ལུས་པ། །ཁྱེད་ཀྱི་ས་ལ་འགོད་པར་ཤོག །འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཞེས་སོགས་ཀྱི་དགེ་བ་བསྔོ། བསང་ཆུ་སྒྲུབ་པ་ནི། ལས་བུམ་གྱི་ནང་དུ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་གི་མཐར་བཟླ་བྱའི་སྔགས་ཀྱིས་བསྐོར་བར་གྱུར། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། བརྒྱ་འམ་ཉེར་གཅིག་ཅི་ནུས་བཟླ། སྔགས་ཕྲེང་ས་བོན་དང་བཅས་པ་འོད་དུ་ཞུ་ནས་བསང་བའི་ཆུར་གྱུར།གཉིས་པ་དངོས་གཞི་ལ་མདུན་གྱི་ལྷ་བསྐྱེད་པ་ནི།ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྟོང་བར་སྦྱངས། སྟོང་བའི་ངང་ལས་རང་མདུན་དཔག་བསམ་གྱི། །ལྗོན་པ་རབ་རྒྱས་སྟེང་དུ་པདྨ་དམར། །དེ་སྟེང་སེང་གེས་བཏེགས་པའི་རིན་ཆེན་ཁྲིའི། །སྟེང་དུ་སྣ་ཚོགས་པད་ཟླ་ཉི་གདན་སྟེང་། །རྩ་བའི་བླ་མ་མཆོག་དང་དབྱེར་མེད་མགོན། །ཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ། །སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། །ཞལ་གྱི་དཀྱིལ་འཁོར་ཟླ་བ་ཉ་རྒྱས་ལྟར། །རབ་ཏུ་རྒྱས་ཤིང་འཛུམ་པའི་ཉམས་ལྡན་པ། །ཕྱག་གཉིས་ཐུགས་ཀར་ཆོས་འཁོར་ཕྱག་རྒྱ་ཡིས། །མཐེབ་འཛུབ་ཨུཏྤལ་ཡུ་བ་ནས་བཟུང་བའི། །འདབ་མ་གཡས་གཡོན་སྙན་གྱི་ཐད་ཀ་ནས། །ཁ་བྱེའི་གཡས་སྟེང་ཤེས་རབ་རལ་གྲི་དང་། །གཡོན་གྱི་སྟེང་ན་སྟོང་ཕྲག་བརྒྱད་པ་ཡི། །གླེགས་བམ་རང་སྒྲ་སྒྲོགས་པས་མཛེས་པར་བརྒྱན། །ངུར་སྨྲིག་མདངས་ལྡན་ཆོས་གོས་གསུམ་གྱིས་མཚན། །གསེར་མདོག་པན་ཞྭ་སྣེ་རིང་དབུ་ལ་གསོལ། །མཚན་དཔེའི་གསལ་རྫོགས་བདེ་ཆེན་ཟུང་འཇུག་སྐུ། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་ཚུལ་གྱིས་བཞུགས། །སྐུ་ལས་འོད་ཟེར་མུ་མཐའ་མེད་པར་འཕྲོས། །དེ་ཡིས་ཞིང་ཁམས་ཐམས་ཅད་སྐུ་ལ་སྣང་། །སྐུ་ཡིས་ཞིང་ཁམས་ཁྱབ་པའི་བདག་ཉིད་ཅན། །དེ་ཡི་སྤྱི་བོར་པདྨ་ཟླ་བའི་སྟེང་། །འཇམ་དབྱངས་དམར་སེར་ཕྱག་གཡས་རལ་གྲི་དང་། །ཕྱག་གཡོན་སྟོང་ཕྲག་བརྒྱད་པའི་གླེགས