ཚེ་སྒྲུབ་འཆི་མེད་འདོད་འཇོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-04-02 22:08:48     རྩོམ་པ་པོ།   རྗེ་བཙུན་བློ་བཟང་ཡེ་ཤེས་དཔལ་བཟ    ཀློག་ཐེངས།  

               708527656373832368.jpg                    ༄༅། །ཕྱོགས་བཅུར་བཞུགས་པའི་བདེ་གཤེགས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རང་བཞིན་གཏན་གྱི་སྐྱབས། །བཀའ་དྲིན་འཁོར་མེད་རྩ་བའི་བླ་མ་ལ། ། གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ། །འཁོར་བསྒྱུར་རྩིབས་ཀྱི་མུ་ཁྱུད་རྫོགས་སྨིན་སྦྱངས། །མ་ལུས་མཐར་ཕྱིན་པ་ལས་སངས་རྒྱས་པ། །རྒྱལ་བ་འཆི་བདག་འཇོམས་མཛད་མགོན་པོ་ལ། །གསོལ་བ་འདེབས་སོ་×། །ལམ་མཆོག་འདི་ལས་འཆི་མེད་གོ་འཕང་མཆོག །འཇའ་ལུས་རྡོ་རྗེའི་སྐུ་བརྙེས་གྲུབ་པའི་རྒྱལ། །དེ་སྲས་མཆོག་གྱུར་གསང་སྔགས་སྡོང་པོ་ལ། །གསོལ་བ་×། །རླུང་སེམས་དབང་སྒྱུར་རས་ཆུང་རྡོ་རྗེ་གྲགས། །ཚེ་གཅིག་ཟུང་འཇུག་བརྙེས་པ་མིད་ལ་རྗེ། །གཞན་ཕན་ཐུགས་རྗེའི་གཏེར་གྱུར་སྒམ་པོ་པ། །གསོལ་བ་×། །ལོག་འདྲེན་ཟིལ་གནོན་ཕག་མོ་གྲུབ་པའི་ཞབས། །ཡོངས་ཀྱི་དགེ་བའི་བཤེས་གཉེན་འཇིག་རྟེན་མགོན། །མངོན་ཤེས་མངའ་བདག་སྤྱན་སྔ་རིན་པོ་ཆེ། །གསོལ་བ་×། །གྲུབ་པ་མཆོག་བརྙེས་རྒྱལ་བ་ཡང་དགོན་པ། །བརྩེ་བའི་བདག་ཉིད་སྤྱན་སྔ་རིན་ཆེན་ལྡན། །ཀུན་མཁྱེན་མཁས་པའི་དབང་ཕྱུག་ཟུར་ཕུག་པ། །གསོལ་བ་×། །རྩ་རླུང་གནད་མཁྱེན་རྒྱལ་མཚན་དཔལ་བཟང་ཞབས། །ནུས་པ་མཆོག་བརྙེས་ཤེས་རབ་དཔལ་བཟང་དང༌། །རིན་ཆེན་སེམས་ལ་མངའ་འབྱོར་ཚུལ་ཁྲིམས་དཔལ། །གསོལ་བ་×། །འཁྲུལ་པ་ཀུན་ཞིག་རིན་ཆེན་བཤེས་གཉེན་ཆེ། །མཁས་དང་གྲུབ་པའི་དབང་ཕྱུག་སངས་རྒྱས་ཆེ། །སྡུག་བསྔལ་སྒྲོལ་མཛད་སྐྱབས་མཆོག་དཔལ་བཟང་ལ། །གསོལ་བ་×། །བདེ་ཆེན་གྲུབ་པའི་དབང་ཕྱུག་དོན་ཡོད་གྲུབ། །སྤང་བླང་བྲལ་བ་སངས་རྒྱས་