པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི་སྨྱུང་གནས་ཆོ་ག་བསྡུས་པ།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-10-17 18:21:45     རྩོམ་པ་པོ།   པཎ་ཆེན་བློ་བཟང་ཆོས་རྒྱན།    ཀློག་ཐེངས།  

༄༅། །ན་མོ་ལོ་ཀེ་ཤྭ་རཱ་ཡ། སྨྱུང་གནས་བྱེད་པར་འདོད་པས། སྔ་བར་ཁྲུས་བྱས། རྟེན་གྱི་དྲུང་དུ་མཆོད་པ་རྒྱས་པར་བཤམས། ཕྱག་འཚལ། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ་པ་སྔོན་དུ་བཏང་ནས།

སྡོམ་པ་བླང་བ་ནི། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྟ་ཅང་ཤེས་ལྟ་བུ། གླང་པོ་ཆེན་པོ། བྱ་བ་བྱས་ཤིང་བྱེད་པ་བྱས་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་བཀའ། ལེགས་པར་རྣམ་པར་གྲོལ་བའི་ཐུགས། ལེགས་པར་རྣམ་པར་གྲོལ་བའི་ཤེས་རབ་ཅན་དེ་དག་གིས། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང༌། ཕན་པར་བྱ་བའི་ཕྱིར་དང༌། གྲོལ་བར་བྱ་བའི་ཕྱིར་དང༌། ནད་མེད་པར་བྱ་བའི་ཕྱིར་དང༌། མུ་གེ་མེད་པར་བྱ་བའི་ཕྱིར་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བའི་ཕྱིར། གསོ་སྦྱོང་ངེས་པར་མཛད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང༌། དུས་འདི་ནས་བཟུང་སྟེ། ཇི་སྲིད་སང་ཉི་མ་མ་ཤར་གྱི་བར་དུ། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང༌། ཞེས་ནས། འཚང་རྒྱ་བར་བྱ་བའི་ཕྱིར། གསོ་སྦྱོང་ངེས་པར་ཡང་དག་པར་བླང་བར་བགྱིའོ། །ཞེས་པ་ལན་གསུམ་བརྗོད་ནས་སྡོམ་པ་བླང༌།

དེང་ནས་སྲོག་གཅོད་མི་བྱ་ཞིང༌། །གཞན་གྱི་ནོར་ཡང་བླང་མི་བྱ། །འཁྲིག་པའི་ཆོས་ཀྱང་མི་སྤྱད་ཅིང༌། །བརྫུན་གྱི་ཚིག་ཀྱང་མི་སྨྲའོ། །སྐྱོན་ནི་མང་པོ་ཉེར་བསྟེན་པའི། །ཆང་ནི་ཡོངས་སུ་སྤང་བར་བྱ། །ཁྲི་སྟན་ཆེ་མཐོ་མི་བྱ་ཞིང༌། །དེ་བཞིན་དུས་མ་ཡིན་པའི་ཟས། །དྲི་དང་ཕྲེང་བ་དང་ནི་རྒྱན། །གར་དང་གླུ་སོགས་སྤང་བར་བྱ། །ཇི་ལྟར་དགྲ་བཅོམ་རྟག་ཏུ་ནི། །སྲོག་གཅོད་ལ་སོགས་མི་བྱེད་ལྟར། །དེ་བཞིན་སྲོག་གཅོད་ལ་སོགས་སྤང༌། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །སྡུག་བསྔལ་མང་དཀྲུགས་སེམས་ཅན་རྣམས། །སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །ཅེས་བསླབ་པ་བརྗོད་པ་ལན་ཅིག་བརྗོད།

ཨོཾ་ཨ་མོ་གྷ་ཤཱི་ལ། སཾ་བྷ་ར། བྷ་ར་བྷ་ར། མཧཱ་ཤུདྡྷ་སཏྭ། པདྨ་བི་བྷཱུ་ཥི་ཏ། བྷུ་ཛ་དྷ་ར་དྷ་ར། ས་མནྟ་ཨ་བ་ལོ་ཀི་ཏེ་ཧཱུྂ་ཕཊ་སྭཱཧཱ། ཞེས་ཚུལ་ཁྲིམས་རྣམ་དག་གི་གཟུངས་ཉེར་གཅིག་གདོན།

དེ་ནས་སྭ་བྷཱ་ཝས་བདག་མདུན་བུམ་གསུམ་སྟོང་པར་སྦྱངས། དབྱིངས་རིག་དབྱེར་མེད་རང་བཞིན་སྟོང་པའི་ངང༌། །བདག་མདུན་བུམ་གནས་པད་དཀར་ཟླ་སྟེང་དུ། །