་བམ་མཚན། །མགྲིན་པར་པད་ཟླའི་སྟེང་དུ་སྤྱན་རས་གཟིགས། །སྐུ་མདོག་ནོར་བུ་ཆུ་ཤེལ་ལྟར་རབ་དཀར། །དྭངས་ཤིང་དྲི་མེད་ཞལ་གཅིག་ཕྱག་བཞི་ཡི། །དང་བོ་གཉིས་ཀྱིས་ཐུགས་ཀར་ཐལ་སྦྱར་མཛད། །དེ་འོག་གཡས་ཀྱིས་ཤེལ་ཕྲེང་གཡོན་འོག་མས། །པདྨ་དཀར་བོ་འདབ་མ་བརྒྱད་པ་འཛིན། །རི་དྭགས་པགས་པས་ནུ་མ་གཡོན་པ་བཀབ། །གཉིས་ཀའང་སྐུ་སྟོད་ལྷ་རྫས་གོས་ཀྱིས་བཀླུབས། །སྐུ་སྨད་དར་གྱི་ཤམ་ཐབས་མཛེས་པར་གསོལ། །རིན་ཆེན་རྒྱན་སྤྲས་ཐུགས་ཀར་པད་ཉིའི་སྟེང་། །ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ག་ཅན། །ཕྱག་གཡས་རྡོ་རྗེ་ཕྲག་གོང་སྟེང་དུ་འཕྱར། །ཕྱག་གཡོན་ཐུགས་ཀར་སྡིགས་མཛུབ་རིན་ཆེན་དང་། །སྦྲུལ་བརྒྱད་ཀྱིས་བརྒྱན་སྟག་ལྤགས་ཤམ་ཐབས་གསོལ། །ཞབས་གཉིས་བརྐྱངས་བསྐུམས་སྟབས་ཀྱིས་བཞུགས་པར་གྱུར། །དེ་དག་གནས་གསུམ་འབྲུ་གསུམ་རིམ་གྱིས་མཚན། །ཐུགས་ཀའི་ཧཱུཾ་མདུན་དྷཱིཿཡིག་དམར་སེར་ལས། །འོད་ཟེར་རབ་འབར་དེ་ལས་འོད་ཟེར་ཚོགས། །ཕྱོགས་བཅུར་འཕྲོས་པས་དགའ་ལྡན་ཞིང་ཁམས་སོགས། །རང་བཞིན་གནས་ནས་རྩ་བརྒྱུད་བླ་མ་དང་། །ཡི་དམ་བདེ་གཤེགས་འཕགས་ཚོགས་སྲུང་མར་བཅས། །འཁོར་གྱིས་བསྐོར་བ་ཆར་སྤྲིན་གཏིབས་པ་བཞིན། །སྤྱན་དྲངས་མདུན་གྱི་ནམ་མཁར་ས་མཱ་ཛཿ། །མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཡང་དག་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཛཿཧཱུཾ་བཾ་ཧོཿདམ་ཡེ་གཉིས་མེད་གྱུར། མཚམས་འདིར་ཁྲུས་གསོལ་དང་། མཎྜལ་རྒྱས་པ་འབུལ་ཚེ་སྐབས་འདིར་བྱ། མཆོད་པ་སྔར་ལྟར་བྱིན་གྱིས་བརླབསརྒྷཾ་ནས་ཤཔྟ། རཱུ་བ་ནས་སྥར་ཤ་ཨཱཿཧཱུཾ། རྒྱལ་བ་རྒྱ་མཚོ་སོགས་མཆོད་ཕྲེང་མཇུག་ཏུ་གུ་རུ་སུ་མ་ཏིའི་སྔགས་དང་སྦྱར་ཏེ་ཉེར་སྤྱོད་རོལ་མོ་འདོད་ཡོན་ལྔ་དང་། རྒྱལ་སྲིད་སྣ་བདུན་བཅས་འབུལ། བསྟོད་པ་ནི།དཔལ་ལྡན་ས་གསུམ་འགྲོ་བའི་མིག་གཅིག་བུ། །ཐར་འདོད་ཡོངས་ཀྱི་བླ་ན་མེད་པའི་མགོན། །རྒྱལ་བ་ཀུན་ལས་ལྷག་པའི་ཐུགས་རྗེ་ཅན། །ཟླ་མེད་བླ་མ་མཆོག་ལ་བདག་ཕྱག་འཚལ། །བློ་གྲོས་ཁང་བཟང་བསླབ་གསུམ་ནོར་གྱིས་ཕྱུག །བཟང་བོའི་འཕྲིན་ལས་གདུལ་བྱའི་དཔལ་དུ་ཤར། །གྲགས་པའི་འོད་ཟེར་འཛམ་གླིང་ཕྱོགས་བཅུར་འཕྲོ། །དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །གང་གི་སྤྱི་བོར་བདེ་ཆེན་འཁོར་ལོའི་ནང་། །རྒྱལ་ཀུན་མཁྱེན་པའི་ཡེ་ཤེས་གཅིག་འདུས་དཔལ། །སྐུ་ཡི་རྣམ་འཕྲུལ་ཟུར་ཕུད་ལྔ་བ་ཅན། །རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་གི་མགྲིན་པར་ལོངས་སྤྱོད་འཁོར་ལོའི་ནང་། །རྒྱལ་ཀུན་བརྩེ་ཆེན་ཐུགས་རྗེ་གཅིག་འདུས་དཔལ། །གསུང་གི་རྣམ་འཕྲུལ་འཇིག་རྟེན་གསུམ་མགོན་རྗེ། །འཕགས་མཆོག་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །གང་གི་ཐུགས་ཀར་ཆོས་འཁོར་དྷཱུ་ཏཱིའི་ནང་། །རྒྱལ་ཀུན་ནུས་མཐུའི་དབང་ཕྱུག་གཅིག་འདུས་དཔལ། །ཐུགས་ཀྱི་རྣམ་འཕྲུལ་གཏུམ་དྲག་ཚུལ་འཛིན་པ། །གསང་བདག་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། བཟླས་པ་བྱ་བ་ནི། རང་གི་ཐུགས་ཀའི་སྔགས་ཀྱི་འོད་ཟེར་གྱིས། །མདུན་བསྐྱེད་བླ་མའི་ཐུགས་རྒྱུད་བསྐུལ་བ་ལས། །ཐུགས་ཀའི་དྷཱིཿལས་འོད་ཟེར་སྣ་ལྔའི་ཚོགས། །དཔག་མེད་འཕྲོས་པས་རིགས་དྲུག་འགྲོ་རྣམས་ཀྱི། །ཉེས་ཚོགས་བྱང་ནས་བླ་མ་ལྷ་མཆོག་གི །གོ་འཕང་མཆོག་ལ་མྱུར་ཏུ་བཀོད་པར་གྱུར། དམིགས་པ་མ་ཡེངས་པས་གསོལ་འདེབས་ཅི་འགྲུབ་མཐར། ཡིག་བརྒྱ་ལན་གསུམ་གྱིས་ཁ་བསྐང་། མཆོད་བསྟོད་གོང་བཞིན་བྱ། གསོལ་འདེབས་ཕྱག་མཆོད་མཆོད་སྤྲིན་བརྒྱ་སྟོང་གི་སྐབས་དང་བསྟུན་པར་མོས་ཀྱང་མཚམས་འདིར་བྱ། དེ་ནས།ཡོན་ཏན་གཞི་གྱུར་མས་བྱིན་རླབས་སྤུངས་ཞུ་དང་། དགེ་བསྔོའི་བདེན་ཚིག་ཁོ་བོས་སྦྱར་བ་སོགས་རྒྱས་བསྡུས་སྐབས་དང་སྦྱར་ཏེ་ཅི་རིགས་བྱ། ན་མོ་མཉྫུ་གྷོ་ཥཱ་ཡ། རབ་འབྱམས་རྒྱལ་བ་ཀུན་གྱི་མཁྱེན་བརྩེའི་བཅུད། གཅིག་ཏུ་བསྡུས་པ་རྗེ་བཙུན་འཇམ་དཔལ་དབྱངས། །དམར་སེར་མདངས་འཁྱུད་གསལ་རྫོགས་མཚན་དཔེའི་འཕྲའི། །རྒྱན་ལྡན་ཟུར་ཕུད་ལྔ་བས་དགེ་ལེགས་སྩོལ། །ཕུལ་བྱུང་ལུང་རྟོགས་བསྟན་པའི་མཛོད་འཛིན་པར། །སངས་རྒྱས་སྲས་བཅས་ཀུན་གྱིས་མགྲིན་གཅིག་ཏུ། །རབ་བསྔགས་ངུར་སྨྲིག་ཚུལ་དུ་ལེགས་བྱོན་པ། །མཁས་དབང་ཙོང་ཁ་བ་དེ་གཙུག་ན་རྒྱལ། །ཐར་འདོད་དཔྱོད་ལྡན་རྣམས་ཀྱི་མིག་གཅིག་བུ། །དཔལ་ལྡན་བླ་མས་ཚེ་རབས་ཀུན་ཏུ་བདག །འབྲལ་མེད་མཉེས་བཞིན་རྗེས་སུ་ལེགས་བཟུང་སྟེ། །གསུང་གི་བདུད་རྩིས་དབུགས་དབྱུང་ཐོབ་པར་ཤོག །གང་དེའི་བཞེད་གཞུང་མདོ་སྔགས་གནད་འདུས་པ། །བསྟན་པ་རིན་ཆེན་གསལ་བའི་སྒྲོན་མེ་འདིའི། །སྒོ་རུ་བདག་སོགས་ཡིད་ཅན་ཀུན་ཞུགས་ཏེ། །ལམ་སྟོན་དགེ་བའི་བཤེས་དང་རྟག་འགྲོགས་ཤོག །མདོར་ན་མཁའ་མཉམ་སེམས་ཅན་མ་ལུས་པའི། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་མྱུར་རྫོགས་ནས། །རང་གཞན་དོན་གཉིས་འབད་མེད་ལྷུན་འགྲུབ་པའི། །སྐུ་བཞིའི་གོ་འཕང་མཐོན་པོ་མངོན་འགྱུར་ཤོག ཅེས་པ་འདི་ནི་དད་ལྡན་དགེ་བཤེས་འོད་ཟེར་རྒྱ་མཚོ་ནས་བསྐུར་ངོར་༧ཤྰཀྱའི་བཙུན་པ་ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོར་འབོད་པས་སྨྲས་པའོ། གཏོར་འབུལ་ནི། བཛྲ་ཨ་མྲི་ཏས་བསངས།སྭ་བྷཱ་ཝས་སྦྱངས། སྟོང་བའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་མཆོད་གཏོར་ལྷའི་ཞལ་ཟས་འདོད་པའི་ཡོན་ཏན་ལྔ་དང་ལྡན་པའི་སྟེང་དུ་ཨོཾ་ཨཱ་ཧཱུཾ་གིས་མཚན་པ་ལས་འོད་ཟེར་འཕྲོས། འཁོར་འདས་ཀྱིས་བསྡུས་པའི་བཅུད་ཐམས་ཅད་བསྡུས་ནས་འབྲུ་གསུམ་ལ་ཐིམ། དེ་ཡང་འོད་དུ་ཞུ་ནས་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱ་ཧཱུཾ།ལན་གསུམ་གྱིས་བྱིན་གྱིས་བརླབས། རྗེ་བཙུན་བླ་མ་འཁོར་བཅས་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར། ཨོཾ་གུ་རུ་སུ་མ་ཏི་ཀིརྟི་ས་པཱ་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་བདུན་གྱིས་འབུལ། ཨོཾ་གུ་རུ་སུ་མ་ཏི་ཀིརྟི་ས་པཱ་ཝཱ་ར་ཨརྒྷཾསོགས་གྱིས་མཆོད་བསྟོད་སྔར་ལྟར་བྱས་ལ། ཡིག་བརྒྱ་ཉེར་གཅིག་གམ་བདུན་གྱིས་བརྟན་པར་བྱས། གསུམ་པ་རྗེས་ཀྱི་བྱ་བ་ལ། གཏང་རག་གི་མཆོད་པ་སྔར་ལྟར་བྱིན་གྱིས་བརླབས་ལ། མཆོད་བསྟོད་སྔར་བཞིན་བྱས་རྗེས། སྨོན་ལམ་ནི། དགེ་བ་འདི་ཡིས་མྱུར་ཏུ་བདག །འཇམ་མགོན་བླ་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །ཁྱེད་ཀྱི་ས་ལ་འགོད་པར་ཤོག །དེ་ལྟར་ཀུན་མཁྱེན་བླ་མ་ལྷ་མཆོག་གི །གོ་འཕང་དམ་པ་མངོན་དུ་བྱ་བའི་ཕྱིར། །མགོན་ཁྱོད་སྒྲུབ་ཅིང་མཆོད་པའི་རིམ་པ་བཅས། །འབད་པས་དེ་དོན་བདེ་བླག་མྱུར་ཐོབ་ཤོག །ཟླ་མེད་ཁྱོད་ཀྱི་ཆོས་སྐུ་དང་མཚུངས་པའི། །དོན་དམ་ངང་དུ་རབ་མཛེས་མཚན་དཔེའི་སྐུ། །དཀར་གསལ་ཆོས་འཆད་གླེགས་བམ་རལ་གྲི་ཅན། བསྒོམས་པས་ཁྱེད་སྐུ་མངོན་དུ་འགྱུར་བར་ཤོག །སྐུ་དང་གསུང་ཐུགས་རྡོ་རྗེ་རྣམ་གསུམ་བཅས། །གནས་གསུམ་དག་ཏུ་བརྟན་པར་བརླབས་པ་ལས། །རླུང་སེམས་མ་ལུས་འབད་རྩོལ་དང་བྲལ་ཏེ། དྷཱུ་ཏཱིའི་ནང་དུ་འདུས་པའི་དཔལ་ཐོབ་ཤོག །གསོལ་འདེབས་རྒྱལ་བོ་ཚིགས་སུ་བཅད་པ་ཡི། །བསྙེན་སྒྲུབ་རིམ་པ་ཕ་མཐར་ཕྱིན་པའི་མཐུས། །ལས་ཚོགས་བཅུ་གཅིག་ལ་སོགས་ལས་རབ་འབྱམས། །མ་ལུས་སྒྲུབ་ལ་ཐོགས་པ་མེད་པར་ཤོག །རབ་དཀར་དྭངས་བའི་ཡིད་ཀྱིས་གསོལ་བཏབ་པས། །སྰ་ལའི་སྨན་ལྗོངས་འདིས་མཚོན་ཡུལ་གྲུ་ཀུན། །ལྔ་བདོའི་རྒུད་ཚོགས་མ་ལུས་རབ་ཞི་ནས། །ཅི་འདོད་སྲིད་ཞིའི་དགེ་མཚན་རབ་རྒྱས་ཤོག །ཁྱད་པར་ཐུབ་དབང་རྡོ་རྗེ་འཆང་ལ་སོགས། །དངོས་བརྒྱུད་དྲིན་ཆེན་བླ་མའི་ཚོགས་རྣམས་ཀྱི། །འདུས་ཞལ་བློ་བཟང་གྲགས་པ་ཁྱོད་ཉིད་ཀྱིས། །ཚེ་རབས་ཀུན་ཏུ་མཉེས་ཤིང་རྗེས་འཛིན་ཤོག །ཚེ་ཡི་མཐར་ཡང་ཟླ་མེད་ཁྱོད་ཉིད་ཀྱིས། །ཡིད་འོང་མཆོད་སྤྲིན་སྙན་པའི་རོལ་མོར་བཅས། །བུ་བུ་ཚུར་ཤོག་དགའ་ལྡན་གནས་འགྲོ་ཞེས། །གསུང་གི་དབུགས་དབྱུང་དངོས་སུ་ཐོབ་པར་ཤོག །རྣམ་དག་བསམ་པས་ཚུལ་འདིར་འབད་པ་ལས། །བྱུང་བའི་དགེ་བས་མཐའ་ཡས་འགྲོ་བ་ཀུན། །སྐྱེ་ཞིང་སྐྱེ་བར་བློ་བཟང་ཞི་ཁྲོ་ཡིས། །འབྲལ་བ་མེད་པར་རྗེས་སུ་འཛིན་གྱུར་ཅིག