ལྷ་མོ་འོད་ཟེར་ཅན་ཀྱིས་དགྲ་བཟློག་བཞུགས་སོ། །

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-25 20:50:34     རྩོམ་པ་པོ།   དཀོན་མཆོག་བསྟན་པའི་སྒྲོན་མེས་    ཀློག་ཐེངས།  

༄༅།  །  ཨོཾ་བདེ་ལེགས་སུ་གྱུར་ཅིག ལྷ་མོ་འོད་ཟེར་ཅན་མ་བསྒོམ་པར་འདོད་པས། སྐྱབས་སེམས་སྔོན་དུ་བཏང་།  སྭ་བྷ་ཝས་སྟོང་བར་སྦྱངས།  སྟོང་པའི་ངང་ལས་ཕག་བདུན་གྱིས་དྲངས་པའི་ཤིང་རྟའི་སྟེང་དུ་པདྨ་དང་སྣང་བྱེད་ཀྱི་དཀྱིལ་འཁོར་ལ་རང་གི་སེམས་ཉིད་མཾ་ཡིག་སེར་པོ།   དེ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས།  རང་ཉིད་བཅོམ་ལྡན་འདས་མ་འོད་ཟེར་ཅན་མ་སྐུ་མདོག་སེར་མོ་ཞལ་ཅིག་ཕྱག་གཉིས།  གཡས་མཆོག་སྦྱིན་དང་གཡོན་མྱ་ངན་མེད་པའི་ཤིང་གི་ཡལ་ཀ་བསྣམས་པ།  རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་ཅིང་།  གོས་དཀར་པོའི་ན་བཟའ་གསོལ་བ།  ཞབས་གཉིས་རོལ་པའི་སྟབས་ཀྱིས་བཞུགས་པའི་སྤྱི་བོར་ཨོཾ།   མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པ།   ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས།  ལྷ་མོ་འོད་ཅན་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས།  གཉིས་སུ་མེད་པར་གྱུར།   མཆོད་པ་བྱ་རྒྱུད་ལྟར་བྱིན་གྱིས་བརླབས་ལ།   ཨོཾ་མ་རི་ཙྱཻ་ཨརྒྷ་ནས་ཤབྷ་བྲ་ཏཱི་ཙྪ་སྭཱ་ཧཱའི་བར་གྱིས་འབུལ།   གང་གི་མཚན་ཙམ་དྲན་པས་ཀྱང་།  །ཕྱི་ནང་ཉེར་འཚེ་ཀུན་སེལ་ཞིང་།   །དངོས་གྲུབ་མ་ལུས་སྩོལ་མཛད་པ།  །འོད་ཟེར་ཅན་ལ་ཕྱག་འཚལ་ལོ།  །སྙིང་གར་མཾ་ཡིག་ལ་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས།  བར་ཆད་ཉེར་འཚེ་ཐམས་ཅད་བསལ་ཞིང་།  རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་བར་བསམ་སྟེ།  ཨོཾ་མ་རི་ཙྱཻ་མཾ་སྭཱ་ཧཱ།   ཞེས་ཅི་འགྲུབ་བཟླ།   ཡིག་བརྒྱས་ལྷག་ཆད་བསྐང་ཞིང་།   མཆོད་བསྟོད་སྔར་བཞིན་བྱ།   བཟློག་པ་གཙོ་བོར་བྱེད་ན་སྤྱན་དྲངས་ཞེས་པའི་འཚམས་སུ།   སྟེང་གི་ནམ་མཁར་རང་ཉིད་ལ་མགོན་སྐྱབས་དཔུང་གཉེན་གྱི་ཚུལ་དུ་བཞུགས་ཤིང།   སྐུ་ལས་རང་འདྲའི་ལྷ་མོ་ཁབ་སྐུད་ཐོགས་པ་དང་ཕག་གི་ཚོགས་དཔག་ཏུ་མེད་པ་སྤྲོས་ཏེ་གནོད་བྱེད་ཐམས་ཅད་ཀྱི་ཁ་མིག་བཙེམས་ཤིང་ཡན་ལག་བཅིངས་ཏེ་རྭ་བའི་ཕྱི་རོལ་གྱི་ནང་དུ་འཕངས་ཤིང་ཕག་རྣམས་ཀྱིས་ལྷག་མེད་དུ་ཟོས་བར་བསམ།   བཟླས་པར་བྱ།   

མཇུག་ཏུ།   མཆོག་གསུམ་མཐུ་དང་ཁྱད་པར་དུ། །བཅོམ་ལྡན་འོད་ཟེར་མ་ཡི། ། ཐུགས་རྗེ་བདེན་པའི་མཐུ་སྟོབས་ཀྱིས། །བདག་ཅག་ཡོན་མཆོད་འཁོར་བཅས་ལ།  །གནོད་ཅིང་འཚེ་བ་ཐམས་ཅད་བཟློག །བར་ཆད་ཆག་སྒོ་ཉམ་ང་བཟློག །མི་དང་ཕྱུགས་ཀྱི་ནད་ཡམས་བཟློག །སད་སེར་འབྱུང་བའི་གནོད་པ་བཟློག །ཕ་རོལ་བྱད་ཁ་ཕུར་ཁ་བཟློག །དགྲ་ཇག་ཆོམ་རྐུན་ཉེར་འཚེ་བཟློག །ནང་འཁྲུག་དབྱེན་དང་འཁོན་པ་བཟློག །མཚན་རྟགས་རྟེན་འབྲེལ་ངན་པ་བཟློག །གཟའ་དང་རྒྱུ་སྐར་གནོད་པ་བཟློག །ཀླུ་གཉན་གདུག་པའི་ཆོ་འཕྲུལ་བཟློག །མདོར་ན་ནད་མུག་འཁྲུག་རྩོད་བཟློག །བཟློག་གོ་སྡང་དགྲ་ལ་བཟློག །བསྒྱུར་རོ་གནོད་པའི་བགེགས་ལ་བསྒྱུར།  །ཞེས་བཟློག་པར་བྱ།   

དེ་ནས་སྤྲོས་པའི་ལྷ་མོ་རྣམས་ཚུར་བསྡུས་ཏེ་རང་ལ་བསྟིམ་ཞིང་།  ཕག་རྣམས་གདོང་ཕྱིར་བསྟན་ཏེ་ཁོར་ཡུག་ཏུ་འཁོད་པའི་ཉེར་འཚེ་ཐམས་ཅད་བསྲུངས་པར་བསམ།   བཅོམ་ལྡན་འོད་ཟེར་ཅན་མ་ཡིས།  །ཕྱིར་རོལ་ཉེར་འཚེ་ཀུན་བསྲུང་ཞིང་།  །མཆོག་དང་ཐུན་མོང་དངོས་གྲུབ་ཀུན།  །དུས་འདིར་བདག་ལ་བསྩལ་དུ་གསོལ།  །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་།   །ཞེས་སོགས་བྱ།  ཞེས་པ་འདི་ནི་མཛོད་དགེ་དགོན་གསར་དགའ་ལྡན་རབ་རྒྱས་གླིང་གི་བླ་མ་དབུ་མཛད་དཀོན་མཆོག་བདེ་ཆེན་གྱིས་བསྐུལ་ངོར་བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པ་དགེ་ལེགས་འཕེལ།  །   སརྦ་མངྒ་ལཾ།  །  

                                      རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།
གསལ་འདེབས།                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།                    དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།