ཡེ་ཤེས་ཞབས། །བཀའ་དྲིན་མཉམ་མེད་ཆོས་ཀྱི་རྒྱལ་མཚན་ལ། །གསོལ་བ་×། །ཐམས་ཅད་མཁྱེན་པ་བློ་བཟང་རྒྱ་མཚོའི་སྡེ། །གྲུབ་པ་མཆོག་བརྙེས་དཀོན་མཆོག་རྒྱལ་མཚན་དང༌། །བཀའ་དྲིན་མཉམ་མེད་བློ་བཟང་ཡེ་ཤེས་ལ། །གསོལ་བ་×། །ཐུགས་རྗེའི་འཇུག་པ་དུས་ལས་མི་འདའ་བས། །གདུལ་བྱ་འཁོར་བའི་སྡུག་བསྔལ་རྒྱ་མཚོ་ལས། །འདོན་པའི་གོ་ཆའི་ཁུར་ཆེན་ཆེར་བཞེས་པར། །གསོལ་བ་×། །རྗེ་བཙུན་འཇམ་པའི་དབྱངས་མཆོག་བློ་བཟང་གྲགས། །མདོ་སྔགས་བསྟན་པའི་གསལ་བྱེད་དཔལ་དང་ལྡན། །ཡེ་ཤེས་འཇུག་པ་མཆོག་གིས་རབ་གཟིགས་པ། །གསོལ་བ་×། །བློ་ལྡན་སྐལ་བཟང་གདེངས་ཅན་ཚོགས་ཀྱིས་བསྟེན། །བསྟན་པའི་དབང་ཕྱུག་ནོར་བུས་ཡོངས་སུ་བལྟམས། །ཐུགས་མཆོག་འཇམ་དཔལ་རྒྱ་མཚོའི་དཔལ་མངའ་བར། །གསོལ་བ་×། །བློ་བཟང་དཔལ་གྱི་ཆ་ཤས་ཡོངས་ལྡན་ཞིང༌། །གདུལ་བྱའི་བློ་མུན་སེལ་བའི་འོད་སྟོང་ཅན། །བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་ལ། །གསོལ་བ་×། །ངག་གི་དབང་ཕྱུག་ཡེ་ཤེས་མེ་ལོང་གིས། །རྗེས་བཟུང་ཤི་ལ་དྷྭ་ཛ་རྡོ་རྗེ་འཆང༌། །བསྟན་པ་རྒྱལ་མཚན་མཻ་ཏྲིའི་མཚན་ཅན་ལ། །གསོལ་བ་×། །བློ་བཟང་རིང་ལུགས་དཔལ་ལྡན་བ་གམ་རྩེར། །ཆོས་ཀྱི་གྲགས་པའི་རྒྱལ་མཚན་རྟག་འཛིན་པའི། །སྐབས་གསུམ་འཆི་མེད་བསྟན་པའི་དབང་ཕྱུག་ཆེར། །གསོལ་བ་×། །འཇམ་དཔལ་དབྱངས་དངོས་བློ་བཟང་གྲགས་པ་ཡི། ། མདོ་སྔགས་བསྟན་པ་འཛིན་ཅིང་སྤེལ་བ་ལ། །དབང་འབྱོར་རྒྱལ་ཀུན་འདུས་ཞལ་འཁོར་ལོའི་མགོན། །གསོལ་བ་×། །བློ་ཆེན་སྐལ་བཟང་ཐུབ་བསྟན་པདྨོའི་ཚལ། །ལེགས་བཤད་ཆོས་ཀྱི་ཉི་མ་གཟི་འབར་བས། །རྒྱས་མཛད་དགེ་ལེགས་རྣམ་རྒྱལ་དྲིན་ཅན་རྗེ། ། གསོལ་བ་×། །འཇིགས་མེད་སྟོབས་བཅུའི་དཀྱིལ་འཁོར་ཡོངས་རྫོགས་ཤིང༌། ། རླབས་ཆེན་འཕྲིན་ལས་འོད་སྣང་བྱེ་བ་ཡིས། །གདུལ་བྱ་རྒྱ་མཚོ་སྨིན་ཅིང་སྒྲོལ་མཛད་པར། །གསོལ་བ་×། །བློ་བཟང་རྒྱལ་ཀུན་འདུས་པའི