ཅེས་སྨོན་ལམ་དང་། གང་ཡང་བདག་བློ་རྨོངས་པ་ཡིས། ཞེས་སོགས་ནོངས་པ་བཟོད་གསོལ་མཇུག་བཛྲ་མུཿཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་རྣམས། འདིར་ནི་རྟེན་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་བརྟན་བཞུགས་བྱ། ཤིས་བརྗོད་ནི། རབ་ཡངས་ནམ་མཁའ་ཏིལ་གྱི་གང་བུ་བཞིན། །ཡོངས་སུ་གང་བའི་བློ་བཟང་གྲགས་པའི་དཔལ། །ཁ་ཅིག་མེ་ཏོག་སྣ་ཚོགས་ཆར་འབེབས་ཤིང་། །ལ་ལ་བཀྲ་ཤིས་གདངས་སྙན་གླུ་རུ་ལེན། །གཞན་དག་བགེགས་དཔུང་འཇོམས་པའི་འཕྲིན་ལས་ཀྱིས། །ཁྱེད་ལ་རྟག་ཏུ་དཔལ་གནས་མཛད་པ་འདི། །ཤེས་པར་གྱིས་ལ་ཡིད་བདེ་སྐྱེད་ཅིག་དང་། །ཤིས་བརྗོད་ཕྲེང་བ་བདག་གིས་བསྒྲག་པར་བྱ། །རྨད་བྱུང་མཚན་དཔེའི་དཔལ་འབར་ལོངས་སྤྱོད་རྫོགས། །ཁ་སྦྱོར་བདེ་སྟོང་རོ་ལ་རྟག་རོལ་ཞིང་། །དམིགས་མེད་ཐུགས་རྗེས་ཞི་བའི་མཐའ་སྤངས་པ། །བློ་བཟང་ཡན་ལག་བདུན་ལྡན་ལ་ཕྱག་འཚལ། །གསང་བ་ཀུན་གྱི་བདག་པོ་དགེ་ལེགས་དཔལ། །ཆོས་ཀྱི་རྒྱལ་མཚན་ཆོས་ཀྱི་རྡོ་རྗེ་དང་། །ཕྱག་ན་པདྨ་བློ་བཟང་རྒྱ་མཚོ་སོགས། །རྩ་བ་བརྒྱུད་པའི་བླ་མའི་ཚོགས་རྣམས་དང་། །རབ་འབྱམས་རྒྱལ་བའི་མཁྱེན་བརྩེ་ནུས་པའི་མདངས། །རིགས་གསུམ་ལྷ་སྐུ་ཤར་བའི་འོད་སྣང་གི །དགེ་མཚན་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །ཕུན་ཚོགས་དཔལ་གྱི་ལམ་མཆོག་འདི་ཉིད་ལས། །བློ་བཟང་རྡོ་རྗེ་འཆང་དབང་མྱུར་ཐོབ་ནས། །འགྲོ་ཀུན་ཚུལ་དེར་འགོད་པའི་བཀྲ་ཤིས་ཤོག །ནམ་མཁའི་ཁྱོན་ལྟར་ཡངས་པའི་ཕོ་བྲང་མཆོག །ཉི་ཟླའི་འོད་དང་མཉམ་པའི་འོད་འཕྲོ་ཞིང་། །གྲངས་མེད་རིན་ཆེན་རྒྱན་གྱིས་མཛེས་པ་ལ། །དགེ་མཚན་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །ཁྱེད་ཅག་གང་དང་གང་དུ་གནས་པ་དེར། །མི་ཤིས་མཚན་མ་འགའ་ཡང་མི་འབྱུང་ཞིང་། །ཞིང་གི་འབྱོར་བ་ཕུལ་དུ་བྱུང་བ་ཡིས། །བདེ་ལེགས་རྒྱུན་མི་འཆད་པའི་བཀྲ་ཤིས་ཤོག