གཏོར་མ་བརྒྱ་རྩ་ཆ་ལག་ཚང་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-03-21 23:08:45         ཀློག་ཐེངས།  

                                       87149606300973026.jpg                            

        ན་མོ་གུ་རུ་ལོ་ཀེ་ཤྭ་རཱཡ། གཏོར་མ་བརྒྱ་རྩ་གཏོང་བར་འདོད་པས། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པད་དཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཉིད་ཧྲཱིཿདཀར་པོ་དེ་ལས་འོད་འཕྲོས་དོན་གཉིས་བྱས་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་འཕགས་པ་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ། དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་འོག་མས་ཤེལ་འཕྲེང་དང་། གཡོན་འོག་མས་པདྨ་འཛིན་པ། མཚན་དཔེའི་འོད་འབར་ཞིང་། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟས་ཀླུབས་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་སྤྱི་བོར་ༀ། མགྲིན་པར་ཨཱ། །ཐུགས་ཀར་ཧྲཱིཿཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས་པོ་ཊ་ལ་ནས་ཡེ་ཤེས་པ་དང་དབང་གི་ལྷ་རྣམས་སྤྱན་དྲངས། ཛཿཧཱུྃ་བ༚་ཧོཿ།རང་དང་གཉིས་སུ་མེད་པར་གྱུར། དབང་གི་ལྷས་དབང་བསྐུར། འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། མཆོད་གཏོར་རྣམས་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རང་གི་མདུན་དུ་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ༀ་ལས་མཆོད་རྫས་སམ་གཏོར་མ་དྭངས་ཤིང་ཐོགས་པ་མེད་པ་ཟག་པ་མེད་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱ། །ཧཱུྃ་ལན་གསུམ་གྱི་བྱིན་གྱིས་བརླབས། ཨཱརྱ་ལོ་ཀེ་ཤྭ་ར་ཨརྒྷཾ། པཱ་ཏྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་ཏྱ། ཤཔྟ། པྲ་ཏཱི་ཙྪ་སྭཱཧཱ། སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱིས་དབུ་ལ་བརྒྱན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །བླ་མ་ཡི་དམ་དཀོན་མཆོག་སྲི་ཞུའི་མགྲོན། །མགོན་པོ་ཡོན་ཏན་རིགས་དྲུག་སྙིང་རྗེའི་མགྲོན། །གདོན་བགེགས་ལན་ཆགས་མགྲོན་རྣམས་མ་ལུས་པ། །མཆོད་སྦྱིན་གནས་འདིར་གཤེགས་ཤིང་བརྟན་པར་བཞུགས། །ཀ་མ་ལ་ཡེ་སྟྭཾ། བདེ་ཆེན་དངོས་གྲུབ་ཆར་འབེབས་ཡིད་བཞིན་ནོར། །རྩ་བརྒྱུད་བླ་མ་ཡི་དམ་དཀོན་མཆོག་གསུམ། །དཔའ་བོ་དཔའ་མོ་ཆོས་སྐྱོང་སྲུང་མ་ལ། །སྒོ་གསུམ་གུས་པས་སོ་སོར་ཕྱག་འཚལ་ལོ། །ༀ་ཨཱ། །གུ་རུ་བཛྲ་སརྦ་བུད་དྷ་བོ་དྷི་སཏྭ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུྃ་སྭཱཧཱ། ཞེས་པ་ནས་ཤཔྟ་པྲ་ཏཱི་ཙྪ་ཧཱུྃ་སྭཱཧཱ། ཞེས་པའི་བར་གྱིས་མཆོད། ཞལ་ཟས་རོ་བརྒྱ་ལྡན་པའི་ཡིད་འཕྲོག་པ། །ལེགས་སྦྱར་འདི་ནི་རྒྱལ་བ་སྲས་བཅས་ལ། །དད་པས་ཕུལ་བས་འགྲོ་བ་འདི་དག་ཀུན། །འབྱོར་ལྡན་ཏིང་འཛིན་ཟས་ལ་སྤྱོད་པར་ཤོག །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་། །སྣང་གསལ་དྲི་ཆབ་ཞལ་ཟས་རོལ་མོ་སོགས། །དངོས་བཤམས་ཡིད་སྤྲུལ་མཆོད་པ་མ་ལུས་འབུལ། །ཐོག་མེད་ནས་བསགས་སྡིག་ལྟུང་ཐམས་ཅད་བཤགས། །སྐྱེ་འཕགས་དགེ་བ་རྣམས་ལ་རྗེས་ཡི་རང་། །འཁོར་བ་མ་སྟོངས་བར་དུ་ལེགས་བཞུགས་ནས། །འགྲོ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །བདག་གཞན་དགེ་རྣམས་བྱང་ཆུབ་ཆེན་པོར་བསྔོ། །འགྲོ་བའི་སྒྲོན་མེ་རྒྱལ་བ་སྲས་བཅས་ལ། །དྲི་ཞིམ་བདུད་རྩིའི་ཁྲུས་ཆབ་འདི་གསོལ་བས། །འགྲོ་བའི་སྒྲིབ་གཉིས་དྲི་མ་ཀུན་བྱང་ནས། །དྲི་བྲལ་སྐུ་གསུམ་ཐོབ་པར་བྱིན་གྱིས་རློབས། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཨཱ། །ཧཱུྃ། འཕགས་པ་སྤྱན་རས་གཟིགས་དབང་གི་། ཕྱག་ནས་འབབ་པའི་འོ་རྒྱུན་གྱིས། །ཡི་དྭགས་རྣམས་ནི་ཚིམ་བྱས་ཤིང་། །ཁྲུས་བྱས་རྟག་ཏུ་བསིལ་བར་ཤོག །ༀ་ཨཱ། །ཧྲཱིཿཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ། ༀ་ཛྭ་ལ་མི་དཾ་སརྦ་པྲེ་ཏ་བྷྱ། །སྭཱཧཱ། ༀ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ས་མནྟ་སྥ་ར་ཎཱ་ར་སྨི་བྷ་ཝས་མ་ཡ་མཧཱ་མ་ཎི་དུ་རུ་དུ་རུ་ཧྲི་ད་ཡ་ཛཱ་ལ་ནི་སྭཱཧཱ། སྲིད་པ་བར་དོའི་འགྲོ་ཀུན་ལ། །ཆུ་ཡི་སྦྱིན་པ་འདི་སྦྱིན་པས། །འཇིགས་སྐྲག་སྡུག་བསྔལ་ལས་གྲོལ་ཏེ། །དག་པའི་ཞིང་དུ་བགྲོད་པར་ཤོག །ན་མོ་རཏྣ་ཏྲ་ཡཱ་ཡ། ༀ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ། །པ་རཾ་པ་རཱ་ཎི་མ་སརྦ་སཏྭ་ནན་སྭཱཧཱ། གཞན་ཡང་ཆུ་ཡི་སྦྱིན་པ་འདི་ལ་བརྟེན་ནས་ཀླུའི་རྒྱལ་པོ་དགའ་བོ་དང་ཉེར་དགའ་ལ་སོགས་པ་སྲིད་པ་ཆུ་ཀླུང་གི་བདག་པོ་དང་། གཞི་བདག་གཉུག་མར་གནས་པ་དང་། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སྦྱིན་པ་དམ་པ་སེམས་ཀྱི་རྒྱན་དུ་གྱུར་ཅིག །སྦྱིན་པ་དམ་པ་སེམས་ཀྱི་རྒྱན་དུ་གྱུར་ནས་དོན་གྱི་མཆོག་རྣལ་འབྱོར་གྱི་ཡོ་བྱད་དམ་པ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་སོགས་ལན་གསུམ་དང་། དེ་ནས་ༀ་བཛྲ་ཨ་མྲྀ་ཏ་ཞེས་པ་ནས་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཞེས་པའི་བར་གོང་ལྟར་བྱས་ནས། ༀ་ཨཱ། །ཧཱུྃ་ལན་གསུམ་གྱི་བྱིན་གྱིས་བརླབས་ཏེ། མགྲོན་སོ་སོས་བདུད་རྩི་གསོལ་བས་ཚིམས་ཤིང་དགྱེས་པར་གྱུར། དེ་ནས། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ༀ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། །ལན་བཅུ་རེ་བརྗོད་པ་རྣམས་སོ་སོར་འདྲ་བར་བྱས་ནས། ༀ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། ཕུན་ཚོགས་འདོད་ཡོན་ལྔ་ལྡན་པའི། །བདུད་རྩིའི་རྒྱ་མཚོའི་གཏོར་མ་འདི། །དྲིན་ཅན་རྩ་བརྒྱུད་བླ་མ་དང་། །རྒྱུད་སྡེ་བཞི་འབྲེལ་ལྷ་ཚོགས་དང་། །དུས་གསུམ་བདེ་གཤེགས་དམ་པའི་ཆོས། །ཚོགས་བཅས་དཀོན་མཆོག་གསུམ་ལ་འབུལ། །ཚད་མེད་ཐུགས་རྗེས་ལེགས་བཞེས་ནས། །སངས་རྒྱས་བསྟན་པ་རྒྱས་པ་དང་། །བདག་དང་མ་གྱུར་སེམས་ཅན་རྣམས། །དཀོན་མཆོག་གསུམ་དང་མི་འབྲལ་ཞིང་། །ཆོས་དང་དཔལ་འབྱོར་རྒྱས་པ་དང་། །སངས་རྒྱས་ཐོབ་པར་བྱིན་གྱིས་རློབས། །ཕུན་ཚོགས་འདོད་ཡོན་ལྔ་ལྡན་པའི། །བདུད་རྩིའི་རྒྱ་མཚོའི་གཏོར་མ་འདི། །མྱུར་མཛད་མགོན་པོ་འཁོར་བཅས་དང་། །ཆོས་ཀྱི་རྒྱལ་པོ་རྣམ་ཐོས་སྲས། །གུར་མགོན་ཞལ་དང་ཕྱག་བཞི་པ། །དམག་ཟོར་དྲེགས་པ་ལྕམ་སྲིང་དང་། །གཙང་མའི་རིགས་ཀྱི་མགོན་པོ་སོགས། །ཆོས་བཞིན་སྐྱོང་བ་ཐམས་ཅད་དང་། །གནས་གསུམ་དག་ན་བཞུགས་པ་ཡི། །དཔའ་བོ་མཁའ་འགྲོའི་ཚོགས་ལ་འབུལ། །འགྲོ་ལ་ཕན་བདེ་འབྱུང་བའི་གཞི། །བསྟན་པ་བསྲུང་ཞིང་སྐྱོང་བ་དང་། །འཕྲིན་ལས་བཞི་ཡི་དངོས་གྲུབ་སྩོལ། །ཕུན་ཚོགས་འདོད་ཡོན་ལྔ་ལྡན་པའི། །བདུད་རྩིའི་རྒྱ་མཚོའི་གཏོར་མ་འདི། །དྲང་སྲོང་ཆེན་པོ་མཆོག་བརྒྱད་དང་། །གཞན་ཡང་ལྷ་མིའི་ནང་གནས་པའི། །བདེན་ཚིག་གྲུབ་པ་རྣམས་ལ་འབུལ། །བཞེས་ནས་བསྟན་པ་རིན་པོ་ཆེ། །ཕྱོགས་དུས་ཀུན་དུ་རྒྱས་པ་དང་། །འགྲོ་ཀུན་བདེ་ཞིང་སྐྱིད་པ་དང་། །ཁྱད་པར་བདག་དང་སེམས་ཅན་རྣམས། །མྱུར་དུ་སངས་རྒྱས་ཐོབ་འགྱུར་བའི། །མཐུན་རྐྱེན་ཇི་ལྟར་བསམ་པ་བཞིན། །ཐོགས་མེད་འགྲུབ་པའི་སྨོན་ལམ་མཛོད། །ཕུན་ཚོགས་འདོད་ཡོན་ལྔ་ལྡན་པའི། །བདུད་རྩིའི་རྒྱ་མཚོའི་གཏོར་མ་འདི། །ཛཾ་བྷ་ལ་དང་ནོར་རྒྱུན་