་ངོ་བོ་ཉིད། །རྣམ་བཞིའི་འཕྲིན་ལས་འགོག་མེད་ལྷུན་གྱིས་གྲུབ། །མདོ་སྔགས་ཆོས་ཀྱི་རྒྱལ་མཚན་སྒྲེང་མཁས་པར། ། གསོལ་བ་×། །འཇམ་དབྱངས་བླ་མ་བློ་བཟང་གྲགས་པའི་བསྟན།།རྒྱ་མཚོའི་གོས་ཅན་ཁྱབ་པར་སྤེལ་མཁས་པའི།།བཤེས་གཉེན་ཉི་མོའི་མགོན་གྱིས་རྗེས་བཟུང་བར།། གསོལ་བ་×། ། རྨད་བྱུང་མཁྱེན་རབ་བློ་བཟང་རྒྱལ་བའི་ཟླ།།ལྷག་བསམ་བྱམས་པ་སྙིང་རྗེས་མཐར་སོན་པ།།འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོ་ལ།། གསོལ་བ་×། ། གཞན་ཡང་དངོས་དང་བརྒྱུད་པའི་བཀའ་དྲིན་གྱིས། །བརྩེ་བས་གཉེན་པའི་དྲིན་ཅན་བླ་མ་མཆོག །དབང་བསྐུར་རྒྱུད་བཤད་མན་ངག་སྩོལ་རྣམས་ལ། །གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ། །དེ་ལྟར་དྭངས་བའི་ཡིད་ཀྱིས་རབ་བཏུད་ནས། ། རྩེ་གཅིག་གུས་པས་གསོལ་བ་བཏབ་པའི་མཐུས། །གནས་སྐབས་ནད་གདོན་བར་ཆད་ཀུན་ཞི་ཞིང༌། །འཆི་མེད་ཚེ་ཡི་དཔལ་ལ་སྤྱོད་པར་ཤོག །ཁྱད་པར་འདི་ཡི་སྣང་བ་འགག་པའི་ཚེ། །ཚེ་དཔག་མེད་མགོན་དགེ་སློང་དགེ་འདུན་སྡེ། །སྲས་མཆོག་གཉིས་སོགས་མཐའ་ཡས་བསུ་བ་ཡིས། །བདེ་བ་ཅན་གྱི་ཞིང་དུ་འཁྲིད་པར་ཤོག །དེ་ནས་མགོན་པོའི་ཞལ་བཟང་མངོན་གྱུར་ཅིང་། །དམ་ཆོས་གསུང་གི་བདུད་རྩི་ལེགས་མྱངས་ཏེ། །དེ་དོན་བསམས་པས་ཉོན་མོངས་ཡོངས་ཟད་ནས། །སངས་རྒྱས་གོ་འཕང་མཆོག་དེ་ཐོབ་པར་ཤོག །
     ༈ །བླ་མ་སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་མ་ཐོབ་བར་དུ་བདག་སྐྱབས་མཆི། །མར་གྱུར་འགྲོ་བ་ཀུན་གྱི་དོན་བསྒྲུབ་ཕྱིར། །བདག་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། ༈ །བདག་དང་སྣང་བ་ཐམས་ཅད་རང་བཞིན་གྱིས། །གྲུབ་པས་སྟོང་པའི་སྟོང་པ་ཉིད་དུ་གྱུར། །སྟོང་པའི་ངང་ལས་རྨ་བྱས་བཏེག་པའི་ཁྲི། །དེ་སྟེང་འདབ་སྟོང་པདྨ་ཟླ་དཀྱིལ་དབུས། །ཧྲཱིཿདམར་དེ་ལས་འོད་འཕྲོས་དོན་གཉིས་བྱས། ། ཚུར་འདུས་ཧྲཱིཿ་ཡིག་ལ་ཐིམ་ཡོངས་གྱུར་ལས། །རང་ཉིད་བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །སྐུ་མདོག་བྱུ་རུའི་ལྷུན་པོ་ལྟར་དམར་ཞིང༌། །ཞི་ཞིང་འཛུམ་ལྡན་ཞལ་གཅིག་ཕྱག་གཉིས་ཀྱི། །མཉམ་བཞག་སྟེང་ན་འཆི་མེད་བདུད་རྩི་ཡིས། །གང་བའི་བུམ་བཟང་དགོས་འདོད་ཀུན་འབྱུང་བའི། །དཔག་བསམ་ཤིང་གི་ཁ་རྒྱན་ཅན་བསྣམས་པའི། ། རལ་པའི་ཐོར་ཚུགས་རིན་ཆེན་དབུ་རྒྱན་དང༌། །སྙན་རྒྱན་མགུལ་རྒྱན་ཕྱག་ཞབས་གདུ་བུས་མཛེས། །མུ་ཏིག་སེ་མོ་དོ་དང་དོ་ཤལ་སོགས། །རིན་ཐང་བྲལ་བའི་རྣམ་མང་རྒྱན་གྱིས་བརྒྱན། །མཚན་དཔེས་སྤྲས་པའི་ལོངས་སྤྱོད་རྫོགས་སྐུ་ལ། །ན་བཟས་མཛེས་ཤིང་སྣང་ཡང་བདེན་མེད་སྐུ། །དྭངས་གསལ་འོད་ཀྱི་ཕུང་པོའི་དབུས་ཉིད་ན། །ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི། །རང་གི་བདེ་ཆེན་འཁོར་ལོར་པད་ཟླའི་སྟེང༌། ། བླ་མ་ཚེ་དཔག་མེད་མགོན་སྐུ་མདོག་དམར། །ཞལ་གཅིག་ཕྱག་གཉིས་འཆི་མེད་བདུད་རྩི་ཡིས། །གང་བའི་ལྷུང་བཟེད་བསྣམས་ཤིང་མཉམ་པར་བཞེངས། །རལ་པའི་ཐོར་ཚུགས་ལན་བུ་ཞབས་རྟིང་སླེབ། །རིན་ཆེན་དབུ་རྒྱན་ལ་སོགས་དུ་མས་སྤྲས། །དོ་ཤལ་རིན་ཆེན་གཟར་བུ་རྟིང་པར་འཕྱང༌། །མཚན་དཔེའི་དཔལ་འབར་འཇའ་ལྟར་སྣང་བར་གྱུར། ༈ །རང་དང་སྤྱི་བོའི་ཚེ་དཔག་མེད་མགོན་གྱི། །སྤྱི་བོར་ཨོཾ་དཀར་མགྲིན་པར་ཨཱཿདམར་པོ། །ཐུགས་ཀར་ཧཱུཾཿསྔོན་ཧྲཱིཿདམར་གྱིས་མཚན་ལས། །འོད་འཕྲོས་བདེ་བ་ཅན་སོགས་གནས་མཆོག་ནས། །བླ་མ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས། ། སྤྱན་དྲངས་དམ་ཚིག་པ་ཟུང་སྤྱི་བོར་བྱོན། །ཛཿཧཱུཾ་བཾ་ཧོཿདབྱེར་མེད་རོ་གཅིག་གྱུར། ། སླར་ཡང་ཐུགས་ཀའི་ཧཱུཾ་ཧྲཱིཿའི་འོད་ཟེར་གྱིས། །རང་བཞིན་གནས་ནས་རིགས་ལྔ་འཁོར་དང་བཅས། །སྤྱན་དྲངས་དབང་བསྐུར་ལུས་གང་བདེ་བ་མྱོང༌། །དྲི་མ་ཀུན་དག་ཆུ་ལྷག་ཡོངས་གྱུར་ལས། །བླ་མ་འོད་དཔག་མེད་ཀྱིས་དབུ་ལ་བརྒྱན། །དེ་ནས་ཡན་ལག་བདུན་པ་འབུལ་བ་ནི། ༈ །འཇིག་རྟེན་འདྲེན་པའི་གཙོ་བོ་ཞེས་སོགས་དང༌། །གྲུབ་པའི་རྒྱལ་མོ་གསང་སྔགས་སྡོང་པོ་དང༌། །རྡོ་རྗེ་གྲགས་པ་དབང་ཕྱུག་མིད་ལ་རྗེ། ། དངོས་གྲུབ་འབྱུང་གནས་རྩ་བརྒྱུད་བླ་མ་ལ། །ཕྱག་འཚལ་འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །ཡིད་འོང་དངོས་འབྱོར་ཡིད་སྤྲུལ་མཆོད་ཚོགས་འབུལ། །སྡིག་ལྟུང་ཀུན་བཤགས་དགེ་ལ་རྗེས་ཡི་རང༌། །འགྲོ་ལ་ཐེག་ཆེན་ཆོས་འཁོར་བསྐོར་བའི་ཕྱིར། །རྟག་པར་བཞུགས་གསོལ་དགེ་རྩ་བྱང་ཆེན་བསྔོ། ༈ །ཉི་གཞོན་འཆར་ཀའི་མདངས་དང་ལི་ཁྲི་ལྟར། ། ཡིད་འོང་དམར་སེར་དྲ་བས་ཁེབས་པ་ཡི། །འདབ་སྟོང་གེ་སར་རྩེ་ན་ཟླ་གདན་ལ། ། ཧྲཱིཿལས་བྱུང་བའི་མགོན་པོ་ཚེ་དཔག་མེད། །པདྨ་རཱ་གའི་ལྷུན་པོ་དབང་པོའི་གཞུས། ། ཀུན་ནས་ཀླུབས་པ་ཇི་བཞིན་ཁྱོད་ཀྱི་སྐུ། །སྣ་ཚོགས་གོས་དང་ནོར་བུའི་རྒྱན་མང་གིས། །ཀུན་ནས་མཛེས་པར་བྱས་ལ་ཕྱག་འཚལ་ལོ། །འཁྲི་ཞིང་གཞོན་ནུའི་ཡལ་འདབ་ལྟར་མཉེན་པའི། །ཕྱག་གཉིས་དབུས་ན་འཆི་མེད་བདུད་རྩི་ཡིས། །ལེགས་པར་གང་བའི་ལྷུང་བཟེད་རབ་བསྣམས་ནས། །ཚེ་ཡི་དངོས་གྲུབ་སྩོལ་ལ་ཕྱག་འཚལ་ ལོ། ། བུང་བ་ལྟར་ནག་རལ་པའི་ཐོར་ཅོག་ནི། །སྤྱི་བོར་མཛེས་པའི་ལན་བུ་རིང་དུ་འཕྱང༌། ། འཇམ་མཉེན་སྣ་ཚོགས་དར་གྱི་སྨད་གཡོགས་ཅན། །མཚན་དཔེའི་གཟི་བརྗིད་འབར་ལ་ཕྱག་འཚལ་ལོ། །ཤུགས་དྲག་དད་པས་བསྐྱོད་པའི་ཐལ་སྦྱར་ཞིང༌། །ཡིད་འཕྲོག་ཤིན་ཏུ་སྙན་པའི་ང་རོ་ཡིས། །ཁྱོད་ཀྱི་ཡོན་ཏན་ལེགས་པར་བརྗོད་པ་ལ། །ལེགས་ཚོགས་ཐམས་ཅད་སྩོལ་ལ་ཕྱག་འཚལ་ལོ། །ཡེ་ཤེས་མཚོན་གྱིས་མི་ཤེས་དྲ་བ་བཅད། ། སེམས་ཅན་ཀུན་ལ་ཐུགས་རྗེ་རྒྱུན་ཆད་མེད། །འགྲོ་ཀུན་འདྲེན་པའི་ཁུར་གྱིས་མི་ངལ་བ། །གཏན་གྱི་སྐྱབས་གནས་ཁྱོད་ལ་ཕྱག་འཚལ་ལོ། །མཚན་ཙམ་བཟུང་བས་དུས་མིན་འཆི་བ་འཇོམས། །ཡིད་ལ་དྲན་པས་སྲིད་ཞིའིི་འཇིགས་ལས་སྐྱོབས། །སྐྱབས་སུ་བསྟེན་ན་གཏན་གྱི་བདེ་སྟེར་བ། །ཁྱོད་ལ་རྣམ་པ་ཀུན་ཏུ་ཕྱག་འཚལ་ལོ། །སྐྱོན་བྲལ་ཁྱོད་ལ་གུས་པས་བསྟེན་པ་བདག །གནས་སྐབས་མི་འདོད་ཉེར་འཚེ་ཞི་བ་དང༌། ། མཐར་ཐུག་བདེ་བ་ཅན་དུ་པདྨོ་ལས། །རྫུས་ཏེ་སྐྱེས་ནས་ཁྱོད་མཉེས་བགྱིད་པར་ཤོག ། དེ་ལྟར་གསོལ་བ་བཏབ་པས་སྤྱི་བོ་ཡི། །བླ་མ་ཚེ་དཔག་མེད་མགོན་བདག་ཉིད་ལ། ། དགྱེས་ཤིང་ཐིམ་ནས་དབྱེར་མེད་གཅིག་གྱུར་པའི། །ཐུགས་ཀར་ཟླ་སྟེང་ཧྲཱིཿས་མཚན་གི་གུའི་ནང༌། །ཟླ་སྟེང་དཔལ་ལྡན་བླ་མ་དགེ་སློང་ཚུལ། །འཁོད་པའི་ཧྲཱིཿཡིག་མཐའ་སྐོར་སྔགས་འཕྲེང་གིས། །བསྐོར་བའི་སྔགས་འཕྲེང་ས་བོན་བཅས་པ་ལས། །འོད་འཕྲོས་འབྱུང་བ་ལྔ་ཡི་ནུས་པ་དང༌། །བླ་མ་ཡི་དམ་མཆོག་གསུམ་ལ་སོགས་པའི། །སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ཀྱི། །བྱིན་རླབས་རིགས་དྲུག་སེམས་ཅན་མ་ལུས་པའི། །ཚེ་དང་བསོད་ནམས་གཟུངས་སྔགས་ནུས་མཐུ་སོགས། །འཆི་མེད་བདུད་རྩི་འོད་ཟེར་རྣམ་པར་བཀུག །རྗེ་བཙུན་བླ་མའི་བདེ་ཆེན་འཁོར་ལོ་ནས། །ཞུགས་པའི་སྐུ་གསུང་ཐུགས་ཀྱི་སྡིག་སྒྲིབ་དང༌། །སྐུ་ཚེ་བར་གཅོད་ཐམས་ཅད་ཉེར་ཞི་ཞིང༌། །འཆི་མེད་རྡོ་རྗེའི་སྐུ་མཆོག་ཐོབ་པར་གྱུར། ༈ ཨོཾ་ན་མོ་བྷ་ག་ཝ་ཏེ་ཨ་པ་རི་མི་ཏཱ་ཨཱ་ཡུཛྙཱ་ན་སུ་བི་ནིཥྩིཏ་ཏེ་ཙོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་ཡུདྡྷཱ་ཡ། ཏདྱཐཱ། པུཎྱེ་པུ་ཎྱེ་མཧཱ་པུཎྱེ། ཨ་པ་རི་མི་ཏཱ་པུཎྱེ། ཨ་པ་རི་མི་ཏཱ་པུཎྱེ། ཛྙཱ་ན་སཾ་བྷ་རོ་པ་ཙི་ཏི། ཨོཾ་སརྦ་སཾ་སྐ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུདྒ་ཏེ་སྭབྷཱ་ཝ་བི་ཤུད་དྷེ་མཧཱ་ན་ཡ་པ་རི་ཝཱ་རི་ཡེ་སྭཱཧཱ། །ཅི་མང་བཟླ། ༈ དགེ་བ་འདི་ཡིས་མྱུར་དུ་བདག །ཚེ་དཔག་མེད་མགོན་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ལྷག་པ་དང་ནི་ཆད་པ་དང༌། །ཆོ་གའི་ཡན་ལག་ཉམས་པ་དང༌། །བདག་གིས་བརྗེད་ངས་ཅི་མཆིས་པ། །དེ་ཡང་བཟོད་པར་མཛད་དུ་གསོལ། ༈ སྲས་བཅས་རྒྱལ་བ་ཀུན་གྱི་བྱིན་རླབས་དང༌། །བདག་གིས་རྩེ་གཅིག་བསྒྲུབས་ཤིང་གསོལ་བཏབ་མཐུས། །རྗེ་བཙུན་བླ་མ་མི་གཞིག་རྡོར་རྗེའི་ཁྲིར། །ཚེ་མཐའ་ཡས་པའི་མགོན་བཞིན་རྟག་བརྟན་ཤོག །རྡོ་རྗེའི་སྐུ་ལ་སྐྱེ་འཆི་མི་མངའ་ཡང༌། །ཟུང་འཇུག་དབང་གི་རྒྱལ་པོའི་ཟ་མ་ཏོག །བདག་ཅག་མོས་པ་ཇི་བཞིན་སྲིད་མཐའི་བར། །མྱ་ངན་མི་འདའ་རྟག་པར་བཞུགས་སུ་གསོལ། ། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་ལྟར། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང༌། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང༌། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །གཞན་ཡང་འདི་ལྟར་བསྐྲུན་པའི་དགེ་ཚོགས་མཐུས། །བདག་སོགས་བདེ་ལྡན་པདྨོར་རྫུས་སྐྱེས་ཏེ། །མགོན་པོ་འཁོར་བཅས་ཞལ་བཟང་མཐོང་བ་དང༌། །ཐེག་མཆོག་ཆོས་ལ་སྤྱོད་པའི་སྐལ་ལྡན་ཤོག །དུས་མིན་འཆི་བའི་མཚན་མ་མཐོང་བ་ན། །དེ་ཡི་མོད་ལ་ཚེ་དཔག་མེད་མགོན་སྐུ། །གསལ་བར་མཐོང་ནས་འཆི་བདག་དཔལ་བཅོམ་སྟེ། །འཆི་མེད་རིག་འཛིན་མྱུར་དུ་ཐོབ་པར་ཤོག །ཚེ་དཔག་མེད་མགོན་ཁྱེད་སྐུ་ཅི་འདྲ་དང༌། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང༌། །ཁྱོད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག ། རྒྱལ་མཚན་རྩེ་མོར་དབང་གི་རྒྱལ་པོ་ལྟར། །ལྷག་པའི་ལྷ་ཡི་གཙུག་གི་རྒྱན་གྱུར་པ། ། སྒྲུབ་པ་པོ་ལ་དངོས་གྲུབ་མཆོག་སྩོལ་བའི། །དཔལ་ལྡན་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །འདི་རྗེ་བཙུན་བློ་བཟང་ཡེ་ཤེས་དཔལ་བཟང་པོས་མཛད་པའོ།། །།


གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
རྩོམ་ཁུངས། རྩོམ་འདིའི་སྦྲེལ་ཐགhttp://www.tb1025.cn
 

བརྒྱུད་འགོད།