ཅེས་ཤིས་པ་བརྗོད་པས་མཐའ་རྒྱན་པར་བྱའོ། །སྨྲས་པ།ཕུན་ཚོགས་ཡོངས་འདུའི་དཔག་བསམ་དབང་བོ་ལས། །ལེགས་ཚོགས་དོན་གཉིས་འབྲས་བུ་གཡུར་ཟ་བ། །བསླབ་གསུམ་ལོ་འདབ་སྣ་བདུན་རིན་ཆེན་མཛེས། །སྐུ་གསུམ་འདུས་ཞལ་བློ་བཟང་གྲགས་པ་རྒྱལ། །གང་དེར་ཡིད་ཀྱིས་གདུང་ཤུགས་དྲག་པོ་ཡིས། །རྣལ་འབྱོར་ཕྱག་མཆོད་བྱ་བའི་ཆོ་གའི་ཚོགས། །དམ་པའི་གསུང་གི་རྗེས་སུ་རབ་ཞུགས་ཏེ། །སྦྱོར་དངོས་རྗེས་ཀྱི་རིམ་པ་མདོར་བསྡུས་པ། །འདི་བྲིས་ནོངས་པའི་ཚོགས་རྣམས་སྲས་བཅས་ཀྱི། །སྤྱན་སྔར་སྡིག་པའི་ཚོགས་དང་ལྷན་ཅིག་བཤག །དགེ་བའི་ཆ་རྣམས་རྒྱལ་བ་དགྱེས་པ་ཡི། །མཆོད་སྤྲིན་བླ་མེད་བྱང་ཆེན་རྒྱུ་རུ་བསྔོ། །བདག་ཀྱང་ཚེ་སྔོན་བཟང་བོའི་བག་ཆགས་འབྲས། །དབེན་ཡང་ཕྱི་རྐྱེན་དགེ་བའི་བཤེས་གཉེན་གྱིས། རྗེས་སུ་བཟུང་ནས་རྒྱལ་བའི་བསྟན་པ་ཡི། །སྒོར་ཞུགས་གཞུང་ལུགས་རྒྱ་མཚོར་ཐོས་བསམ་གྱི། །སྒྲོ་འདོགས་འོལ་སྤྱི་ལྷུར་ལེན་སོན་པ་འདི། །སྐྱབས་མཆོག་བླ་མའི་གདམས་ངག་ལེགས་མནོས་ཤིང་། །གྲོགས་མཆོག་བཤེས་གཉེན་དམ་པ་མ་བྲལ་བས། །སྐལ་བཟང་ལན་གཅིག་ཐོབ་པ་ཨེ་མ་ཧོ། །དལ་རྟེན་བཟང་བོ་ལན་གཅིག་ཐོབ་དུས་འདིར། །རྒྱལ་བའི་བསྟན་མཇལ་གཞུང་ལུགས་རྒྱ་མཚོ་ལ། །ཐོས་བསམ་སྒྲོ་འདོགས་ཆོད་པ་ཆེས་མང་ཡང་། །རང་རྒྱུད་འདུལ་བའི་གྲོགས་སུ་འགྱུར་བ་དཀོན། །རྒྱལ་བའི་གསུང་རབ་དགོངས་དོན་ཇི་ལྟ་བར། །ལུང་རིགས་དྲི་མ་མེད་པས་མཚམས་སྦྱར་ཏེ། །ཡང་དག་དོན་གྱི་སྙིང་བོ་སྟོང་བ་ཉིད། །གཏན་འབེབས་ཀླུ་སྒྲུབ་ལྟ་བ་རྟོགས་པར་ཤོག །རིགས་ལམ་སྒོར་ཞུགས་གསུང་རབ་དགོངས་དོན་གྱི། །ཆ་ཙམ་རྟོགས་པར་ཁེངས་པས་ཡིད་འཕྲོག་སྟེ། །དགོངས་དོན་ཟབ་མོ་ངག་འཆལ་སྒོ་ཁེགས་ཙམ། །མང་ཡང་དོན་ལྡན་འགྱུར་བར་ཡིད་རེ་སྨོན། །བདག་ཀྱང་སྐྱེ་ཞིང་སྐྱེ་བའི་ཕྲེང་བ་རུ། །ཐེག་མཆོག་དགེ་བའི་བཤེས་དང་མི་འབྲལ་ཞིང་། །མཉེས་བཞིན་རྗེས་སུ་བཟུང་ནས་བཀའ་བཞིན་དུ། །སྒྲུབ་པའི་མཆོད་པས་རྟག་ཏུ་མཉེས་པར་ཤོག །དེ་མཐུས་ངེས་འབྱུང་ཡང་དག་ལྟ་བ་ཡི། །བདག་རྒྱུད་སྨིན་ཅིང་སྡུག་བསྔལ་རྒྱ་མཚོ་རུ། །བྱིང་བའི་མར་གྱུར་ཉམ་ཐག་འགྲོ་བ་རྣམས། །སྒྲོལ་བའི་ཁུར་འཁྱེར་ནུས་པར་བྱིན་གྱིས་རློབས། །ཀུན་མཁྱེན་རྒྱལ་བསྟན་སྤེལ་དང་འགྲོ་བའི་ཚོགས། །ཐར་བའི་གོ་འཕང་མཆོག་ལ་འགོད་པ་ཡི། །ཐབས་ཚུལ་འཛིན་ལ་འཇམ་མགོན་ཁྱོད་ཉིད་དང་། །མཚུངས་པའི་དགེ་མཚན་ཕྱོགས་བརྒྱར་རྒྱས་གྱུར་ཅིག