ཧྲཱིཿ དཀར་པདྨ་ལས་བྱུང་སྤྱན་རས་གཟིགས།། རྩ་བའི་ཞལ་དཀར་གཡས་ལྗང་གཡོན་པ་དམར། །དེ་སྟེང་དབུས་ལྗང་གཡས་དམར་གཡོན་དཀར་པོ། །དེ་སྟེང་དབུས་དམར་གཡས་དཀར་གཡོན་ལྗང་ཞལ། །སྟེང་དུ་ཁྲོ་ཞལ་མཐིང་ག་དེའི་སྤྱི་བོར། །འོད་དཔག་མེད་པའི་ཞལ་མཛེས་རྩ་ཕྱག་གཉིས། །ཐུགས་ཀར་ཐལ་སྦྱར་དེ་འོག་ཤེལ་ཕྲེང་དང༌། །ཆུ་སྐྱེས་གསུམ་ལས་འཁོར་ལོ་མདའ་གཞུ་འཛིན། །བཞི་པས་མཆོག་སྦྱིན་རིལ་བ་སྤྱི་བླུགས་བསྣམས། །ལྷག་མ་དགུ་བརྒྱ་དགུ་བཅུ་རྩ་གཉིས་པོ། །མཆོག་སྦྱིན་ཕྱག་རྒྱ་ཕྱག་གི་མཐིལ་རྣམས་ལ། །འགྲོ་ལ་གཟིགས་པའི་སྤྱན་མངའ་རིན་ཆེན་གྱི། །རྒྱན་མཛེས་ལྷབ་ལྷུབ་དར་གྱི་ན་བཟའ་ཅན། །མཚན་དཔེའི་དཔལ་འབར་ལོངས་སྤྱོད་རྫོགས་པའི་སྐུ། །ཞབས་གཉིས་བསྙམས་བཞེངས་རྩ་བརྒྱུད་བླ་མར་བཅས། །ཞི་ཁྲོ་རབ་འབྱམས་ཀྱིས་བསྐོར་གནས་གསུམ་དུ། །ཡི་གེ་གསུམ་མཚན་ཧྲཱིཿ ཡིག་འོད་ཟེར་གྱིས། །རང་བཞིན་གནས་ནས་བླ་མ་སྤྱན་རས་གཟིགས། །འཁོར་བཅས་སྤྱན་དྲངས་གཉིས་སུ་མེད་པར་གྱུར། །དབང་བསྐུར་འོད་དཔག་མེད་པས་དབུ་ལ་བརྒྱན།

དེ་ནས་ཡན་ལག་བདུན་པ་རྒྱས་བསྡུས་ཅི་རིགས་བྱ་ཞིང༌། ཕྱག་དང་བཅས་པོ་བསྟོད་ཉེར་གཅིག་གིས་བསྟོད།

བདག་མདུན་གྱི་ལྷའི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་སྤྲོ་བསྡུ་དང༌། བུམ་པའི་ལྷ་ལས་བདུད་རྩི་བབས་པས་བུམ་པ་གང་བར་བསམས་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྻ་ཛྙཱ་ན་སཱ་ག་ར་བཻ་རོ་ཙ་ན་བྱཱུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ ཨརྷད་བྷྱཿ སམྱ་ཀྶཾ་བུདྡྷེ་བྷྱཿ ན་མ་ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨིཊྚེ་བཊྚེ། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མེ་ཀུ་སུ་མ་བ་རེ། ཨི་ལི་མི་ལི། ཙི་ཏི་ཛྭ་ལ་མ་པ་ན་ཡ་སྭཱཧཱ། ཞེས་པ་དང༌། མ་ཎི་སོགས་གང་མང་བཟླ།

གཏོར་མ་འབུལ་བར་འདོད་ནའང་རྒྱུད་སྡེ་འོག་མ་བཞིན་དུ་འབུལ། མཇུག་ཏུ་དགེ་བ་རྫོགས་བྱང་དུ་བསྔོ། གཞན་ཡང་བསྔོ་བ་སྨོན་ལམ་བཀྲ་ཤིས་སོགས་སྐབས་དང་བསྟུན་ནས་བྱ། འདི་ལྟར་ཉམས་སུ་བླངས་ན་ཕན་ཡོན་ཤིན་ཏུ་ཆེ། ཚུལ་འདི་ཡང་དགེ་སློང་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་སྨྲས་པའོ།། །།

    རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།