མ། །ཨ་པ་ར་ནི་ཙིཧྟ་སོགས། །ནོར་ལྷ་གནོད་སྦྱིན་ཚོགས་རྣམས་དང་། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ལྷན་ཅིག་སྐྱེས་ཤིང་འཚོ་བའི་ལྷ། །བསྲུང་ཞིང་སྐྱོང་བ་རྣམས་ལ་འབུལ། །བཞེས་ནས་རྣལ་འབྱོར་བདག་ཅག་རྣམས། །ལོག་པའི་འཚོ་བས་མི་འཚོ་བར། །ཆོས་མཐུན་འཚོ་བས་འཚོ་བ་དང་། །བསམས་པ་ཆོས་བཞིན་འགྲུབ་པར་མཛོད། །དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །ཕུན་ཚོགས་འདོད་ཡོན་ལྔ་ལྡན་པའི། །བདུད་རྩིའི་རྒྱ་མཚོའི་གཏོར་མ་འདི། །ས་ཡི་ལྷ་མོ་བསྟན་མ་སོགས། །སྟོང་གསུམ་གཞི་བདག་ཚོགས་རྣམས་དང་། །ཚེ་རིང་མཆེད་ལྔ་བསྟན་སྐྱོང་བཅས། །གངས་ཅན་གནས་པ་ཐམས་ཅད་དང་། །ཁྱད་པར་ཡུལ་ཕྱོགས་འདི་ཉིད་ཀྱི། །ཡུལ་ལྷ་གཞི་བདག་རྣམས་ལ་འབུལ། །བཞེས་ནས་བདག་ཅག་ཡོན་མཆོད་རྣམས། །ལས་དང་བྱ་བ་ཅི་བྱེད་ཀྱང་། །ཀོ་སློང་ཕྲག་དོག་མ་མཛད་པར། །མཐུན་རྐྱེན་ཡིད་བཞིན་འགྲུབ་པར་མཛོད། །ཕུན་ཚོགས་འདོད་ཡོན་ལྔ་ལྡན་པའི། །བདུད་རྩིའི་རྒྱ་མཚོའི་གཏོར་མ་འདི། །རྟ་བདག་བརྒྱད་སོགས་གནོད་སྦྱིན་གྱི། །སྡེ་དཔོན་ཆེན་པོ་མ་ལུས་དང་། །འཕྲོག་མ་བུ་དང་བཅས་པ་སོགས། །སངས་རྒྱས་མཐོང་དང་མ་མཐོང་བའི། །མི་མིན་མཐུ་ཆེན་རྣམས་ལ་འབུལ། །བཞེས་ནས་བསྟན་པ་བསྲུང་བ་དང་། །མ་གྱུར་བྱམས་པས་སྐྱོང་བ་དང་། །ཁྱད་པར་བདག་ཅག་ཆོས་སྒྲུབ་པའི། །འགལ་རྐྱེན་སོལ་ལ་མཐུན་རྐྱེན་སྒྲུབས། །ཕུན་ཚོགས་འདོད་ཡོན་ལྔ་ལྡན་པའི། །བདུད་རྩིའི་རྒྱ་མཚོའི་གཏོར་མ་འདི། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་། །གདོན་རིགས་སུམ་བརྒྱ་དྲུག་ཅུ་དང་། །བྱིས་པའི་གདོན་ཆེན་བཅོ་ལྔ་སོགས། །སྟེ་འོག་བར་གསུམ་དབྱེ་བ་ཡིས། །གདོན་བགེགས་འབྱུང་པོ་རྣམས་ལ་བསྔོ། །མཆོད་སྦྱིན་གཏོར་མས་ཚིམས་གྱུར་ནས། །ནད་ཡམས་འཁྲུག་པ་མུ་གེ་དང་། །སད་སེར་ཐན་པ་མ་གཏོང་བར། །ཕ་མར་གྱུར་པའི་འགྲོ་ཀུན་ལ། །ཕན་བདེའི་བསམ་སྦྱོར་བསྟེན་པར་ཤོག །ཕུན་ཚོགས་འདོད་ཡོན་ལྔ་ལྡན་པའི། །བདུད་རྩིའི་རྒྱ་མཚོའི་གཏོར་མ་འདི། །འགྲོ་བ་རིགས་དྲུག་ལམ་རྒྱུད་ལྔ། །སྐྱེ་གནས་རྣམ་པ་བཞིས་བསྡུས་པའི། །དྲིན་ཅན་ཕ་མར་གྱུར་པ་ཡི། །མཁའ་མཉམ་འགྲོ་བའི་ཚོགས་ལ་འབུལ། །མཆོད་སྦྱིན་གཏོར་མས་ཚིམ་གྱུར་ནས། །རིགས་དྲུག་སྡུག་བསྔལ་ལས་གྲོལ་ཏེ། །ངེས་འབྱུང་བྱང་ཆུབ་སེམས་ཉིད་དང་། །ཡང་དག་ལྟ་བས་རྒྱུད་ཕྱུག་ཅིང་། །ཕ་རོལ་ཕྱིན་དྲུག་ཡོངས་རྫོགས་ནས། །བླ་མེད་བྱང་ཆུབ་ཐོབ་པར་ཤོག །ཕུན་ཚོགས་འདོད་ཡོན་ལྔ་ལྡན་པའི། །བདུད་རྩིའི་རྒྱ་མཚོའི་གཏོར་མ་འདི། །ཡི་དྭགས་རྒྱལ་མོས་གཙོ་བྱས་པའི། །ཕྱི་ནང་ཟས་སྐོམ་སྒྲིབ་པ་ཅན། །བྱིངས་ན་གནས་དང་ཁ་འཐོར་བའི། །ཡི་དྭགས་ཚོགས་རྣམས་ཀུན་ལ་བསྔོ། །མཆོད་སྦྱིན་གཏོར་མས་ཚིམ་གྱུར་ནས། །བཀྲེས་སྐོམ་སྡུག་བསྔལ་ལས་གྲོལ་ཏེ། །སེར་སྣ་ལ་སོགས་སྒྲིབ་པ་གཉིས། །བག་ཆགས་བཅས་པ་ཡོངས་སུ་དག །སྦྱིན་པའི་ཕར་ཕྱིན་ཡོངས་རྫོགས་ནས། །ནམ་མཁའ་མཛོད་ལ་དབང་འབྱོར་ཤོག །ཕུན་ཚོགས་འདོད་ཡོན་ལྔ་ལྡན་པའི། །བདུད་རྩིའི་རྒྱ་མཚོའི་གཏོར་མ་འདི། །ཐོག་མེད་དུས་ནས་ད་ལྟའི་བར། །བསད་དང་བཅིངས་དང་བརྡེག་པ་དང་། །ཕྲོགས་དང་བརྐུས་ལ་སོགས་པ་ཡིས། །ལན་ཆགས་ཤ་འཁོན་གཉེར་བ་དང་། །བུ་ལོན་ཆགས་པ་རྣམས་ལ་བསྔོ། །མཆོད་སྦྱིན་གཏོར་མས་ཚིམ་གྱུར་ནས། །ལན་ཆགས་ཤ་འཁོན་མ་ལུས་དག །བུ་ལོན་རྣམས་ཀྱང་ཁྱེར་གྱུར་ནས། །མྱུར་དུ་རྫོགས་པའི་སངས་རྒྱས་ཀྱི། །གོ་འཕང་དམ་པ་ཐོབ་པར་ཤོག །ཕུན་ཚོགས་འདོད་ཡོན་ལྔ་ལྡན་པའི། །བདུད་རྩིའི་རྒྱ་མཚོའི་གཏོར་མ་འདི། །མདངས་ནང་བསད་པ་ཤི་བ་དང་། །ལྕེབས་ཤིང་ཤི་བ་སྐྱེ་སྲིད་དུ། །ལུས་མ་ཐོབ་ཅིང་བར་དོ་རུ། །རིག་པ་བརྟན་མེད་འཁྱམས་པ་ཡི། །བར་དོའི་སེམས་ཅན་རྣམས་ལ་བསྔོ། །མཆོད་སྦྱིན་གཏོར་མས་ཚིམས་གྱུར་ནས། །བླ་མ་ཡི་དམ་དྲན་པ་དང་། །བར་དོ་བར་དོར་ངོ་ཤེས་ནས་། །འཇིགས་པའི་སྒྲ་བཞི་ཡ་ང་བའི། །གཡང་ས་གསུམ་ལ་སོགས་པ་ཡི། །འཇིགས་སྐྲག་སྡུག་བསྔལ་ལས་གྲོལ་ཏེ། །ལོངས་སྤྱོད་རྫོགས་སྐུ་ཐོབ་པར་ཤོག །ཕུན་ཚོགས་འདོད་ཡོན་ལྔ་ལྡན་པའི། །བདུད་རྩིའི་རྒྱ་མཚོའི་གཏོར་མ་འདི། །བློ་བུར་ལྷགས་ཤིང་སྐལ་བ་ཆད། །ཁས་ཞན་དབང་ཆུང་གྱུར་པ་དང་། །ལྷག་ལ་རེ་བར་གྱུར་པའི་མགྲོན། །ཇི་སྙེད་མཆིས་པ་རྣམས་ལ་བསྔོ། །རང་རང་ཇི་ལྟར་འདོད་པ་ཡི། །འདོད་དགུའི་ཆར་གྱིས་ཚིམ་གྱུར་ནས། །མི་བཟད་སྡུག་བསྔལ་འབྱུང་བའི་སྒོ། །ཆགས་སྡང་མི་དགེའི་སེམས་ཞི་ཞིང་། །རིན་ཆེན་བྱང་ཆུབ་སེམས་མཆོག་དང་། །སྲིད་པའི་རྩ་བ་དྲུང་འབྱིན་པའི། །ཤེས་རབ་མཆོག་གིས་རྒྱུད་གང་ནས། །སྐུ་གསུམ་མངོན་དུ་འགྱུར་བར་ཤོག །བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་བྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །འཕགས་པ་རྣམས་ལ་མཆོད་པ་དང་། །སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པར། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་བདེན་སྟོབས་དང་། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །ཅེས་མདོར་བསྡུས་སམ། རྒྱས་པར་ན་དེའི་མཇུག་ཏུ། སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་པ་ཆུ་ལྦུར་དང་། །རྨི་ལམ་གློག་དང་སྤྲིན་ལྟ་བུ། །འདུས་བྱས་ཆོས་རྣམས་དེ་ལྟར་བལྟ། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་ལེགས་པ་ཡིན། །དེ་བཞིན་ཡིད་ཀྱི་སྡོམ་པ་ལེགས། །ཐམས་ཅད་བསྲུང་བའི་དགེ་སློང་དག །སྡུག་བསྔལ་ཀུན་ལས་གྲོལ་བར་འགྱུར། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་འབྱུང་། །ཆོས་རྣམས་དེ་ལྟར་ཤེས་པར་གྱིས། །དེ་ལྟར་ཡེ་ཤེས་པ་བདག་ཉིད་ལ་ཐིམ་ཞིང་། འཇིག་རྟེན་པ་རྣམས་ཟང་ཟིང་གི་སྦྱིན་པས་རྒྱུད་སྨིན། ཆོས་ཀྱི་སྦྱིན་པས་རྒྱུད་གྲོལ་ནས་རང་གནས་སུ་གཤེགས་པར་གྱུར། དེ་ནས་སྨོན་ལམ་ནི། འདི་ལྟར་བགྱིས་པའི་བསོད་ནམས་དང་། །བདག་གི་དུས་གསུམ་དགེ་བའི་མཐུས། །ཉམ་ཐག་འགྲོ་བ་མཐའ་དག་གི། །མགོན་སྐྱབས་དམ་པར་བདག་གྱུར་ཅིག །ཚ་གདུང་དམྱལ་བའི་འཇིགས་པ་རྣམས། །སྐྱོབ་བྱེད་བསིལ་བའི་ཆར་དང་ནི། །གྲང་བའི་དམྱལ་བ་མཐའ་དག་གི། གདུང་སེལ་ཉི་མའི་མཆོག་གྱུར་ཅིག །རོ་བརྒྱའི་ཟས་སྐོམ་རྒྱ་མཚོ་ཡིས། །ཡི་དགས་མ་ལུས་དབུགས་འབྱིན་ཅིང་། །བཀོལ་སྤྱད་རྨོངས་པའི་མུན་སེལ་བའི། །སྒྲོན་མེའི་མཆོག་ཏུ་བདག་གྱུར་ཅིག །ཕྲག་དོག་འཐབ་རྩོད་སྡུག་བསྔལ་གྱི། །མདའ་ཆར་འབབ་ལ་གོ་ཆ་དང་། །འཆི་འཕོ་ལྟུང་བའི་ཆུ་འཁྲུག་པར། །སྒྲོལ་བྱེད་བརྟན་པོའི་གཟིངས་གྱུར་ཅིག །འཇིགས་རུང་སྐྱེ་རྒ་ན་འཆི་ཡི། །རིམས་ནད་དྲག་པོས་གཙེས་པ་ལ། །ཉོན་མོངས་ནད་ཀུན་སེལ་བྱེད་པའི། །སྨན་པའི་མཆོག་ཏུ་བདག་གྱུར་ཅིག །བདག་ནི་དབུལ་ཞིང་ཕོངས་རྣམས་ལ། །འདོད་དགུ་འབྱུང་བའི་གཏེར་ཆེན་དང་། །གཉེན་དང་བྲལ་བས་གདུངས་རྣམས་ཀྱི། །གཉེན་དང་བཤེས་སུ་ངེས་གྱུར་ཅིག །བདག་ཀྱང་ཚེ་རབས་ཐམས་ཅད་དུ། །དལ་འབྱོར་རྟེན་བཟང་དགེ་བའི་བཤེས། །ཡིད་བཞིན་ནོར་བུ་སྤྱི་བོར་འཛིན། །ཐོས་བསམ་སྒོམ་པའི་གྲུར་ཞུགས་ནས། །སྐུ་གསུམ་གླིང་དུ་ཕྱིན་གྱུར་ཅིག །འདི་རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་ལེགས་པར་སྦྱར་བའོ། །། །

 

གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
རྩོམ་ཁུངས། རྩོམ་འདིའི་སྦྲེལ་ཐགhttp://www.tb1025.cn
 

 

 

བརྒྱུད་འགོད།