ཅེས་རྒྱལ་བ་ཐམས་ཅད་ཀྱི་འདུས་ཞལ་འཇམ་མགོན་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོ་ལ་བླ་མའི་རྣལ་འབྱོར་དང་འབྲེལ་བའི་སྟོང་མཆོད་འབུལ་བའི་ཆོ་ག་འདི་ནི། འབྲས་སྤུངས་སྒོ་མང་བའི་སློབ་དཔོན་གུང་རུ་སྤྲུལ་སྐུ་བསྟན་པ་ཆོས་འཕེལ་གྱི་གཙོས་ལས་བྱེད་མགྲིན་གཅིག་གིས་བསྐུལ་ངོར། ༧ཤཱཀྱའི་དགེ་སྦྱོང་རྒྱལ་བའི་ཆོས་ཚུལ་འཛིན་པ་ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོ་འཇིགས་བྲལ་དབང་ཕྱུག་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེས་རབ་བྱུང་བཅོ་ལྔ་བ་ས་མོ་ཕག་གི་ལོའི་ཧོར་ཟླ་དགུ་བའི་མར་ངོའི་དགའ་བ་དང་བོར་གྲུ་འཛིན་གཉིས་པའི་གཞལ་མེད་ཁང་ཆེན་པོ་དང་འདབས་འབྲེལ་བ་ནོར་གླིང་བདེ་སྐྱིད་ཀུན་དགའ་འཁྱིལ་བར་སྦྱར་བ་འདིས་ཀྱང་ཞྭ་སེར་གྱི་བསྟན་པ་རིན་པོ་ཆེ་སྒོ་ཀུན་ནས་རྒྱས་པའི་རྒྱུར་གྱུར་ཅིག།  །།

འདིར་འབད་ལེགས་བྱས་རྣམ་པར་དཀར་བ་འོ་མའི་རྒྱ་མཚོ་འཕྱུར་བ་འམ། །སྟོན་ཀའི་ཟླ་བ་འབུམ་གྱི་མཛེས་སྡུག་གྱ་གྱུར་འབབ་པའི་རྒྱུན་འདྲ་གང་། །མི་ཕམ་འཇམ་དབྱངས་ཀུན་ཏུ་བཟང་བོའི་སྨོན་ལམ་གངྒྰའི་ཀླུང་ཆེན་དང་། །གཅིག་ཏུ་འདྲེས་ནས་བྱང་ཆེན་རྒྱ་མཚོར་ཀུན་ཏུ་གཞོལ་བ་ཉིད་གྱུར་ཅིག དཔལ་ལྡན་བྱ་ཁྱུང་དགོན་དུ། དཔར་འདི་བསྐྲུན་པའི་དགེ་བསྔོའི་སྨོན་ཚིག་ཏུ། ཤར་གདོང་སྐྱེ་མིང་བས་བྲིས།།  །།


                                                                                                                                                              རྩོམ་སྒྲིག་པ། མང་ར་བ།

        གསལ་འདེབས།

                          རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                       དྲ་བའི་སྦྲེལ་ཐགhttp://www.tb1025.cn 



བརྒྱུད་འགོད།